༄༅། །གཅིན་སྙི་ཟ་ཁུའི་ནད།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-11-07 08:37:34 ཀློག་གྲངས།:
       གཅིན་སྙི་ཟ་ཁུའི་ནད་ནི་རྒྱུན་མཐུད་ཚད་མཐོའི་ཁྲག་ཧྭགས(高血糖)གཞི་རྩའི་ཁྱད་ཆོས་ཡིན་པའི་དལ་བའི་རང་བཞིན་གྱི་བརྗེ་ཚབ་ན་ཚ(代谢性疾病)ཞིག་ཡིན། ནད་འདིའི་འབྱུང་རྒྱུ་གཙོ་བོ་ཕྱོགས་གཉིས་ཡིན་ཏེ། གཅིག་ནི་ལུས་ཕུང་གི་ཤན་གླིང་རྒྱུ(胰岛素)[1]ཡི་ལྡང་ཚད་དམན་པ་དང་། གཉིས་སུ་ལུས་ཕུང་ལ་ཤན་གླིང་རྒྱུ་ཡིས་བྱེད་ལས་དེ་འདྲ་ཐོན་མི་ཐུབ་པ་དེ་རེད། ཤན་གླིང་རྒྱུ་ལ་ཁྲག་ཧྭགས་ཇེ་དམའ་རུ་གཏོང་བའི་ནུས་པ་ལྡན། ལུས་ཁམས་སུ་ཤན་གླིང་རྒྱུ་མི་འདང་པ་དང་ཤན་གླིང་རྒྱུ་ལ་ཚོར་བ་ཞན་དུས་སུ། ད་གཟོད་རྒུན་ཧྭགས(葡萄糖)ཀྱི་གར་ཚད་ཇེ་མཐོར་སོང་པ་ཡིན་ཏེ། དེ་ནི་གཅིན་པ་མངར་མོ་ཆགས་པ་ལས་ཀྱང་ཚོར་ཐུབ། དེ་ནི་ཀུན་གྱིས་ཤེས་གསལ་ལྟར་གྱི་གཅིན་སྙི་ཟ་ཁུའོ། །
       ངེད་ཅག་གི«དཔལ་ལྡན་རྒྱུད་བཞི»ལས། དེ་རྟགས་མངོན་ཚུལ་མལ་སྟན་གཉིད་ལ་རྩི། །རྔུལ་མང་དྲི་མནམ་སྐྲ་དང་སེན་མོ་རིང་། །ཁ་མངར་གྲེ་བ་རྐན་སྐམས་བསིལ་ལ་རྩི། །མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང་། །གཅིན་གྱི་ཤུལ་ལ་སྦྲང་མའི་ཚོགས་ཀུན་འདུ། །ཞེས་གསུངས་པ་དེ་བཞིན་ནོ། །གནའ་དུས་སུ་ཨ་མདོའི་དར་མཚོའི་འབྲོག་ཁུལ་དུ་ན་ཚ་འདི་ལ་གཟའ་ལོང་རྐྱལ་ཞེས་འབོད་པ་ཡིན་ཟེར། དེ་ལྟར་གཅིན་སྙི་ཟ་ཁུའི་ནད་འདིའི་མི་འགྱུར་བའི་རྟགས་སུ། གསུམ་མང་གཅིག་ཉུང་ཅན་ཡིན་ཏེ། གསུམ་མང་པ་ནི། སྐོམ་མང་པོ་བཏུང་བ། ཟས་མང་དུ་བཟའ་བ། གཅིན་ལན་ཐེངས་མང་པོར་གཏོང་བ་བཅས་དང་། གཅིག་ཉུང་བ་ནི་བཟའ་བཏུང་ཇི་འདྲའི་འཚོ་བཅུད་ཅན་ཕོན་ཆེན་བསྟེན་ཀྱང་ལུས་ཕུང་དེ་ལས་ལྡོག་པར་ཇེ་རིད་ཇེ་ངན་ངང་ལྗིད་ཚད་མར་འབབ་པ་དེའོ། །
       གཅིན་སྙི་ཟ་ཁུའི་ན་ཚ་འདི་ནི། གཅིག་ནས་མི་རྒྱུད་ལ་འབྲེལ་བ་ཡོད་པ་དང་། གཉིས་སུ་འཚོ་བའི་སྤྱོད་ལམ་ལ་རག་ལས་ཏེ། བཟའ་བཏུང་མང་དུ་རོལ་ཅིང་ལུས་ཕུང་སྦྱོང་བརྡར་སོགས་འགུལ་སྐྱོད་ཉུང་བ། གསུམ་དུ་ནད་དུག་འགོས་པ། བཞི་རུ་ལུས་པོའི་རིམས་འགོག་གི་ནུས་པ་དམན་པ། ལྔ་རུ་དབང་རྩའི་བྱེད་ལས་འཁྲུག་པ། གཞན་དུ་རྫས་འགྱུར་དུག་དངོས་བཅས་ཀྱིས་སྐྱེད་པ་རེད། སྔོན་དུས་ཡིན་ན་བོད་རོང་འབྲོག་ཁུལ་རྣམས་སུ། «རྒྱུད་བཞི»ལས། ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག །ཅེས་པ་དང་། གནའ་མིའི་གཏམ་དཔེར་ཡང་། ཟས་ཞིམ་པོ་ཀ་ར་བུ་རམ་ཡིན་ཡང་། ཡུན་རིང་བ་སྦྲང་དཀར་རྩམ་པ་ཡིན། སྦྲང་དཀར་རྩམ་པས་རྒྱལ་ཁམས་གསོ། འཆི་ཁའི་བླ་མ་བཟང་དགོས། ནངས་ཇའི་རྩམ་པ་ཆེ་དགོས། ཞེས་པ་ལྟར་ཁ་ཟས་ཀྱི་གཙོ་བོ་རྩམ་པ་ཡིན་པས། གཅིན་སྙི་ཟ་ཁུའི་ན་ཚ་ཉུང་བ་དང་། དེང་སྐབས་མི་རིགས་གཞན་ལ་མཚོན་ན་ཡང་། གཅིན་སྙི་ཟ་ཁུའི་ཁ་ཟས་གཙོ་བོ་ཞིག་ནི་ནས་ཀྱི་གོ་རེའམ་བག་ལེབ་ཡིན་པ་ནི་ཐམས་ཅད་ལ་གསལ་བཞིན་པ་ལྟར་དང་། ཇི་སྐད་དུ། ནས་ཀྱིས་ད་དུང་ཁྲག་ཚིལ་ཁྲག་ཧྭགས་གཉིས་ཇེ་དམའ་རུ་གཏོང་བ་དང་། ཕོ་བའི་མེ་དྲོད་སྐྱེད། མཐོ་སྒང་གི་ནད་དང་གཅིན་ནད་ཟ་ཁུའི་ནད་སྔོན་འགོག་བཅས་བྱེད་པ་རེད། དེ་ལྟར་ནས་ལ་བསིང་ཕྱེ། སྤྲི་དཀར། ཀལ། ལེན། ཨེམ་རྨང་སྐྱུར་སྣ་ཚོགས་དང་བཟའ་བཅའི་ཚི་སྣ་བཅས་ཀྱི་གྲུབ་ཆ་ཤིན་ཏུ་མང་པས། ཡུན་རིང་ཁ་ཟས་སུ་བསྟེན་ན་ལུས་ཟུངས་བརྟས་པར་བྱེད་པ་མ་ཟད། གཅིན་ནད་ཟ་ཁུ་འགོག་བཅོས་བྱེད་པར་ཡང་ཕན་པ་རེད།[2]ཅེས་རྩམ་པའི་རྒྱུ་ནས་ཀྱི་ཕན་ཡོན་བསྟན་པ་ལས་ཟུར་བསྟན་ལེབ་མཐོང་གིས་རྩམ་པ་གཅིན་སྙི་ཟ་ཁུའི་ན་ཚ་འགོག་བཅོས་ལ་སྨན་པ་རྟོགས་ཐུབ། སྔོན་དུས་མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་མི་སྣ་ངེད་ཅག་དར་མཚོ་རྫོང་དུ། འགོས་ནད་སོགས་ཐུན་མོང་འཕྲོད་བསྟེན་གྱི་ཞིབ་བཤེར་རྩད་གཅོད་དུ་ཡོང་དུས། ཁྱེད་ཅག་འབྲོག་ཁུལ་དུ་གཅིན་སྙི་ཟ་ཁུའི་ནད་པ་ལྟོས་བཅས་ཀྱིས་ཉུང་བ་རེད། རྒྱུ་མཚན་ནི་ཁྱེད་ཅག་གིས་ནས་ཀྱི་རྩམ་པ་མང་དུ་ཟ་བའི་ཁྱད་ཆོས་རེད་འདུག་ཅེས་སྨྲ་བ་རེད། ཡིན་ན་སྤུན་ཟླ་རྣམ་པ། དུས་ཡུན་ཐུང་ཐུང་ཞིག་ལ། ལོ་ཉུང་ཉུང་ཞིག་ལ། ང་ཚོ་བོད་པ་མང་པོ་ཞིག་གིས། ཁྱད་པར་དུ་བྱིས་པ་དང་ན་གཞོན། དར་མ་སོགས་མང་པོ་ཞིག་གིས་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་བསྟུན་ཏེ། སྒོར་མོ་མང་པས་རྒྱུ་ཤེད་བྱས་ཏེ། ཟང་ཟིང་དུས་ཀྱི་རྗེས་སུ་བསྙེགས། སྲོལ་རྒྱུན་གྱི་རྩམ་པ་དོར་ཏེ་གསར་བྱུང་གི་ཟས་རིགས་སྣ་ཚོགས་ལ་རོལ་བའི་རྐྱེན་གྱིས་དང་། ཁྱད་པར་དུ་རྫས་འདྲ་མིན་གྱི་གྲུབ་ཆས་སྦག་པའི་སྐོམ་ཆུ་ཅི་རིགས་བཏུང་བའི་དབང་གིས། དེ་ལྟ་དེ་ལྟར་ཇི་ལྟ་ཇི་བཞིན་དུ། དེང་དུས་འབྲོག་རོང་ཁུལ་དུ་ཡང་གཅིན་སྙིའི་ནད་པ་ཤིན་ཏུ་མང་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། ཡིན་ཡང་ར་སྤུའི་འུར་རྡོ་ར་ཡི་མཇིང་པར་འཁོར། ཞེས་པ་དང་། རང་གིས་རང་ལ་ངན་སྐྱེལ་ན། ཁ་གནམ་ལ་འཁོར་ཏེ་གཅིན་ཐོངས། ཞེས་པའི་དཔེ་ལྟར། དེ་ནི་རང་རང་གི་བཟའ་བཏུང་བསྟེན་སྟངས་འཆལ་པས་བསྐྱེད་པ་དང་། རང་ཉོས་རྡོ་ལོག་ཡིན་པས། ལེ་བདའ་དང་ངན་ཁག་དཀྲི་ས་གང་ཡང་མ་མཆིས་སོ། །
       ཡིན་ཡང་འབྲོག་རོང་ཁུལ་གྱི་སྤུན་ཟླ་ཚོ། བུ་རེ་བ་ཅན་ཚོ། གོས་རི་མོ་ཅན་ཚོ། སྨན་རྒན་ཁོ་བོར། མགོ་ཀླད་རིས་སྟེང་ན་རལ་བ་ཞིག་མཆིས་པ། སེམས་གངས་དཀར་དཀྱིལ་ན་རེ་བ་ཞིག་ཡོད་པ་ནི། སྦྲ་རྒན་ཅན་ལ་ཧེབ་ལངས། སྦྲེའུ་ཚེ་ཅན་ལ་ཡིད་མ་ཆད་པར། སྦྲང་དཀར་རྩམ་པར་ཞེན་མ་ལོག་པར། གསར་དར་ཟས་ལ་སྲོག་མ་བརྗེ་བར། རྫས་འགྱུར་བཏུང་བས་ཟུངས་མ་སྦག་པར། ལུགས་སྲོལ་ཡ་མ་བརླ་ལ་བླ་མ་འཆམ་པར། སྲིད་པ་བོད་པའི་འགྲོ་ལུགས་ལྟར། དྲིན་ཆེན་ཕ་མའི་ཁ་ཏ་བཞིན། ལྷ་རྗེ་རྣམ་པའི་གསུང་སྒྲོས་བཞིན། གཅིན་སྙི་ཟ་ཁུའི་སྔོན་འགོག་ཏུ། ནས་རྙིང་རྩམ་པ་ཟས་ཀྱི་གཙོ་བོར་སྤྱོད་རྒྱུ་ནི། སྟོང་ལུག་དང་རྩམ་པའི་མཐའ་སྐོར་རྒྱུ་ནི། མ་མཐའ་ཡང་ནམ་ལངས་ཀྱི་རྩེ་མོ། ཉི་ཤར་གྱི་ཐོག་མ་རུ། ཟས་ཀྱི་དང་པོ་གཏུལ་མ(གཏུལ་མའམ་ཇ་བསྲེས་ནི་ཨ་མདོའི་འབྲོག་ཁུལ་གྱི་སྐད་ཆ་ཞིག་སྟེ། དེ་ནི་དཀར་ཡོལ་འབྲུག་མ་སོགས་ཀྱི་ནང་གི་གཞོགས་ཤིག་ཏུ་ནས་ཡོས་འཐག་པའི་རྩམ་སྐྱ་ཁྱོར་བ་གང་གི་ཚད་ཙམ་ཁ་ནས་ཞབས་བར་ལེབ་དབྱིབས་སུ་སྦྱོར་པ་དང་། དེའི་ངོས་སུ་གཡས་ལག་གི་སོར་མོ་བཞིའི་རྒྱབ་རིས་འབབ་པར་བྱས་ཏེ། དེའི་སྟེང་དུ་ཕྱུར་བ་འོས་འཚམས་ཤིག་གཏོར་ཞིང་། དེ་རྗེས་འབྲི་མར་མཐེབ་ཆེན་འདྲ་བ་ཞིག་འཕངས་ནས། དེའི་སྟེང་དུ་ཇ་ནག་ཕྲུག་གམ་ཇ་དཀར་ཁུ་བླུགས་ཏེ་འབྲི་མར་རམ་ཁ་རུ་ཞུ་ཚར་བ་ན། ཇ་འཐུང་ནས་བརྫི་ཁུ་ཅུང་ཙམ་དུ་བརྫིས་ཏེ་ཟ་བའམ། ཡང་ལ་ལས་ཤིང་ཐུར་སོགས་ཀྱིས་གཏུལ་དཀྲུགས་བརྒྱབ་ནས་བཏུང་བའང་མཆིས་པ་དེ་ཡིན་ཞིང་། སྤྱིར་བཏང་དུ་འབྲོག་པའི་ནངས་ཇའམ་ནངས་ཟས་ནི་གནའ་ནས་ད་བར་དུ་གཏུལ་མ་ཡིན། ཁོ་བོ་ད་ལྟའང་ཞོགས་ཟས་དེ་ལྟར་སྤྱོད་པར་གོམས་ཡོད།)ཞིག་ཟ་རྒྱུ་ནི། ཐུགས་ཀྱི་དཀྱིལ་དང་ཐུམ་གི་ནང་བྱ་རྒྱུ་ནི། དགའ་བ་འབུམ་གྱིས་བསུ། སྒ་ཁོང་གསེར་གྱིས་ཤན། ཟེར་རྒྱུ་དེའོ། །བཀྲ་ཤིས་བདེ་ཐང་ཤོག །

དཔྱད་གཞིའི་ཡིག་ཆ།
[1] ༄༅། །རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད། གཙོ་སྒྲིག་པ་འོ་ཚང་ཚོགས་ཆེན། མི་རིགས་དཔེ་སྐྲུན་ཁང་གིས༢༠༡༡ལོའི་ཟླ༨པར་པེ་ཅིན་དུ་པར་ཐེངས༡པོ་བརྒྱབ། ཤ༦༨༧
[2] གསོ་རིག་དཔྱད་རྩོམ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ༢༠༡༥ལོའི་ཟླ༡པར་དཔར་ཐེངས་དང་པོ་དཔར། ཤ༡༡༠
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།