ངོས་དང་པོ > གསོ་རིག > གསོ་རིག་གཞུང་ལུགས། > ༄༅། །རྒྱུ་ལྷག་ལ་ཡུལ་སྐད་དུ་མ་ཞུ་བ་ཟེར་བའི་སྐོར་གྱི་བགྲོ་གླེང་།
༄༅། །རྒྱུ་ལྷག་ལ་ཡུལ་སྐད་དུ་མ་ཞུ་བ་ཟེར་བའི་སྐོར་གྱི་བགྲོ་གླེང་།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-06-09 08:45:58
ཀློག་གྲངས།:
གནའ་མི་རྒན་པ་ཚོས་ཁ་བརྡ་བྱེད་དུས་སྔོན་མ་ཅིག་ཅིག་གི་ཕ་རྒན་དགའ་ལྡན་པོ་དང་། ཉུག་ཉུག་ཚང་གི་བླ་གསང་པོ་སོགས་ཚོང་ལ་སོང་བའི་ལམ་བར་དུ་གན་གན་ཚང་གི་མཐོ་རིས་པོ་མ་ཞུ་བ་རུ་སོང་ནས་ཤི་སོང་ཟེར་བའམ། ཡང་ན་ཅིག་ཅིག་ཚང་གི་བླ་བསངས་པོ་ལྷ་ས་རུ་མཇལ་དུ་སོང་བའི་གསར་ལམ་ནས་མ་ཞུ་བ་རུ་སོང་སྟེ་ཤི་སོང་ཟེར་བ་སོགས། མ་ཞུ་བས་ཤི་བའི་མི་གྲངས་མང་པོ་ཞིག་གླེང་རྒྱུ་འདུག་པ་དང་། ཁོ་ཚོའི་བཤད་པའི་མ་ཞུ་བ་ཟེར་བའི་ན་ཚ་གདུག་པོ་དེ་ནི་ད་སྐབས་ཀྱི་མྱུར་བའི་རང་བཞིན་གྱི་རྒྱུ་ལྷག་གཉན་ཚད་ཡིན་འདུག། དེ་ལ་མ་ཞུ་བ་ཞེས་ན་ཡང་དོན་དང་ལྡན་པར་སེམས་ཏེ། མན་ངག་རྒྱུད་ཀྱི་མ་ཞུ་བའི་སྐབས་སུ། དེ་ལ་སྙིགས་མ་མ་ཞུ་ཞེས་བྱ་བ། །ཁ་ཟས་མ་ཞུ་རང་སར་ཕོ་ལོང་ལས(ལུས)། །བད་ཀན་བེ་སྣབས་འཕེལ་བས་གཏུམས་ནས་གནས། །རྙིངས་ནས་སྙིགས་མ་འདྲིལ་བའི་ཟས་སྐྲན་འགྱུར། །[1]ཞེས་གསུངས་པ་དང་མཐུན་པར་སྙམ་སྟེ། མྱུར་བའི་རང་བཞིན་གྱི་རྒྱུ་ལྷག་གཉན་ཚད་ཀྱང་ཐོག་མར་རྒྱུ་ལྷག་གི་ནང་དུ་ཟས་སྙིགས་སོང་བ་དང་། དེ་ནས་རིམ་དང་ཡུན་འགོར་བ་ལ་བརྟེན་ནས་རྒྱུ་ལྷག་ལ་གཉན་ཚད་དྲག་པོ་རྒྱས་པ་ཞིག་ཡིན་ཏེ། «ནད་རིགས་སྣ་ཚོགས་ཀྱི་མངོན་རྟགས་དང་བཅོས་ཐབས་བཤད་པ་རབ་གསལ་སྒྱུ་འཕྲུལ་མེ་ལོང»ལས། རྒྱུ་ལྷག་གི་གཉན་ཚད་གློ་བུར་བ(急性阑尾炎)དེ་ནི་ནད་པ་མང་ཆེ་བར་རྒྱུ་ལྷག་ནང་དུ་ཟས་རོ་དང་ཡང་ན་སྐྱག་རྡོག་དང་རྒྱུ་འབུ་དམར་རིང་སོགས་སོང་ནས་རྒྱུ་ལྷག་གི་ནང་ཁོག་བཅད་དེ་ཟགས་ཐོན་དངོས་པོ་ཕྱིར་འབུད་མ་ཐུབ་པ་དང་འབུ་ཕྲ་སྐྱེ་འཕེལ་བྱུང་ནས་རྒྱུ་ལྷག་ལ་གཉན་ཚད་བྱུང་བ་ཡིན།[2]ཞེས་པ་ལས་ཀྱང་ར་སྤྲོད་བྱེད་ནུས་པ་དང་། དེ་ཡང་ཁྱོད་ཀྱིས་རྒྱུ་ལྷག་གཉན་ཚད་མ་ཞུ་བ་རེད་ཅེ་ན། མན་ངག་རྒྱུད་ཀྱི་ཐོར་ནད་ལས་རྒྱུ་མའི་གླང་ཐབས་ཞེས་གསུངས་འདུག་པ་དང་། དེ་ནི་དེང་སྐབས་ཀྱི་ཆེད་མཁས་མང་པོས་རྒྱུ་ལྷག་གཉན་ཚད་ལ་ངོས་འཛིན་བཞིན་འདུག་པ་དང་འགལ་བ་མ་ཡིན་ནམ་ཞེ་ན། དེ་ལ་སྐྱོན་མེད་པར་འདོད་དེ། མ་ཞུ་བ་ནི་སྤྱིར་ཁོང་ནད་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། རྒྱུ་ལྷག་གཉན་ཚད་ཀྱང་ཁོང་ནད་རྒྱུ་མའི་ན་ཚ་ཞིག་ཡིན་པས། རྒྱུ་ལྷག་གཉན་ཚད་འབྱུང་བྱེད་ཀྱི་རྒྱུ་ནི་མ་ཞུ་བ་ཟས་སྙིགས་སོགས་རྒྱུ་ལྷག་ཏུ་ཞུགས་པ་ཡིན་ཕྱིན་མི་འགལ་བ་ཡིན། དོན་དུ་ཐོར་ནད་ཀྱི་རྒྱུ་མའི་གཉན་གླང་དང་དེང་སྐབས་ཀྱི་སྐད་ཆ་ལྟར་བཤད་ན་རྒྱུ་ལྷག་གཉན་ཚད་ཅེས་པའི་རྒྱུ་མ་ཞུ་བ་ཡིན་ཞེས་པ་སྟེ། དེ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པ་ཞིག་དང་། གླང་ཐབས་ཀྱི་རྒྱུ་རྐྱེན་བཤད་དུས་སུའང་། རྒྱུ་རྐྱེན་མ་ཞུ་བ་དང་མི་འཕྲོད་ཟས། །[3]ཞེས་རྒྱུ་མའི་གཉན་གླང་སོགས་ཀྱི་རྒྱུ་ནི་མ་ཞུ་བ་ཡིན་པ་གསལ་པོར་གསུངས་འདུག་གོ །ཁོ་བོས་རྒྱུ་ལྷག་གཉན་ཚད་ནི་གླང་ཐབས་ལས་རྒྱུ་མའི་གཉན་གླང་མ་ཡིན་ནམ་སྙམ་པ་དང་། «རྒྱུད»ལས། གཉན་གླང་ཕོ་བ་རྒྱུ་བར་གཉན་བབས་པའོ། །[4]ཞེས་རྒྱུ་མའི་གཉན་གླང་ངམ་རྒྱུ་ལྷག་གཉན་ཚད་ཀྱི་ངེས་ཚིག་བསྟན་པ་དང་། ཕོ་བ་རྒྱུ་མར་གཉན་བབས་གྲིས་དཀྲུགས་འདྲ། །ཕོ་བ་སྒྲིམས་ལ་ཉྭ་འབྲོས་བ་སྤུ་ལྡོག །རྩ་འཇུར་རྣ་བ་སླེབ་ཅིང་རྫི་མ་ཆག །[5]ཅེས་རྒྱུ་མའི་གཉན་གླང་ངམ་རྒྱུ་ལྷག་གཉན་ཚད་ཀྱི་བཟོད་གླགས་བྲལ་བའི་ནད་རྟགས་ཀྱི་མངོན་ཚུལ་གསུངས་པ་རེད་སྙམ། དེས་ན་ས་གནས་འདི་གའི་མི་མང་གིས་སྔོན་དུས་རྒྱུ་ལྷག་གཉན་ཚད་དམ་རྒྱུ་མའི་གཉན་གླང་ལ་མ་ཞུ་བ་ཟེར་བ་ནི་རྒྱུ་མིང་འབྲས་བུ་ལ་བཏགས་པའི་དོན་ལྡན་གྱི་ཟེར་སྲོལ་ཞིག་གོ་ཞེས་ན་ཡང་མི་རུང་བ་མེད་པར་འདོད་པ་དང་། ཀོང་སྤྲུལ་རིན་པོ་ཆེས། ཡང་བྱང་ཚྭ་དང་བྱང་བུལ་བཟང་པོ་ལྷད་མེད་པ། ཟེ་ཚྭ་ལྷད་མེད་གསུམ་ཕུལ་གསུམ་སླ་ངར་བླུག་པ་དང་མཉམ་དུ་ནས་འབྲུ་གཅིག་འཕངས་པས་དེ་ནག་ཚིག་ཏུ་སོང་བ་དང་། ཡང་ནས་འབྲུ་གཅིག་འཕངས་པས་ཚིག །ཡང་གཅིག་སོགས་ནས་འབྲུ་བསྐྱར་ནས་ནས་འབྲུ་བཅོ་ལྔ་སོལ་བར་སོང་བའི་བར་བརྔོ། དེ་ནས་ལི་སྡེར་ནང་དུ་བྱོས་ལ་ངད་མ་ཡལ་བའི་སྟེང་དེ་ཉིད་དུ་བྱིས་པ་ལོ་བརྒྱད་ཀྱི་ཆུ་ཅུང་ཟད་བླུགས་ཏེ་གར་སླ་ཞོ་ཙམ་བྱས་པའི་སྟེང་དུ་ཐར་ནུ་བཟང་པོ་མཐེབ་ཆེན་ཕྱེད་གཉིས་ཙམ་ཞིབ་པར་བཏགས་པ་བསྲེས་ནས་མ་སྐམ་བར་དུ་འཐག །དེ་ཉིད་སྣོད་བཟང་བོར་བཅངས་ནས་ནམ་དགོས་དུས་ཐུར་མགོ་རེ་ཆུ་བསྐོལ་གྱིས་ཕུལ་ན་སྲིན་དང་། གླང་ཐབས། མ་ཞུ་དུག་ཐབས་རིགས་ཐེ་ཚོམ་མེད་པར་འཇོམས་པའི་མན་ངག་ཤིན་ཏུ་ཟབ་པའོ། །[6]ཞེས་དང་། «མན་ངག་རྒྱུད»ལས། གཉན་གླང་ལྷོག་དུག་གསུམ(གང་རུང་དང་པི་ལིང་རྒྱམ་ཚྭ་དྲི་ཆུར་བཏབ)གྱི་སྦྱོར་བའམ། །བྱ་ཁྱུང་རིལ་བུས་བསད་རྗེས་རྒྱལ་བློན(ཐར་ནུ་ཆུ་རྩ་སྔོན་བུ)སྦྱར། །[7]ཞེས་གསུངས་པ་ནི། ཀུན་གྱིས་དེང་དུས་རྒྱུ་ལྷག་གཉན་ཚད་དུ་བཞེད་པའི་རྒྱུད་ཀྱི་རྒྱུ་མའི་གཉན་གླང་ལ་ཐར་ནུ་སོགས་ཀྱི་གཉེན་པོའི་སྦྱོང་སྨན་གཏོང་ཚུལ་ལོ། །སྤྱིར་མྱུར་བའི་རང་བཞིན་གྱི་རྒྱུ་ལྷག་གཉན་ཚད་ནི་ད་སྐབས་གཤགས་བཅོས་མ་གཏོགས་བཅོས་དཀའ་བ་སུས་ཀྱང་གསལ་བོར་རྟོགས་མོད། ཡིན་ན་ཡང་ཀོང་སྤྲུལ་ཚང་གི་མན་ངག་ཟབ་མོའི་ཐར་ནུའི་སྦྱོང་འདི་ལྟ་བུ་སོགས་ནད་ཐོག་ལག་ལེན་དུ་བསྟར་བ་ཡིན་ན་དེའང་མི་སེལ་བའི་ངེས་པ་མེད་པར་འདོད་དོ། །
དཔྱད་གཞིའི་ཡིག་ཆ།
[1][3][4][5][7] གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད་པའི«བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས་གསུམ་པ་དཔར། P༡༤༨ P༣༢༠ P༣༡༩ P༣༢༡ P༣༡༩
[2] «༄༅། །ནད་རིགས་སྣ་ཚོགས་ཀྱི་མངོན་རྟགས་དང་བཅོས་ཐབས་བཤད་པ་རབ་གསལ་སྒྱུ་འཕྲུལ་མེ་ལོང» སྟག་ལྷ་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༦པར་དཔར་ཐེངས་གསུམ་པ་དཔར། P༡༢༢
[6] «གསོ་རིག་ཟིན་ཏིག་གཅེས་བསྡུས» ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ༧པར་དཔར་ཐེངས་དང་པོ་དཔར། P༦༡-༦༢
དཔྱད་གཞིའི་ཡིག་ཆ།
[1][3][4][5][7] གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད་པའི«བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས་གསུམ་པ་དཔར། P༡༤༨ P༣༢༠ P༣༡༩ P༣༢༡ P༣༡༩
[2] «༄༅། །ནད་རིགས་སྣ་ཚོགས་ཀྱི་མངོན་རྟགས་དང་བཅོས་ཐབས་བཤད་པ་རབ་གསལ་སྒྱུ་འཕྲུལ་མེ་ལོང» སྟག་ལྷ་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༢ལོའི་ཟླ༦པར་དཔར་ཐེངས་གསུམ་པ་དཔར། P༡༢༢
[6] «གསོ་རིག་ཟིན་ཏིག་གཅེས་བསྡུས» ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༨ལོའི་ཟླ༧པར་དཔར་ཐེངས་དང་པོ་དཔར། P༦༡-༦༢
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།