གངས་འཚོ་ལགས་ཀྱི་དཔྱད་འབྲས་དེབ་གསར«བྱང་གི་ཤ་ལྤགས་སྐྱ་མོ»ངོ་སྤྲོད།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-23 09:41:39 ཀློག་གྲངས།:
       ཉེ་ལམ། བོད་ཀྱི་རིག་གཞུང་ཉམས་ཞིབ་པ་གྲགས་ཅན་གངས་འཚོ་ལགས་ཀྱིས་ལོ་ངོ་དུ་མར་ཞིབ་འཇུག་གཏིང་ཟབ་གནང་ནས་བརྩམས་གྲུབ་པའི་དཔྱད་འབྲས་གསར་པ«བྱང་གི་ཤ་ལྤགས་སྐྱ་མོ»ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམས་སྤེལ་བྱས།
       དཔེ་དེབ་འདིའི་ནང་གྲུ་གུའི་མི་རྒྱུད་ཆད་ཁུངས་དང་རྒྱལ་རབས་ཆགས་ཚུལ་ནས་ཐོག་མའི་གླེང་བསླངས་ཤིང་། གྲུ་གུའི་རྒྱལ་སྲིད་ཤར་ནུབ་གཉིས་སུ་གྱེས་པའི་སྐབས་དང་། སླར་ཡང་གཅིག་གྱུར་བྱུང་བའི་སྐབས། ཐ་མར་ཉམས་ཉེས་སུ་སོང་བའི་སྐབས་སོགས་གང་དུའང་། ལྷོ་ཕྱོགས་ཀྱི་སྤུ་རྒྱལ་དང་ཤར་ཕྱོགས་ཀྱི་ཐང་གུར་གཉིས་ཀྱིས་གྲུ་གུའི་སྲིད་དབང་གི་དར་རྒུད་ལ་ནུས་པ་གང་འདྲ་ཐོན་ཚུལ་བརྗོད་སྙིང་དུ་བཟུང་ཡོད། གཞན་ཡང་སྤུ་རྒྱལ་དང་གྲུ་གུ་གཉིས་ས་བབས་ཀྱི་ཆ་ནས་འདབས་འབྲེལ་དུ་ཆགས་ཤིང་འཚོ་གནས་ཀྱི་འདུ་ཤེས་དང་ཐོན་སྐྱེད་ལམ་ལུགས་སོགས་ཀྱི་ཐད་འདྲ་མཚུངས་ཀྱི་ཆ་མང་བ་དེ་ནི། ཆེས་གནའ་བོའི་དུས་ནས་ཡུལ་ལུང་གཉིས་ཀྱི་བར་དུ་རིག་གནས་དངཉོ་ཚོང་། དམག་སྲིད་ཀྱི་འབྲེལ་བ་ཆགས་ཡོད་པའི་མཚོན་རྟགས་སུ་བསྒྲུབས་ཡོད། ཁྱད་པར་དུ་དུས་རབས་བདུན་པ་ནས་བཟུང་། སྔར་ལས་འབྲེལ་ལམ་ཟབ་ཏུ་སོང་ནས་སྤུ་རྒྱལ་གྱི་དྲག་པོའི་དབང་ཤུགས་ནུབ་དང་བྱང་གི་རྒྱལ་ཕྲན་ཁག་དང། དར་གོས་ཚོང་ལམ་རྒྱུད་དུ་སླེབས་སྐབས། གྲུ་གུའི་ཚོ་ཆེན་ཁག་དང་མཉམ་ལས་ཇི་ལྟར་བྱས་ཚུལ་དང་། ཐང་གུར་གྱི་དབང་ཤུགས་ནུབ་ཕྱོགས་སུ་འཛུལ་བ་དང་བསྟུན་ནས། སྤུ་རྒྱལ་དང་གྲུ་གུའི་བར་གྱི་འགྲོ་འོང་དང་མཉམ་ལས་ལ་ཕན་གནོད་གང་འདྲ་ཐེབས་པ་སོགས་ཀྱང་བྲིས་ཡོད།
       དེ་བཞིན་དུ་པོད་བཞིའི་བདག་ཉིད་ཅན་གྱི«བླ་རྟགས་རིག་གཞུང་དེབ་ཕྲེང»ཞེས་པ་འདིར་ཞིབ་འཇུག་པ་ཁོང་གི་བརྩམས་ཆོས་གསར་རྙིང་གཉིས་ཀ་གྲ་བསྡེབས་ནས་པར་བསྐྲུན་བྱས་འདུག་པ་འདིས། བརྩམས་ཆོས་འདི་དག་ནི་ལྕགས་ནག་གི་ཨ་ལོང་སྦྲེལ་བ་བཞིན་སྟོད་ལྷ་རབས་ནས་བར་མངའ་དར་དང་སྨད་སིལ་ཆད་བར་གྱི་ལོ་རྒྱུས་ཀྱི་གནད་དོན་གང་མང་ཞིག་གི་མདུད་པ་ལྷུག་པོར་བཀྲོལ་ཡོད་པས་ན་བོད་རང་གི་ལོ་རྒྱུས་ལ་དགའ་མཁན་དང་། བོད་རང་གི་ལོ་རྒྱུས་ལ་ལྟ་མཁན། ཡང་ན་བོད་རང་གི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་དང་། བོད་རང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན་ངེས་པར་བཀླག་རི་བའི་བརྩམས་ཆོས་སུ་བགྲང་ཆོག་གོ །

རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
       གངས་འཚོ་ལགས་ཀྱི་དངོས་མིང་ལ་ཐར་བ་འབུམ་ཟེར་ཞིང་། ༡༩༧༢ལོར་མདོ་སྨད་ཀླུ་ཚང་ཚོ་བཞིའི་ཡ་གྱལ་རུ་མང་སྡེ་བ་རུ་སྐྱེས། ཆུང་དུས་ནས་སློབ་ཆུང་དང་། སློབ་འབྲིང་། སློབ་གྲྭ་ཆེན་མོ་སོགས་རིམ་པར་འགྲིམས། ཞོར་དུ་དགོན་སྡེ་ཁག་ཏུ་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད་སོགས་ནང་ཆོས་ཀྱི་གཞུང་ལ་ཡང་སློབ་གཉེར་བྱས། ཁོང་གིས་སྔ་གཞུག་ཏུ། «ཀྲུང་གོའི་བོད་རིག་པ»དང་། «བོད་ལྗོངས་ཞིབ་འཇུག» «བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ» «མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ»སོགས་སུ་བོད་རིག་པའི་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ། གཞན་ཡང«སྦྲང་ཆར»དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «མང་ཚོགས་སྒྱུ་རྩལ» «གངས་རྒྱན་མེ་ཏོག»སོགས་བོད་ཀྱི་རྩོམ་རིག་དུས་དེབ་སྟེང་དུ་རྩོམ་རིག་དཔྱད་བརྗོད་དང་སྙན་ངག་ཉིས་བརྒྱར་ཉེ་བ་བཀོད། ཁོང་གི་བརྩམས་ཆོས་གཙོ་བོ་ལ། «ཁ་བཏགས་ལྟ་བུའི་དབྱངས་ཅན་མ»དང་། «ཆོ་ལོ་མིག་དགུ» «བདུད་ཤུལ་ཀླུ་ཚང་གི་ལོ་རྒྱུས» «དཀར་ནག་གི་འཐབ་མོ» «གཡག་དང་མཚོན» «བྱང་གི་ཤ་ལྤགས་སྐྱ་མོ»སོགས་མཆིས།
དཔེ་དེབ་འོས་སྦྱོར་གྱི་གསུང་། གུར་མགོན་སྐྱབས།
༄༅། །དཔེ་ཀློག་གི་ཉིན་མོར་དཔེ་ཆ་འཚོལ་བ།
གཟིགས་པར་མཛད་རྣམས་ངེས་པར་གཟིགས་མཛོད་དང་། །
ལོ་རྒྱུས་རྙིང་པས་ངེས་ཤེས་གསར་པ་སྐྱེ། །

                        ——གཏེར་ཆེན་འགྲོ་འདུལ་གླིང་པས། 

       “རང་རེ་རྣམས་ལ་ཡང་སྔོན་གྱི་དུས་སུ། རྒྱལ་བློན་དེ་དག་གིས་ལོ་དང་ཟླ་བ་རེ་བཞིན་ཅི་མཛད་ཀྱི་ལོ་རྒྱུས་རྒྱལ་རབས་ཤིན་ཏུ་རྒྱས་པ་ཞིག་ཡོད་པ་གོར་མ་ཆག་ལ། …… ཁམས་ཀྱི་དར་རྒུད་སྣ་ཚོགས་བྱུང་བའི་བར་ལ་རྒྱལ་རབས་རྣམས་ཀྱང་རྩ་མེད་དུ་ཡལ་ཏེ། དུས་ཕྱིས་ཙ་ན་ཆོས་དང་འབྲེལ་བའི་མཛད་འཕྲིན་ཅི་གནང་གི་ལོ་རྒྱུས་ཙམ་ལས་ལྷག་མར་མ་ལུས་པ་འདི་ལྟར་གྱུར་ཅིང”ཞེས་གསུངས་པ་མད་སྙམ་པའི་ངེས་ཤེས་དང་། ཅི་སྟེ་བདེན་པ་ཡང་དག་པའི་རྒྱུ་མཚན་གྱི་དབང་གིས་མཁས་དབང་དགེ་འདུན་ཆོས་འཕེལ་ནས་བཟུང་རང་ཅག་གིས་ཀྱང་སྲིད་ལུགས་རྐྱང་བར་བྱས་པའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་པའི་མགོ་ཚུགས། སྔོན་རབས་ལ་ཕྱིར་རྟོག་བྱེད་པའི་གཞི་བཏིངས། དེབ་རེ་གཉིས་དང་རྩོམ་ཐོ་རེ་བ་གྲངས་ལ་གཞུག་ཆོག་པ་འགའ་ཞིག་ཐོན། དེ་ལྟར་ཡང་ཕྱིས་ཀྱི«ཀྲུང་གོའི་བོད་རིག་པ»གཙོས་རིག་གཞུང་ཉམས་ཞིབ་དུས་དེབ་རྣམས་ཀྱི་གནད་ཆེ་ས་དང་གྲངས་འབོར་མང་ཤོས་དེ་ལོ་རྒྱུས་ཀྱི་ཆར་གཏོགས་ཤིང་། དེ་ལ་གླེང་རི་བ་དང་སྨྲ་རིན་ཆོག་པའི་གྲུབ་དོན་ཡང་བསྟན་དུ་ཡོད་པ་ཀུན་གྱིས་མཁྱེན་གསལ་ལོ། །
       དུས་བསྐལ་གསར་པའི་ལོ་རྒྱུས་ཉམས་ཞིབ་མཁན་མང་པོའི་ཁྲོད་ནས་མྱི་རང་གི་ངོ་བོ་བདག་ལ་རྒྱུས་ཅུང་ཟད་ཀྱང་མེད་ཅིང་། ལན་གཅིག་ལ་ཡང་མཇལ་མ་མྱོང་བའི་སྐུ་ཞབས་གངས་འཚོ་ལགས་ནི་རིག་ཚན་འདིའི་གནད་ཡོད་མི་སྣ་ཞིག་ཡིན་འདུག་པ་ལགས་ན། ཁྱེད་ཅག་གིས་མུར་དོ་སྣང་མཛད་རོགས།  
       ཁོང་གིས་སྔ་ཕྱིར་ལོ་རྒྱུས་ཉམས་ཞིབ་སྐོར་གྱི་དེབ་བཞི(«ཆོ་ལོ་མིག་དགུ»དང«དཀར་ནག་གི་འཐབ་མོ» «གཡག་དང་མཚོན» «བྱང་གི་ཤ་ལྤགས་སྐྱ་མོ»)བཏོན་པ་རྣམས་ལ་ཁོ་བོས་འདི་གར་དགོས་དབང་གིས་བསྐྱར་དུ་དཀར་ཆག་ཅིག་དགོད་པར་བྱ་སྟེ།
       ༡ བོད་མིའི་འབྱུང་ཁུངས་ཀྱི་སྐོར། ༢ གདོང་དམར་གྱི་རིགས། ༣ ཞང་ཞུང་གི་མིང་གི་འཇུག་ཡུལ། ༤ གཉའ་ཁྲི་བཙན་པོའི་སྐོར། ༥ གྲི་གུམ་བཙན་པོའི་གནད་དོན། ༦ སྤུ་དེ་གུང་རྒྱལ་དང་བློན་པོ་རུ་ལས་སྐྱེས་ཀྱི་འབྲེལ་བ། ༧ ངམ་སྟག་སྒྲ་ཀླུ་གོང་གི་སྐོར། ༨ བེེ་རོ་ཙ་ནའི་སྐོར། ༩ ཁྲི་ལྡེ་གཙུག་བརྟན་སྐུ་བཀྲོངས་པ། ༡༠ འཇང་ཚ་ལྷ་དབོན་གྱི་ལོ་རྒྱུས། ༡༡ མུ་ནེ་བཙན་པོའི་ལོ་རྒྱུས། ༡༢ མུ་ཏིག་བཙན་པོའི་སྐོར། ༡༣ བྲན་ཀ་དཔལ་གྱི་ཡོན་ཏན་གྱི་སྐོར། ༡༤ བཙན་པོ་རལ་བ་ཅན་གྱི་སྐོར། ༡༥ ལྷ་སྲས་གཙང་མའི་ལོ་རྒྱུས། ༡༦ རྒྱལ་པོ་འུ་དུམ་བཙན་པོའི་ལས་སྐལ། ༡༧ སྤུ་རྒྱལ་གྱི་བསྟན་བསྣུབས་ལ་ཐང་མིས་ངན་སྐུལ་བྱས་ཚུལ། ༡༨ ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་འགའ་ཞིག ༡༩ བོད་ཆེན་པོའི་རྒྱལ་ཁམས་སིལ་བུར་འཐོར་བ། ༢༠ མངའ་རིས་སྐོར་གསུམ་གྱི་རྒྱལ་པོ་ཐོག་མ་སྐྱིད་བདེ་ཉི་མ་མགོན། ༢༡ རི་མོ་ལས་མངོན་པའི་ཆབ་སྲིད་ལམ་ཕྱོགས། ༢༢ ཙོང་ཀ་ཆེ་ཆུང་གི་དོགས་གཅོད། ༢༣ དམག་དོན་འཐབ་ཇུས་ཁྲོད་ཀྱི་མཁར་རྫོང་གི་ནུས་པ། ༢༤ སྤུ་རྒྱལ་གྱི་དམག་དཔུང་བྱང་དུ་བསྐྱོད་པ། ༢༥ སྤུ་རྒྱལ་དང་གྲུ་གུ། ༢༦ ཐང་གུར་དང་གྲུ་གུའི་འབྲེལ་ལམ། ༢༧ དུར་གྱིས་ཀྱི་རང་བཙན་དང་ཆག་སྒོ། ༢༨ མོ་ཁྲོ་ཁ་གན་གྱི་སྐོར། ༢༩ འབུག་ཅོར་ཁ་གན་གྱི་སྐོར། ༣༠ སུའུ་ལུའུ་ཁ་གན་གྱི་སྐོར། ༣༡ གྲུ་གུའི་རྒྱལ་རབས་ཕྱི་མའི་ཉམས་རྒུད། ༣༢ ནུབ་ཡུལ་དང་འབྲེལ་བའི་ཞི་འདུམ་དང་མཉམ་འབྲེལ་བཅས་སོ། །
       འདི་ལས་ཁོང་གིས་ཐོག་མ་བོད་མིའི་འབྱུང་ཁུངས་ནས་ཁྲི་སྐྱིད་བདེ་ཉི་མ་མགོན་གྱི་བར་ཞིབ་ཙམ་དང་། སྤུ་རྒྱལ་བཙན་པོའི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་ཁ་མ་གསལ་བའི་ལོ་རྒྱུས་གཞན་དག་གི་སྐོར་རྣམས་ཏེ། གནའ་རབས་ལོ་རྒྱུས་ཅུང་འཐུས་ཚང་དང་བཅས་ཐེར་ཆགས་སུ་སོ་མང་གིས་སྐྲ་འཕྱིངས་ཤད་པ་བཞིན་དཔྱད་ཞིབ་མཛད་འདུག་པ་མཐོང་བར་འགྱུར་ཞིང་། འགའ་ཞིག་སྔ་མའི་རྒྱུན་ཁྲིགས་ཀྱི་བཤད་ལུགས་ནོར་བ་ཡོ་བསྲང་དང་། ལ་ལ་སྟོང་ཆར་ལུས་པ་ཁ་སྐོང་གི་ཚུལ་དུ་མཆིས་པས། ཀློག་པ་པོས་རྟོག་སྒྲུང་ལྟར་བཤར་ཐེངས་གཅིག་གིས་མ་བཀླགས་པར་བསམ་གྱིན་མནོས་ཤིག་དང་། ཁྱེད་ལ་དྲན་གཞི་གསར་པ་མང་པོ་བསྐྱེད་ནུས་པ་བསྙོན་དུ་མེད་ཅིང་། དེའི་ཟླ་ལ་ཞུགས་ན་ལོ་རྒྱུས་ཉམས་ཞིབ་ཀྱི་ལས་རིམ་ལ་སེམས་ངལ་དང་ཚེགས་སྡུག་ཇི་འདྲ་ཆེ་བའང་རྟོགས་པར་འགྱུར་སྙམ།
       སྐུ་ཞབས་གངས་འཚོ་ལགས་ཀྱི་རྩོམ་ཡིག་རྣམས་ལ་ནི་ཁོ་བོས་ཞིབ་པར་མཇལ་མྱོང་བར་མ་ཟད། ནམ་ཡང་ལོ་རྒྱུས་བསླབ་གཞིའི་དཔྱད་ཡིག་དང་པོར་བཞག་པ་ཡིན། སློབ་ཁྲིད་ཀྱི་སྐབས་ལ་ལར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱིས་ལ་བྱོན་པའི་ལོ་རྒྱུས་སྨྲ་བ་དོན་ལྡན་ཞིག་བཞག་ཆོག་ན་གངས་འཚོ་ཉིད་དོ་ཞེས་ངོམས་བཤད་ཀྱང་ཆེར་བྱས་མྱོང་སྟེ། དེ་ནི་རྩོམ་མཁན་ལ་མོས་ཞེན་གྱི་དབང་གིས་བག་མེད་པར་སྤོམ་ཚོད་བགྱིས་པ་མ་ཡིན་པར། དཔྱད་འབྲས་ཀྱི་གྲུབ་དོན་ལ་དཔགས་པའི་མྱོང་སྣང་ངོ་མའི་སྟབས་ཀྱིས་སོ། །རྒྱུ་མཚན་འགའ་ཞིག་ཡོད་དེ། ཡིག་རྩ་བཟང་བས་དོན་གྱི་གནད་ཟིན་པ། དོན་རྩ་ཟབ་པས་ངེས་ཤེས་གསར་པ་བསྐྱེད་པ། མདོ་རྩ་གསལ་བས་དགོས་དོན་རྫོགས་པ། རང་བཟོའི་ཉེས་པ་མེད་པས་ཁུངས་ཐུབ་པ། ཞིབ་རགས་རྣམ་དབྱེ་ཐོན་པས་གོ་རིམ་སྟབས་འགྲིག་པ། གཞན་ཡང་གང་ལུང་དྲངས་པ་རྣམས་གོད་མེད་དུ་འབབ་པ། རིགས་པས་ཉམས་བརྟག་ཚོད་བརྟག་རན་པ།  ཚིག་གི་ཟུར་ཐོན་པ། དོན་གྱི་སྣེ་མ་རལ་བ། ཤེས་རབ་ཀྱི་ཟོ་རིག་ཆེ་བ། བརྗོད་པ་ཚང་ལ་མ་ནོར་མ་འཁྲུགས་པ་སོགས་ལེགས་ཚོགས་ཇི་སྙེད་ཅིག་འདུས་པ་ཉིད་དོ། །
       ཆབ་སྲིད་ཀྱི་ལས་དོན་ནི་མ་གཞི་ནས་རྙོག་ཆ་ཆེ་ལ་གསང་ཆ་མང་བ། འཕྲོད་སྦྱོར་མཐའ་དག་འགལ་འཐབ་དང་དོ་ཕོག་གིས་གྲུབ་པ་ཞིག་ཡིན་པས། ཁོང་གིས་ཆབ་སྲིད་ལོ་རྒྱུས་ལ་རྟོག་འཇུག་བྱེད་པའི་ཚེ་ན་རྒྱལ་བློན་དང་རིགས་རུས། སྒེར་དང་ཚོགས་པ། གོང་འོག་གི་འགལ་རྐྱེན་མང་པོ་ན་ལེ་ཤམ་དཀར་པོ་བཞིན་གར་བྱུང་གཏོལ་མེད་པ་གློ་རྡེག་ཅིག་ཏུ་མ་བསམ་པར། སྔ་ལོགས་ཕྱི་ལོགས་ཀྱི་ཀུན་སློང་དང་། གཡོ་ཇུས། བྱུས་ཉེས། བྱུར་ཐག ཕན་ཁེ། བྱེད་སྦྱོར། རིམ་དང་རིམ་མིན། མཐའ་དོན་སོགས་ཡར་འདེད་མར་ཕུད་དང་། ཕར་བདའ་ཚུར་ཕུལ་གྱིས་ལེགས་པར་བརྟགས་པའི་ངལ་བ་དང་དུ་བླངས་ཡོད་ཅིང་། འགལ་འཐབ་དེ་དག་ཀྱང་ཕྱི་མ་སྔ་མའི་རྒྱུན་ལས་བྱུང་བ་དང་། སྔ་མ་ཕྱི་མའི་སྟེགས་སུ་འགྲོ་བར་བྱས་ཏེ་ལོ་རྒྱུས་ཀྱི་གསང་ཆ་མང་པོ་སྐྱེན་པོ་མདའ་ཡིས་ལོ་མའི་བརྩེགས་རིམ་ཕུག་པ་བཞིན་གསལ་ལྷང་ངེར། ལྷུ་ཐིངས་ངེར། མཐིལ་ཕྱིན་པར་བྱས་ཡོད་དེ། དེབ་བཞི་གའི་གཞུང་དེ་ལ་བརྟེན་ནས་བསྲིངས་འདུག་པར་སྙམ་མོ། །
       དེས་ན། དེ་ལ་སྐྱོན་ཞད་གཞར་ཡང་མེད་དམ་ཞེ་ན། ཡོད་སྲིད་མོད་ཀྱང་ཁོ་བོ་ནི་རྟག་པར་གཞན་གྱི་དེབ་ལས་ལེགས་ཆ་ལེན་པ་མ་གཏོགས་ཞན་ཆ་སྡུད་མཁན་ཞིག་ཡེ་ནས་མ་ཡིན་པས། འདིར་ངེས་པར་གླེང་དགོས་པ་འགའ་ཡང་མ་རྙེད་དོ། །
       མཐར་གསལ་འདེབས་ཕྲན་ཙམ་ཞུ་རྒྱུ་ནི། བོད་ཀྱི་ལོ་རྒྱུས་ཅུང་ཟབ་ཟབ་ཏུ་ཉམས་ཞིབ་གནང་མཁན་དང་། བོད་ཀྱི་ལོ་རྒྱུས་སྤྱི་བཤད་ཀྱི་བསྟན་བཅོས་རྩོམ་མཁན་ནམ་སློབ་དེབ་འབྲི་མཁན་དག་གིས་ངེས་པར་སྐུ་ཞབས་གངས་འཚོ་ལགས་ཀྱི་དེབ་འདི་དག་ཞིབ་ཏུ་བཀླག་རིགས་སོ། །
ཀྱེེ།
དིང་སང་དུས་དབང་ལོག་པའི་ཡང་མཐར་ཡང་། །
བདེན་རྫུན་འཐབ་མོ་འགྱེད་པའི་ཀི་སྒྲའི་ལན། །
བྲག་ཅར་འཁྱིལ་བ་རྗེས་ཞུགས་རི་མོ་སྟེ། །
གཟུར་གནས་བྲང་ལས་ཤོར་བའི་ངར་ཞགས་སོ། །
 
ཞེས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ལོ་རྒྱུས་དགེ་རྒན་གུར་མགོན་སྐྱབས་ཀྱིས།
སྤྱི་ལོ
2024ལོའི་ཟླ4པའི་ཚེས23སྟེ་འཛམ་གླིང་དཔེ་ཀློག་གི་ཉིན་མོར་ཕུལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།