༄༅།།བརྡ་སྤྲོད་དང་སྙན་རྩོམ་སྐོར་གྱི་དེབ་གསུམ་པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། དུས་ཚོད།:2020-12-15 09:00:32 ཀློག་གྲངས།:

     

      དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་འཇིགས་མེད་འོད་བཟང་རྒྱ་མཚོའམ་གངས་ཤར་གྱི་ལོ་ངོ་དུ་མའི་བརྩོན་པའི་འབྲས་བུ་སྟེ། 《འགྲེལ་བཤད་ཀུན་བཟང་དགོངས་རྒྱན་གྱི་ཟུར་མཆན་བརྗེད་བྱང་།》དང《དཔྱད་རྩོམ་དང་ལྷུག་རྩོམ་གཅེས་བསྒྲིགས།》《སྙན་རྩོམ་གཅེས་བསྒྲིགས།》བཅས་དེབ་གསུམ་ཉེ་ལམ་ངེད་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་དཔེ་སྐྲུན་འགྲེམ་སྤེལ་བྱས།
      དེབ་དང་པོ་བརྡ་སྤྲོད་སྐོར་དུ། རྩོམ་པ་པོས་ཉེ་ལམ་རང་ཉིད་ཀྱིས་བརྡ་སྤྲོད་རིག་པའི་སྐོར་གྱི་བསྟན་བཅོས་ཚད་ཐུབ་མང་པོར་ཞིབ་གཟིགས་གནང་བའི་བརྗེད་བྱང་དང་། ཁྱད་པར་དུ་སུམ་རྟགས་ཐོག་མར་སློབ་གཉེར་བྱེད་པའི་བློ་གསར་གཞོན་ནུ་དག་གིས་དཔེ་མང་ཀློག་པའི་ངལ་བ་འདོན་མི་དགོས་པར། ཐ་སྙད་བརྡ་སྤྲོད་རིག་པའི་སྐོར་ལ་ལྟ་བདེ་ཕྱིར་དུ་དམིགས་ནས་གཅིག་ཆོག་སྟོང་ཐུན་གྱི་ཚུལ་དུ། དྷཱི་ཚའི་མཁས་དབང་དམ་པ་ཨ་ཁུ་གསུང་རབ་རྒྱ་མཚོས་མཛད་པའི་སུམ་རྟགས་ཀྱི་སྡོམ་ཚིག་གཉིས་རྩ་བར་བཀོད་དེ། དགེ་བཤེས་ཆེན་མོ་པྲ་ཏི་རིན་ཆེན་དོན་གྲུབ་མཆོག་གི་སུམ་འགྲེལ་ཆེན་མོར་ཟུར་མཆན་བཏབ་ཡོད།
      དེབ་གཉིས་པ་སྙན་རྩོམ་སྐོར་དུ། ཚིག་བཅད་ཀྱི་ལུགས་ཀྱིས་ཀུན་མཁྱེན་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཀྱི་རྣམ་ཐར་བསྡུས་པ་དང་། རྗེ་ཙོང་ཁ་བ་ལ་བསྟོད་པ་དད་གསུམ་རླུང་གིས་བཅུམས་པའི་སྒྲ་དབྱངས། དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་ཕྱི་སྣོད་ཀྱི་དགེ་མཚན་སོགས་སྙན་འཇེབས་ཚིག་གིས་བཀོད་ཡོད།
      དེབ་གསུམ་པ་དཔྱད་རྩོམ་དང་ལྷུག་རྩོམ་སྐོར་དུ། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བར་གྱི་འབྲེལ་བའི་སྐོར་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་རིས་མེད་ལྟ་བའི་སྐོར། དེ་མིན་སྐྱིད་གྲོང་དབུ་མའི་རྫོང་དང་ཨ་ཆུང་གནམ་རྫོང་སོགས་ཀྱི་མཇལ་སྐོར་རེག་ཟིག་སོགས་བཀོད་ཡོད་དོ།།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།