ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་ངག

རྩོམ་པ་པོ།:ས་དཀྱིལ་ཚེ་བཀྲ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-04-09 10:13:24 ཀློག་གྲངས།:
གསེར་མདོག་གི་རང་ཁྱིམ།
ས་དཀྱིལ་ཚེ་བཀྲ།
               
       རྨི་ལམ་དང་རེ་སྒུག  
       ཡང་ན་མཛའ་གཞས་དང་ལྗང་ལོ་འཐོར་བའི་རང་ཁྱིམ།
       ཁོ་བོས་སྒོ་མོ་རྡུང་མཁན་ཞིག་ལ་སྒུག་ཡོད།
       ས་གཞི་ནས་བལྟས་ཚེ། ནམ་མཁའ་ནི་འགྱུར་སླ་བའི་ནག་མོ་ཞིག་གི་ངོ་གདོང་དང་འདྲ་སྟེ། གཅོང་སེམས་ལྗིད་མོ་ཞིག ཚེ་སྲོག་རྨས་མ་ཞིག ནམ་མཁའི་དབྱིངས་སུ་འཕུར།
       ཚིམ་པ་མེད་པར། རྫུ་བག་བྲལ་བར་འདྲ་གཟུགས་མང་པོ་ཞིག་རང་ཁྱིམ་གྱི་སྒོ་ཁར་འཚང་བྱུང་ལ། དེ་དག་ནི་ལྷ་ཚོགས་བཞིན་གཏན་སྡོད་གནང་མཁན་ནམ། ཡང་ན། མཐར་སྤྲོད་གཏོང་དཀའ་བ་དག་རེད།
       ཉི་འོད་དང་འདྲ་བར་གླུ་སྐད་ཅིག་རྒྱང་རིང་དུ་མཆེད་དུས།
       རླབས་རྒྱུན་དང་མཚུངས་པར་ཟུངས་ཁྲག་ཅིག་ས་ཆེན་གྱི་སྙིང་ཁ་ན་ཆལ་ཆིལ་གཡོ་བ་ནི་གསེར་མདོག་གི་རང་ཁྱིམ་དང་དེའི་གཏམ་རྒྱུད་ཀྱི་ཡང་སྙིང་ངོ་། །
       ཁོ་བོས་ནམ་རྒྱུན་ལྷན་འཛོམས་ཤིག་སྨོན་གྱིན་ཡོད་ནའང་། ཁོ་བོས་ནམ་རྒྱུན་སྨྲེ་ངག་ཅིག་གྱེར་གྱིན་འདུག་ནའང་། ཁྱེད་ཀྱི་འཚོ་བའི་ལྟག་རྒྱབ་ན་སྙན་འཇེབས་ཀྱི་གླུ་སྒྲ་ཅི་ཡང་ཐོས་རྒྱུ་མེད་དེ། ཟླ་ངོགས་ཀྱི་སྐྱོ་ཤས་དང་སྟོན་མཇུག་གི་སེམས་གཞས་དག མེས་པོའི་སྐུ་བརྙན་འབར་བའི་འོད་ཀྱི་གཟིམ་ཤག་ཏུ་བཞུགས་པར་སུ་ཡིས་ཡིད་རྟོན་བྱེད།
       ཟུངས་ཁྲག་གི་བཞུར་སྟངས་འཇགས་ནས་ལོ་རྒྱུས་ཀྱི་ཤ་དྲོད་ཉམས་ཤིང་།
       ལོངས་སྤྱོད་ཀྱི་རི་རབ་ཟད་ནས་མཐའ་མེད་པའི་གཙང་བོར་བྲུལ་དུས།
       ཁྱེད་ཀྱི་དུངས་ཞེན་དང་རུས་རྐང་། བློ་སྤོབས་དང་གླུ་སྒྲ་དག་རྒས་ཁོག་གི་ལོ་ཟླ་བཞིན་དབུལ་ཞིང་ཕོངས་ཏེ་བསམ་བློའི་སྟོབས་ཤུགས་ཀྱང་གྲིབ་གཟུགས་ནག་པོ་ཞིག་དང་ལྷན་དུ་ནག་ཡོར་ཡོར།
       ལྷ་ཆེན་ལགས།
       སྨྱུག་གཟེབ་ཀྱི་ན་ཟུག་ལས་གསེར་མདོག་གི་རང་ཁྱིམ་སྨྱོ་ཧམ་གྱི་ནུབ་རླུང་གིས་ཧྲག་ཧྲག་ལྡད་ཅིང་ཟོས་ཚར་ཏེ། ས་གཞིའི་ལང་ཚོ་དང་ངང་བ་འདམ་ལ་ཟུག་པའི་གཏམ་རྒྱུད་ཀྱང་རི་ཆེན་གྱི་ཡང་རྩེ་ན་མྱ་ངན་འཁོར་བའི་གནམ་འོག་གི་དུར་ཁྲོད་འདྲ།
       ཚེ་སྲོག་འདི་རེ་ལྟོས་ཀྱི་སྨྲེང་བས་ཁེངས་ཤིང་། མཐོང་ལམ་འདི་ས་སྲོད་ཀྱི་གྲིབ་སོས་སྒྲིབ་དུས་གསེར་མདོག་གི་རང་ཁྱིམ་འདི་མཆོད་བཀུར་དང་བདག་སྐྱོང་མེད་པར་ས་རྡུལ་གྱིས་ཁེབས་པའི་ལྷ་ཁང་རྙིང་རུལ་ཞིག་དང་མཚུངས་ཨང་།
       ལོ་ཟླའི་ལྗིད་ཤུགས་འདེགས་པའི་བང་སོའི་འགྱིང་སྟབས་ཀྱིས། ས་ཆེན་གྱི་སྙིང་ཁ་མཐོ་ནས་མཐོ་རུ་ལྡིང་ཞིང་། བྲག་ཐེམ་གྱི་རྒོད་པོའི་ཚོགས་མཐོ་ནས་མཐོ་རུ་འཕུར།
       ཁོ་བོའི་གླུ་སྒྲ་འཇགས་མི་སྲིད་ཅིང་། ཁོ་བོའི་སྐྲ་ལོ་དང་སྙན་ངག་གིས་ནམ་ཡང་ཁྱེད་ཀྱི་བརླ་རྐང་དང་ཁྱེད་ཀྱི་ན་ཟུག་གི་སྒོ་གླེགས་ཡང་ཡང་རྡུང་བར་བྱེད།
       དེ་ནས་བཟུང་། འཇའ་འོད་བཞིན་གནམ་མཐའི་ཕ་རོལ་དུ་བསྲིངས་པའི་གྲིབ་གཟུགས་དེ། རྒྱང་རིང་ལ་གཏད་པའི་ཨ་མའི་མིག་འབྲས་བཞིན། དུང་སེམས་ཁྲི་ཕྲག་གི་ཡང་སྙིང་ན་སྔོ་ལྡེམ་མེར་འཁྱིལ་བའི་ཁྲི་ཤོར་རྒྱལ་མོ་དང་འདྲ་ལ། སྐྱོ་དབྱངས་སྟོང་ཕྲག་གི་རྩེ་མོ་ན་གཉོམ་དུང་ངེར་འཁྲེང་སེམས་རླུང་ལ་རྡར་བའི་བྱ་ཁྱུ་དཀར་པོ་དང་མཚུངས་ཨང་།
       ཁྱེད་ཀྱིས་མཐོང་ཨེ་བྱུང་། རླབས་རྒྱུན་གྱི་ཁྲོད་དུ་བརྩེ་གླུ་གྱེར་བའི་གཙང་འགྲམ་གྱི་གྲུ་བ་དག གྲང་ངར་གྱི་གསེང་དུ་ཤུགས་རིང་འབྱིན་པའི་མཚན་ལྗོངས་ཀྱི་སྐར་མདའི་ཚོགས། རེ་རེ་བཞིན། སེམས་པ་གཞུ་རྒྱུད་ལ་དྲངས་པ་བཞིན་སྔ་མོ་ནས་ལམ་ལ་ཆས་ནས་ཀྱང་། ཉི་འོད་ཅི་ཡང་རག་མ་ཐུབ་ཅིང་ཧྲག་བར་གང་ལའང་འཛུལ་ཐུབ་མ་བྱུང་ངོ་། །
       གྲང་ངར་མ་ལྡང་བར་ས་གཞི་རྔམ་མཐུག་པོའི་འཁྱག་དར་དང་འབྱར་ཞིང་། འོད་མདངས་མ་ཉམས་པར་ལུག་ཁྱུ་སྨག་གནག་པའི་སྤྱང་ཚོགས་དང་ཕྲད་སོང་ལ། གྱེས་ཕྱག་མ་འཚལ་བར་ཡིད་དུངས་པའི་མཛའ་གཞས། བརྩེ་སེམས་དྲོན་མོའི་མིག་ཆུ་དང་འདྲེས་སོང་།
       གོ་རྟོགས་ཀྱི་གཟི་འོད་དང་བརྩེ་ཞེན་གྱི་མིག་འབྲས། ཡང་ན། འདུ་ཤེས་ཀྱི་མེ་ལྕེ་མཆེད་པའི་ལྷ་མོ་ཁྱེད་ཀྱིས་རྒྱང་རིང་རྒྱང་རིང་གི་བྱ་ཁྱུ་དཀར་པོ་དང་ལྷན་དུ། རང་ཁྱིམ་གྱི་མཁའ་དབྱིངས་སུ་རླུང་རྟ་ཁྲི་ཕྲག་གི་གཤོག་པ་དང་གཞས་གདངས་སྙན་མོ་ཞིག་གི་དབྱངས་རྟ་གནང་སྦྱིན་བགྱི་བར་འཚལ།
       ལམ། རང་གི་རྐང་འོག་ཏུ་ཡོད་ཅིང་། ལམ་རང་གི་ཁ་གཏད་ནས་རྒྱང་རིང་རྒྱང་རིང་དུ་བསྲིངས་ནའང་། ལོ་ཟླའི་བཀྲག་མདངས་ལས་མིག་ཟུང་གནམ་ལ་འཁོར་བའི་སྐུ་མགྲོན་ཚོགས། འོད་ཀྱི་བཞུར་རྒྱུན་ལས་སྙིང་རྩའི་སྦུབས་སུ་སིམ་པའི་སྨོན་ཚིག་ཀུན། དྲན་ཤིང་གི་གྲུ་ཁ་འདི་ནས། གཡོ་སྐྱོམ་གྱི་རླབས་ཁུགས་འདི་ནས། སྒྱུ་འཕྲུལ་གྱི་མཆོད་རྐོང་དུ་ཐིམ་ཞིང་། སྨྱུག་གཟེབ་ཀྱི་བར་སྣང་ནས་ན་ཟུག་གིས་ལུས་སོང་།
༡༠
       ཀྱེ། རེ་སྒུག་གི་ལྷ་མོ་ལགས།
       རང་ཁྱིམ་གྱི་བླ་སྲོག་ཡ།
       གཅོང་ནད་འདི། སྨག་རུམ་ཟབ་ཅིང་རྨི་ལམ་མང་པོའི་མཚན་ལྗོངས་ཤིག་གི་ཕར་ཁ་དང་འདྲ་བས། ཁོ་བོས་ཅི་ཞིག་ཁྱེད་ཀྱི་མགུལ་བར་བསྒྲོན་ནས་གསོལ་བ་འདེབས་སམ། ཡང་ན། གང་ཞིག་མཐོ་རུ་བཏེགས་ནས་ཁྱེད་ཀྱི་སྙན་དབང་གསོའམ།
       དུས་ཀྱི་ནུབ་རླུང་གིས་ས་མཐའི་སྙིང་ཁ་གཅུན།
       སྙིང་རྩའི་འཕར་སྒྲ་ཡིས་ལང་ཚོའི་དྲན་ཤེས་ན།
༡༡
       ས་སྲོད་ཀྱི་ངོ་གདོང་ལས་མཚམས་སྤྲིན་དང་རོལ་དབྱངས་ཀྱི་བརྩེ་བས་ཁེངས།
       རང་ཁྱིམ་གྱི་གསེར་མདོག་མཐའ་དག་ཉི་འོད་དང་འདྲ་བར་ནམ་མཁའི་རྒྱན་ཆ་རེད་མོད། འོན་ཀྱང་། སྐར་ཚོམ་ལྟ་བུའི་མི་ཚོགས་ཀྱི་རྔམ་བརྗིད་ཁྲོད་རླུང་ཆེན་གྱི་གཤོག་པ་ཐོགས་པའི་བྱ་རྒོད་དག སྔ་མོ་ནས་ས་ཆེན་གྱི་མཐོ་སར་བབས་ནས། ཁྲག་དྲོན་གྱི་འབབ་རྒྱུན་དང་ལོངས་སྤྱོད་ཀྱི་མངའ་ཐང་། དུངས་སེམས་ཀྱི་མཛའ་གཞས། རེ་རེ་ལ་སྒྱུ་འཕྲུལ་གྱི་མིག་འབྲས་བརྐྱངས་ཚར་བ་ཇི་འདྲའི་ཡ་རེ་ང་ཨང་།
༡༢
       རི་རབ་ལྟར་ལྕི་བའི་ངང་སྒུག་གི་གོ་རིམ་ཁྲོད། རྩེད་མཚར་དང་ཀུ་རེ། ཡང་ན། ཆེས་བསླུ་བྲིད་ལྡན་པའི་བུད་མེད་འགའ་ཞིག་གི་མིག་ཆུ་དང་འདྲ་བར་བྲག་ཅ་ཞིག་ས་རྡུལ་གྱི་ཁྲོད་ན་རླུང་བུ་དང་མཉམ་དུ། ཐག་རིང་ནས་ཇེ་ཉེ་ཇེ་ཉེར་མཆེད་འོང་དུས། ཁྱེད་ཁོ་ན། ཁོའི་ཚེ་སྲོག་གི་རིན་ཐང་དང་སུན་སྣང་གི་དྲན་པ་གསོ་བའི་གསེར་མདོག་གི་རང་ཁྱིམ་དང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལགས།
       རྨི་ལམ་ནང་གི་ཁྱེད། རེ་སྒུག་ཁྲོད་ཀྱི་ཁྱེད། ལམ་འགྲོ་བ་བཞིན་ཐག་རིང་ཐག་རིང་དུ་ཆས་ཟིན་པ་དང་འདྲ་ལ། ཐག་རིང་ཐག་རིང་ཞིག་ན་ཨ་མའི་ལག་ཟུང་དང་རེ་འབྲས་བཞིན། ཁོ་བོའི་ཉམ་ཆུང་གི་མགོ་བོར་བྱིལ་བྱིལ་བྱེད་པ་དང་མཚུངས།
༡༣
       སྒུག་གིན་སྒུག་གིན། སྒུག་པའི་སྙིང་ཁ་ལམ་ལམ་འབར།
       ཁྱེད་ཀྱིས་དྲན་སྲིད་དེ། ཁྱེད་ཀྱིས་དྲན་སྲིད་པའི་གསེར་མདོག་གི་འཇིག་རྟེན་དེ་ནི་རང་ཁྱིམ་ལགས།
       ཚོར་ཨེ་བྱུང་། ལྷན་སྐྱེས་ཀྱི་གཙང་བོ་ལྟེམ་ལྟེམ་གཡོ་བའི་གྲུ་ཁ་ནས། རྫི་གླུ་ཞིག སྐྲག་སྣང་དང་ཡིད་ཆེས་ཀྱི་ཁྲོད་ནས་ཁྱེད་ཕྱོགས་སུ་ཡང་ཡང་བསྐུར་ཞིང་བཏང་བ་དེ་ནི་ཁོ་བོའི་དྲན་གདུང་དང་རེ་སྒུག་རེད་ཨང་།
༡༤
       རེ་སྨོན་སྟོང་ཕྲག་གིས་འབར་བའི་འཁྲེང་སེམས་རེ་རེ།
       མི་ཚེའི་བསམ་འདུན་ཁྲོད་མངོན་པའི་ན་ཟུག་ཐེངས་ཤིག
༡༥
       ས་ཆེན་གྱི་ཡང་སྙིང་བརྟོལ་བའི་འོད་ཀྱི་ལམ་ཆེན་མ། རུས་རྐང་དང་ལྷན་དུ་བཞུར་བའི་ཁྲག་དྲོན་རློན་པ།
       དུངས་སེམས་དང་མེ་ལྕེ་མཉམ་དུ་འབར་བའི་བྱམས་བརྩེ་དྲོན་མོ། མི་ཡུལ་འདིར། སྟོང་ཁམས་ཀྱི་གཤོག་པ་དང་བདེན་དོན་གྱི་རྟོག་པ་རེད་ལ། བསིལ་རླུང་གི་འཇམ་ཤ་དང་གསོན་ཤུགས་ཀྱི་འཚོ་བཅུད་རེད།
       འཇའ་གཟུགས་ཀྱིས་རང་ཁྱིམ་བཀླུབས་པའི་ཚེ་ན། སྟོན་མཇུག་དང་འདྲ་བར་མགོ་བོ་དུད་པའི་སྙེ་མའི་ཚོགས་བཟོད་བསྲན་བྲལ་བར་མྱ་ངན་གྱིས་འཐོར་ཞིང་། གནས་ལུགས་ཟབ་མོའི་སྒྲ་དབྱངས་དག་ཀྱང་གོ་རིམ་འཆོལ་བའི་སྨྲ་བརྗོད་དང་འདྲེས་པས། བསླུ་བྲིད་མང་པོའི་རོལ་དབྱངས་སུ་ཞིག་གི་ལྐོག་གཡོ་དང་མཚུངས་ཏེ། ཁོ་བོས་ནམ་རྒྱུན་ལྷ་ཁང་གི་མདུན་ནས་གཞས་རེ་གཏོང་དུས། ཐག་རིང་ཐག་རིང་ཞིག་ནས་ངོ་མཚར་བའི་ཨ་ལན་སྟེར་མཁན་དེ་རང་ཉིད་ཀྱི་སྙན་ཚིག་དང་བྲག་ཅའོ། །
༡༦
       རང་ཁྱིམ་འདིར། ལོ་རྒྱུས་སྟེང་སྒྲིག་འཛུགས་དམ་པའི་ཁེར་ཚུགས་ཀྱི་ལྟ་བ་དང་འདུ་ཤེས། ཡང་ན། ཁེར་ཚུགས་ཀྱི་མངའ་ཐང་དང་ལོངས་སྤྱོད། གང་ཡང་མེད་པ་ག་ལ་ཡིན། སྔ་མོ་སྔ་མོ་ཞིག་ལ། གདངས་སྙན་མོའི་ཁེར་ཚུགས་ཀྱི་གླུ་སྒྲ་ཕྱོགས་སུ་མཆེད། མཚོན་རྣོན་པོའི་མེ་དཔུང་གི་དཔའ་སྤོབས་དྲག་ཏུ་འབར། གཏིང་ཟབ་པའི་སྙན་ཚིག་གི་བླ་མཚོ་འོད་དུ་འཁྱིལ།
       ལྷ་ཆེན་མ། འཇམ་རླུང་ལྡང་བའི་ལྷིང་འཇགས་ཀྱི་རབ་ཁ་ནས་རང་ཁྱིམ་གྱི་སྒེའུ་ཁུང་སྟེང་ཟླ་འོད་ཇི་ལྟར་ཕོག ཆར་སིམ་ཇི་ལྟར་འབབ། ཕུག་རོན་ཇི་ལྟར་འཕུར། ཡང་ན། ས་རྡུལ་དང་སྨུག་སྤྲིན་གྱིས་སྒེའུ་ཁུང་བསྒྲིབས་ཚེ། ཉི་འོད་ཇི་ལྟར་རེག གླུ་སྐད་ཇི་ལྟར་ཐོས།
༡༧
       ཨ་སྔོན་ལ་མཐའ་མེད་ན་ཡང་།
       གནམ་འོག་གི་འདབ་ཆགས་དག་འཕུར་བར་རང་དབང་མེད་དོན་ཅི།
༡༨
       བསླུ་བྲིད་ཀྱིས་བཏེགས་པའི་ལོ་ཟླ་དང་ཁོར་ཡུག་ཡོམ་ཡོམ་འདར་ནའང་།
       ཡིད་འོང་གི་རྩེད་ར་ཇི་བཞིན། རང་ཁྱིམ་གྱི་གསེར་མདོག་ཡོད་ཚད་དང་རྟག་བརྟན་གྱི་རྣམ་ཤེས་མང་པོ་རི་བོའི་ཕ་རོལ་ཏུ་སྣང་སྟོང་གི་སྨིག་རྒྱུ་དང་མཚུངས་ཏེ། བདེན་ལུགས་ཅི་ཡང་མེད་པར་རང་ཁྱིམ་གྱི་ལོ་རྒྱུས་དང་གཏམ་རྒྱུད་དག་བགྲེས་སོང་བཞིན་ཤེས་མེད་ཚོར་མེད་ཀྱིས་རྒས་ཀྱིན་འདུག རྒས་ཀྱིན་འདུག
       བླ་སྲོག་སྟེ། དབྱངས་ཀྱི་ལྷ་ཆེན་མ།
       ཁྱེད་ཀྱིས་ཞལ་གཟིགས་མངོན་རན་པའི་དུས་ན་ཡང་། སྣུམ་བཅུད་ཀྱི་འོ་ཟོར་སྐྱུར་དྲི་ལྡང་དོན་ཅི།
       རྨི་ལམ་དང་སྨོན་ཚིག་ལྟར་ནམ་ཞིག་ཁྱེད་ཀྱིས་གསེར་མདོག་གི་རང་ཁྱིམ་དུ་སུ་ཞིག་ཁུ་སིམ་མེར་འཇོག་སྲིད་ཚེ། དེ་དུས་གངས་ཀྱི་ར་བ་འདིར་ཁོ་བོར་གཅོང་སེམས་དང་ན་ཟུག ཡང་ན། བག་འཁུམས་དང་ཁེར་གཞས་སོགས་མྱོང་མི་འདོད་པའི་ལས་སྐལ་ཅི་ཡང་ཡོད་མི་སྲིད་ཨང་།
༡༩
       ལྷ་ཆེན་མ། ཁ་བཏགས་དབྱིངས་སུ་འཐེན་ནས་རྟེན་འབྲེལ་ཞུ།
       མཆོད་པ་ལན་མང་བཤམས་ཏེ་གུས་ཕྱག་འཚལ།
       སྒྲེང་ཕྲེང་མཐོན་པོར་བཏེགས་ནས་གསོལ་བ་འདེབས།
       མིག་འབྲས་རྒྱང་དུ་བསྲིངས་ཏེ་རེ་སྒུག་བྱེད།

རྩོམ་པ་པོ་ངོ་སྤྲོད།
       ས་དཀྱིལ་ཚེ་བཀྲ། རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། ད་ལྟའི་བར་ལྷུག་རྩོམ་སྙན་ངག་གཙོ་བྱས་སྙན་ངག་གི་བརྩམས་ཆོས་མང་པོ་ཞིག་བྲིས་མྱོང་། 2014ལོར་ལུའུ་ཞུན་རྩོམ་རིག་སློབ་གླིང་དུ་སློབ་སྦྱོང་བྱས། 2018ལོ་ནས2022ལོའི་བར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་བསླབ་གཞི་རྩོམ་སྒྱུར་ཁང་གཉིས་ཀྱི་གདན་ཞུས་ལྟར་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་དེབ་རྩོམ་སྒྲིག་དང་བཟོ་བཅོས་བྱ་བར་ཞུགས། སྔ་ཕྱིར«རྨ་ལྷོ་བོད་ཡིག་ཚགས་པར»དང«རང་གྲོལ»ཚགས་དེབ་གཉིས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པའི་བྱ་བ་བསྒྲུབས་མྱོང་། སྙན་དེབ«ཕུག་རོན་གྱི་རྣམ་ཤེས»དང་ལྷུག་རྩོམ་དེབ«ཕར་རྒྱབ་ཀྱི་ལོ་ཟླ»སོགས་པར་དུ་བསྐྲུན་ཡོད། ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་བཅས་ཡིན།

རྩོམ་ཁུངས། ༢༠༢༤ལོའི«ཟླ་ཟེར»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།