༄༅། །བུད་མེད་བཙའ་མྱོང་གིས་བསྐོར་བཙའ་བར་བྱ་ཞེས་པ་དང་འབྲེལ་བའི་ཁ་བརྡ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-09-08 09:53:28 ཀློག་གྲངས།:
འགོ་བརྗོད།
       དེ་ཡང་གནའ་དུས་སུ་བོད་མདོ་དབུས་ཁམས་གསུམ། སྟོད་མངའ་རིས་སྐོར་གསུམ་དང་བཅས་པ་རུ། བུད་མེད་རྣམས་ཀྱིས་བྱིས་པ་བཙའ་སྐབས། དེང་དུས་བཞིན་གྱི་བུ་བཙའི་ཆེད་ལས་བུད་མེད་སྨན་པ་དཀོན་པས། སྔར་བུ་བཙའ་མྱོང་བ་མ་ཟད་སྦྲུམ་མ་གཞན་ལ་བུ་ཕྲུག་སྐྱེ་སྐབས་རམ་འདེགས་དང་ཞབས་ཞུའི་བགྱི་བ་དོན་དུ་གཉེར་བའི་ཁྱིམ་མཚེས་སམ། སྦྲུམ་མ་རང་གི་གཉེན་ཉེ་འབྲེལ་གྱི་བུད་མེད་དག་གིས་བསྐོར་ནས་བྱིས་པ་བཙའ་རུ་འཇུག་པ་དང་། ཡང་ཅིག་བཤད་ན། བོད་ཙམ་དུ་མ་ཟད་གནའ་བོའི་རྒྱ་གར་ནག་གཉིས་སུའང་དེ་ལྟར་ཡིན་པར་སྙམ་མོ། །
གཅིག བོད་ཁུལ་དུ་བུད་མེད་བཙའ་མྱོང་གིས་བཙའ་བར་བྱས་ཚུལ།
       དེ་ཡང་གསོ་རིག་རྒྱུད་བཞི་རུ། བུད་མེད་བཙའ་མྱོང་གིས་བསྐོར་བཙའ་བར་བྱ། །[1]ཞེས་གྲུབ་པ་ལུས་ཀྱི་ཆགས་ཚུལ་གྱི་སྐབས་སུ། གནའ་དུས་སུ་བོད་ཁུལ་དུ་སྦྲུམ་མར་བྱིས་པ་སྐྱེ་སྐབས། རང་ཉིད་ལ་རིགས་ཀྱི་མྱུ་གུ་བཙའ་མྱོང་བ་ཅན་གྱི་ཆེད་ལས་སྨན་པ་མ་ཡིན་པའི་སྤྱིར་བཏང་གི་བུད་མེད་གཞན་རྣམས་ཀྱི་ཞབས་ཞུའི་རོགས་རམ་བརྒྱུད་ཡོད་པ་ནི། བེེ་སྔོན་དུ། བུད་མེད་སྔར་བུ་བཙའ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་འགའ་ཞིག་གིས་བསྐོར་ཞིང་། ཉལ་ལུགས་དང་བཙིར་བ་ལ་སོགས་པའི་བསླབ་བྱ་དང་ལྡན་པས་བཙའ་བར་བྱའོ། །[2]ཞེས་པ་དང་། བྱང་བདག་རྣམ་རྒྱལ་གྲགས་བཟང་གིས། སྔར་བུད་མེད་བྱིས་པ་བཙའ་མྱོང་བ་ལྟེ་བ་གཅོད་པ་ལ་སོགས་པའི་ཉམས་མྱོང་དང་ལྡན་པ་དག་གིས་བསྐོར་ཏེ་བྱིས་པ་བཙའ་བར་བྱའོ། །[3]ཞེས་གསུངས་པ་ལྟར་ཡིན་པ་དང་། གནའ་དུས་མ་ཟད་ལོ་ངོ་བཞི་བཅུ་དང་སུམ་ཅུའི་ཡར་སྔོན་དུ་ངའི་ཕ་ཡུལ་དུ་ད་དུང་དེ་ལྟར་ཡིན་ཏེ། ངའི་དྲན་པའི་ཡུལ་ངོར་བརྗེད་དུ་མེད་པ་ཞིག་ནི། ང་རང་ལོ་ན་བཞི་ལྔ་ཙམ་ཡིན་དུས་ཀྱི་ཉིན་མོ་ཞིག་ལ་ངེད་ཚང་དགུན་སར་སྦྲ་ནག་ཏུ་བསྡད་འདུག་པ་དང་། ང་རང་ཐབ་ཀའི་གོ་ཁའི་ནང་རྐང་པ་བཞག་སྟེ་དོར་མ་ཞིག་ཡོད་པ་ཕུད་དེ་དེའི་ནང་དུ་ཤིག་བཙལ་བཞིན་ང་དང་རྐྱང་ཚབ་ཅེས་ལོ་ན་གསུམ་ཅན་གྱི་སྲིང་མོ་ཞིག་མཆིས་པ་དང་ལྷན་དུ་འདུག་སྐབས། ཨ་མ་སྦྲའི་གཡོན་ཁྱིམ(སྤྱིར་སྦྲའི་གཡས་ཁྱིམ་ནི་མོ་ཁྱིམ་དང་གཡོན་ཁྱིམ་ཕོ་ཁྱིམ་ཡིན་ཡང་ངེད་ཚང་ནི་ཕོ་ཁྱིམ་མོ་ཁྱིམ་གཉིས་ཀ་གོ་ལྡོག་པ་ཞིག་ཡིན།)གྱི་མར་སྒྱེད་རྩ་རུ་ཉལ་བསྡད་ཡོད་པ་དང་། དེ་ནས་ཨ་མས་ང་ལ་ཁྱེད་རང་མྱུར་དུ་སོང་ནས་ཨ་ནེ་སྟེ་ཨ་མའི་ཨ་ཅེ་དང་ཨ་མའི་སྲུ་མོ་སྟེ་མིང་པོའི་ཆུང་མ་གཉིས་འབོད་རོགས། ཨ་མ་ལ་ལོ་ལོ་ཞིག་སྐྱེ་རྒྱུ་རེད་ཟེར། ལོ་ལོ་ནི་ངའི་ཕ་ཡུལ་དུ་བྱིས་པ་ཆུང་ཆུང་ལ་གོ །དེ་ནས་ངས་དོར་མའང་མ་གྱོན་པར་གོ་ཁར་གཡུག་སྟེ་སློག་པ་ཆུང་ཆུང་ཡང་ཤམ་བྱས་ནས་ངེད་ཚང་དང་གོམ་པ་བརྒྱ་ལྷག་ལས་མེད་པའི་ཨ་ནེ་ཚང་དུ་སོང་ནས་དེ་ལྟར་བཤད་མ་ཐག ཨ་ནེས་བྱིས་པ་ཞིག་ལ་རྩམ་པ་བརྫི་བཞིན་ཡོད་པ་ཡང་སར་གཡུགས་ཏེ་ངེད་ཚང་ལ་བང་གིས་བརྒྱུགས་ནས་སོང་བ་དང་། ཨ་ཞང་གི་ཆུང་མ་དེ་འདྲ་མགྱོགས་པ་མིན་ཡང་ཨ་ནེའི་རྗེས་སུ་རྒྱུགས་ནས་ཁོ་མོ་གཉིས་འཕྲོ་རིམ་འཕྲོར་བུད་སོང་། ང་ངེད་ཚང་གི་སྒོ་ཁར་སླེབས་དུས་ངའི་སྲིང་མོ་ལོ་གསུམ་ཅན་དེ་སྦྲའི་སྒོ་ཁར་གཡུགས་ཡོད་པ་དང་དངངས་སྐྲག་གིས་སྐད་ཆེན་པོས་ངུ་བཞིན་འདུག །ཕྱིས་སུ་ཨ་མས་བཤད་ན་ངའི་སྲིང་མོ་གཉིས་པ་དེ་བཙས་མ་ཐག་དེ་དུས་སྒོ་ཁར་གཡུགས་པའི་སྲིང་མོ་ལོ་གསུམ་ཅན་དེར་བསྟན་པས། ཁོ་མོ་སྐྲག་ཐག་ཆོད་ནས་སྐད་ཆེན་པོས་ངུ་དུས་ཨ་ནེ་སླེབས་ནས་ཨ་མར་བཙན་ཁ་འདྲ་ཕོག་ཨེ་འགྲོར་དོགས་ནས་སྲིང་ཆུང་མ་དེ་སྦྲའི་སྒོ་ཁར་གཡུགས་པ་རེད་ཟེར། སྤྱི་ལོ༢༠༢༣ལོར་མཚོན་ན། ང་རང་ལོ་ལྔ་བཅུ་ཡིན་པ་དང་། དེ་དུས་བཙས་པའི་སྲིང་མོ་གཉིས་པ་དེ་ལོ་བཞི་བཅུ་ཞེ་བདུན་རེད། ལོ་གསུམ་ཅན་གྱི་སྲིང་མོ་དེ་ལོ་བཞི་བཅུ་ཞེ་དགུ་ཡིན། ངའི་ཨ་མ་ད་ལྟ་ལོ་རེ་དགུ་ཡིན་པ་དང་། ཨ་ནེ་ལོ་དོན་གཉིས་ཡིན། ཨ་ཞང་གི་ཆུང་མ་ལོ་དོན་ལྔ་ཡིན། ཁོང་རྣམ་པ་ད་ལྟའང་སྐུ་ལུས་བདེ་ཐང་ཡིན། དེ་དུས་མ་ཟད་ང་རང་ལོ་བཅུ་ཡིན་པའི་དབྱར་དུས་ཀྱི་དགོང་མོ་ཞིག་ལ་ངའི་ཨ་མར་ངའི་ནུ་བོ་ད་ལྟ་ལོ་བཞི་བཅུ་ཐམ་པ་ཅན་ཞིག་མཆིས་པ་བཙའ་ལ་ཉེ་བས། ང་སོང་ནས་སྔར་བཤད་པའི་ཨ་མའི་ཨ་ཅེ་དེ་བོས་ཤོག་ཟེར། ང་ངེད་ཚང་གི་ནོར་སླས་འགྲམ་དུ་སླེབས་མ་ཐག་ནུ་བོ་སྐྱེས་ཟིན་པས་བྱིས་པ་དམར་འབྱར་གྱི་ངུ་སྐད་ཕྲ་ལ་གཉོམ་པ་ཞིག་རྣ་ལམ་དུ་གྲགས་བྱུང་། ཡང་ཐེངས་ཤིག་ངའི་སྲིང་མོ་ཆུང་བ་ཞིག་བཙའ་དུས་ཨ་མའི་ཨ་ཅེ་རུ་སྐོར་མིན་པར་ཐག་རིང་དྲགས་པས། ངེད་ཚང་དང་བར་ཐག་ཆེན་པོ་མེད་པའི་ཁྱིམ་མཚེས་ཤིག་གི་ཨ་མ་རྒད་མོ་བཀའ་དྲིན་ཅན་ཞིག་མཆིས་པ་དེ་འབོད་དུ་ང་སོང་བ་ཡིན། གང་ལྟར་ངེད་ཚང་ལ་མིང་སྲིང་དྲུག་བདུན་ཞིག་མཆིས་ཤིང་དེ་ཐམས་ཅད་རང་ཡུལ་སྦྲ་ཁྱིམ་དུ་ཨ་མའི་ཨ་ཅེ་དང་སྲུ་མོ། ཡང་ན་རུ་སྐོར་ཁྱིམ་མཚེས་ཀྱི་ཨ་མ་རྒན་མོ་སོགས་ཀྱིས་སྐྱེ་བསུ་བྱས་ཤིང་བྱིས་པའི་ལྟེ་བ་གཅོད་པ་སོགས་ཀྱི་རོགས་རམ་བྱས་པ་རེད། དོན་དུ་རྒྱུད་ལས། བུད་མེད་བཙའ་མྱོང་གིས་བསྐོར་བཙའ་བར་བྱ། །ཞེས་པ་ཇི་བཞིན་ནོ། །ཕལ་ཆེར་ལོ་སུམ་ཅུ་ལྷག་ཙམ་ནས་ད་གཟོད་ས་འདི་གའི་སྦྲུམ་མ་རྣམས་ཀྱང་། ས་གནས་སྲིད་གཞུང་གི་ཚད་ལྡན་སྨན་ཁང་དུ་སོང་ནས། བུ་བཙའ་ཚན་ཁག་གི་བུ་བཙའི་བུད་མེད་ཆེད་མཁས་སྨན་པ་བསྟེན་ནས་བྱིས་པ་སྐྱེ་བཞིན་འདུག
གཉིས། རྒྱ་ནང་དུ་བུད་མེད་བཙའ་མྱོང་གིས་བསྐོར་ཚུལ།
       སྐྱེ་རོགས་མ(稳婆)ནི་གནའ་དུས་སུ་དམངས་ཁྲོད་དུ་སྦྲུམ་མའི་ཁྱིམ་མིའི་ཚབ་བྱས་ཏེ་སྐྱེ་བསུའི་ལས་ཀ་གཉེར་མཁན་ཡིན་པ་དང་། དེ་དག་ནི་སྤྱིར་བཏང་དུ་བུད་མེད་དར་མ་ཡིན་འདུག ཁོ་མོ་ཚོའི་མིང་གི་རྣམ་གྲངས་སུ་སྐྱེ་གཡོག(产婆)དང་། ཕྲུ་གུ་སྐྱེ་གཡོག་མ(收生婆) ཕྲུ་གུ་སྐྱེ་ལེན་མ(接生婆) སྐྱེ་གཡོག་རྒན་མོ(老娘婆)སོགས་སུ་འབོད། སྐྱེ་རོགས་མ(稳婆)ནི་ལས་རིགས་ཤིག་ཡིན་པ་དང་། ཐོག་མར་ཧན་ཤར་མ་དང་། ཐང་དང་སུང་གི་སྐབས་སུ་ཁྱབ་གདལ་ཆེ། དཔོན་རིགས་ཀྱིས་འདེམས་དུས་ལུས་ཕུང་དར་བ་དང་། བྱད་གཟུགས་མཛེས་པའི་ཆ་རྐྱེན་འཛོམས་དགོས་འདུག བྱིས་པ་བཙའ་རན་དུས་སུ་སྐྱེ་རོགས་མ(稳婆)སྔ་མོ་ནས་གདན་འདྲེན་ཞུས་ནས་བྱིས་པ་སྐྱེ་བསུའི་སྟ་གོན་བྱེད། བྱིས་པ་བཙའ་དུས་སུ་ཁང་པའི་སྒོ་དང་དྲྭ་ཡོལ་དམ་དུ་བརྒྱབ་སྟེ་འགྲུལ་བར་འཛེམས། དེ་ལྟར་སྐྱེ་རོགས་མ(稳婆)དག་གིས་ནམ་རྒྱུན་ཁེ་གྲི་སོགས་མཁོ་ཆས་བསྣམས་ཡོད་ཅིང་། བྱིས་པ་བདེ་ལེགས་ངང་བཙས་རྗེས་ལྟེ་བ་གཅོད་པ་དང་། ཆུ་གཙང་གིས་བཀྲུས་རྗེས་གྱོན་པ་འགེབས་ཤིང་། ཁྱིམ་ཚང་དེ་གའི་ཁྱིམ་མི་ལ་བཀྲ་ཤིས་གཏམ་བཟང་བརྗོད་པར་བྱེད། མདོར་དྲིལ་ན་སྐྱེ་རོགས་མ(稳婆)ནི་ད་ལྟའི་བུ་བཙའ་ཚན་ཁག་གི་སྨན་པ་དང་ཆ་འདྲ་བོ་མཆིས་ཤིང་། དེང་རབས་གསོ་རིག་གི་མཐུན་རྐྱེན་དབུལ་བའི་གནའ་དུས་སུ། ཀྲུང་གོའི་དམངས་ཁྲོད་དུ་སྐྱེ་རོགས་མའི(稳婆)ལས་རིགས་ནི་དར་བ་ཡིན།[4]ཞེས་བཤད་ཡོད་པ་ལས། རྒྱ་ནང་དུ་གནའ་དུས་སུ་དཔོན་རིགས་ཀྱིས་བདམས་ཐོན་བྱུང་བའི་སྐྱེ་རོགས་མའི(稳婆)ལས་རིགས་ནི། བོད་ཁུལ་དུ་གཉེན་ཉེ་དང་ཁྱིམ་མཚེས་ཀྱི་བུད་མེད་བཙའ་མྱོང་གིས་བསྐོར་བ་དང་ངོ་བོའི་སྒོ་ནས་མི་འདྲ་བར་འདུག འོ་ན་རྒྱ་ནང་གི་སྐྱེ་རོགས་མ(稳婆)དག་ནི་མོ་ནད་སྨན་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་པར་འདུག་སྟེ། ཧན་ནུབ་མའི་དུས་སྐབས་སུ་ཧྲན་ཞི་ཞིང་ཆེན་ཧྥོ་རྫོང་དུ་ཡི་ཧྲོ(义妁)རུ་འབོད་པའི་བུད་མེད་ཅིག་མཆིས་པ་ནི། ཀྲུང་གོའི་ལོ་རྒྱུས་སྟེང་ཆེས་སྔ་བའི་བུད་མེད་སྨན་པ་གྲགས་ཅན་ཞིག་ཡིན།[5]ཞེས་གསལ་པོར་བསྟན་འདུག་གོ །གཞན་རྒྱ་གར་དུའང་གནའ་དུས་བུ་བཙའི་གནས་ཚུལ་དེ་ལྟར་ཡིན་ཚོད་འདུག་སྟེ། དཔལ་ལྡན་ཕ་ཁོལ་གྱིས། དེར་ནི་བུད་མེད་བཙའ་མྱོང་བས། །བསྐོར་ཏེ་བཙའ་བའི་དུས་བར་བསྡད། །[6]ཅེས་གསུངས་འདུག་པ་ལྟར་རོ། །
མཇུག་གི་གཏམ།
       འདི་ལྟར་རྒྱུད་ཀྱི་བུད་མེད་བཙའ་མྱོང་གིས་བསྐོར་བཙའ་བར་བྱ། ཞེས་པ་དང་འབྲེལ་ནས་ཁ་བརྡ་ཉ་ཉོག་འགོ་རྔ་མེད་པ་ཞིག་བཤད་པ་རུ། དོན་དང་འགལ་བའི་ལོག་སྨྲ་ཅི་མཆིས་དོར་བར་ཞུའོ། །

དཔྱད་གཞིའི་ཡིག་ཆ།
[1] བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། །གཡུ་ཐོག་ཡོན་ཏན་མགོན་པོས་རྩོམ་སྒྲིག་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༢༠༠༠ལོའི་ཟླ༥པར་པར་ཐེངས༣བཏབ། p༢༠  
[2] རྒྱུད་བཞིའི་གསལ་བྱེད་བེེཌཱུརྱ་སྔོན་པོ། །སྟོད་ཆ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༥ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། p༡༡༡
[3] བཤད་རྒྱུད་ཀྱི་འགྲེལ་ཆེན་བདུད་རྩིའི་ཆུ་རྒྱུན། བྱང་བ་རྣམ་རྒྱལ་གྲགས་པ་བཟང་པོས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༠༡ལོའི་ཟླ༥པར་པར་ཐེངས་དང་པོ་བརྒྱབ། p༥༨
[4][5]《中国文化1000问》翟文明编著。中国华侨出版社2010年11月第一次出版。 p175 p168
[6]
སྦྱོར་བ་བརྒྱ་པ་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་སོགས། །འཕགས་པ་ཀླུ་སྒྲུབ་དང་ཕ་ཁོལ་སོགས། མི་རིགས་དཔེ་སྐྲུན་ཁང་གིས༢༠༠༦ལོའི་ཟླ༡པོར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབ། p༢༦༦
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།