ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས།

རྩོམ་པ་པོ།: ཡོང་ཁུངས།:སྦྲང་ཆར། དུས་ཚོད།:2024-04-03 14:16:43 ཀློག་གྲངས།:
ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས་པར་དུ་བསྐྲུན་པ།
སྒྲུང་འབྲིང་། (ཁག་དང་པོ)
 
       ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་ཀྲུང་གོའི་རིག་གནས་གསར་བའི་ལས་འགུལ་གྱི་རླབས་ཆེ་བའི་དར་ཆ་སྒྲེང་མཁན་ཏེ། སྐུ་ཞབས་ལུའུ་ཞུན་ལགས་ཀྱི་མཚན་ཐོག་ནས་སྤེལ་པའི་རྩོམ་རིག་བྱ་དགའ་ཆེན་པོ་ཞིག་ཡིན་ཞིང་། ལུའུ་ཞུན་རྩོམ་རིག་བྱ་དགའ་དང་། མའོ་ཏུན་རྩོམ་རིག་བྱ་དགའ། རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་རྟ་མཆོག་བྱ་དགའ། རྒྱལ་ཡོངས་ཕུལ་བྱུང་བྱིས་པའི་རྩོམ་རིག་བྱ་དགའ་བཅས་ལ། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱེད་པའི་རྩོམ་རིག་བྱ་དགའ་ཆེན་པོ་བཞི་ཞེས་བརྗོད། ལུའུ་ཞུན་རྩོམ་རིག་བྱ་དགའ་ནི1995ལོ་ནས་མགོ་བརྩམས་ཏེ་དཔྱད་འདེམས་བྱས་པ་དང་། 1997ལོར་སྐབས་དང་པོའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་བྱ་དགའ་གནང་། སྐབས་དང་པོ་ནི1995ལོ་ནས1996ལོ་སྟེ། ལོ་གཉིས་ཀྱི་བརྩམས་ཆོས་ཁྲོད་ནས་བདམས་ཤིང་། ད་ལྟའི་བར་དུ་སྐབས་བརྒྱད་ལ་སྤེལ། ལུའུ་ཞུན་རྩོམ་རིག་བྱ་དགའ་དེ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་ཞུགས་ལས་ཁུངས་དང་། དུས་དེབ། ཚགས་པར། དཔེ་སྐྲུན་ལས་ཁུངས་སོགས་ཀྱིས་འོས་སྦྱོར་བྱས་པའི་སྒྲུང་འབྲིང་དང་། སྒྲུང་ཐུང་། སྙན་ཞུ་རྩོམ་རིག སྙན་ངག ལྷུག་རྩོམ་མམ་འབོལ་རྩོམ། རྩོམ་རིག་གཞུང་ལུགས་དཔྱད་བརྗོད། ལོ་ཙཱའི་བརྩམས་ཆོས་བཅས་ལས་ཕུལ་དུ་བྱུང་བ་དག་བདམས་པ་ཡིན་ལ། བརྩམས་ཆོས་དེ་དག་གིས་ཀྲུང་གོའི་ཆེས་མཐོ་བའི་རྩོམ་རིག་གི་ཆུ་ཚད་མཚོན་གྱིན་ཡོད།
       དེ་ཡང་ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་འདེམ་པའི་རྩ་དོན་ནང་། བརྩམས་ཆོས་སོ་སོར་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱིས་མངོན་པར་ཕྱུག་དགོས་ཐོག རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དར་སྤེལ་དང་། ཐུན་མོང་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་ཀྱི་ནུས་པ་ཐོན་པ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་བཅས་ལ་བསམ་བློའི་མཛུབ་སྟོན་གྱི་ཕན་ནུས་ལྡན་དགོས་པར་མ་ཟད། ད་དུང་དུས་རབས་ཀྱི་སྙིང་སྟོབས་དང་ལོ་རྒྱུས་འཕེལ་འགྱུར་གྱི་ཁ་ཕྱོགས་མངོན་པར་མཚོན་པ། དངོས་ཡོད་འཚོ་བ་ཚུར་སྣང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་མི་རབས་གསར་བའི་སྣང་བརྙན་འབྲི་བཞེང་དང་སྐུལ་སྤེལ་བྱེད་པ། ཀློག་མཁན་རྣམས་ལ་སྐུལ་ལྕག་གཏོང་ཐུབ་པའི་བརྩམས་ཆོས་རིགས་གཙོ་བོར་འཛིན་པར་དོ་སྣང་བྱ་དགོས་ཞེས་བསྟན་པ་ལྟར། བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཕུལ་དུ་བྱུང་བ་དང་། ཀློག་པ་པོའི་རྒྱུད་ལ་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཇགས་པར་བྱེད་ཐུབ་པའི་རྒྱ་ཡིག་གི་བརྩམས་ཆོས་ལས་ཆེས་ལེགས་པའི་སྒྲུང་ཐུང་དང་སྒྲུང་འབྲིང་། ལྷུག་རྩོམ། སྙན་ངག སྙན་ཞུ་རྩོམ་རིག་སོགས་ལ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་བཞིན་ཡོད། ཀློག་པ་པོས་བྱ་དགའ་ཐོབ་པའི་ལེགས་རྩོམ་དག་བཀླག་པར་སྟབས་བདེ་བསྐྲུན་ཆེད། དཔེ་སྐྲུན་ཁང་སོ་སོས་ཀྱང་སྐབས་རེ་རེའི་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དེབ་གཟུགས་སུ་པར་སྐྲུན་བྱས་ནས། ཀློག་པ་པོའི་མིག་གི་དགའ་སྟོན་དུ་འབུལ་བཞིན་འདུག
       «སྦྲང་ཆར»རྩོམ་སྒྲིག་ཁང་གིས་བོད་ཀྱི་རྩོམ་པ་པོ་དང་ཀློག་པ་པོ་དག་ལ་རྩོམ་རིག་གི་ལེགས་སྐྱེས་གྱ་ནོམ་པ་ཞིག་དབུལ་ཆེད། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། དུས་རབས་གསར་བའི་སྐབས་འདིར། རྩོམ་རིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་རྒྱུན་འཁྱོངས་སྒོས། ད་ལོའང«ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས»(སྒྲུང་འབྲིང་ཁག་དང་པོ)ཞེས་པའི་པོད་བདུན་གྱི་བདག་ཉིད་ཅན་འདི་ཡིག་སྒྱུར་བྱེད་པའི་སྟ་གོན་བགྱིས་པའི་དུས་མཚུངས་སུ། གོང་རིམ་ལས་ཁུངས་དག་ལ་པར་སྐྲུན་གྱི་མ་དངུལ་ཐད་མཐུན་རྐྱེན་སྦྱོར་བར་སྙན་ཞུ་ཕུལ་པ་ན། རིམ་པ་གོང་མའི་ལས་ཁུངས་ཀྱིས་ཀྱང་བྱ་གཞག་འདི་ནི། སྤྱི་ཚོགས་དང་རྩོམ་རིག་ལ་ཞབས་འདེགས་ཞུ་བའི་ལས་གཞི་དོན་སྙིང་ཅན་ཞིག་ཡིན་པར་དམིགས་ཏེ། མ་དངུལ་གྱི་མཐུན་རྐྱེན་སྦྱོར་བར་ཆོག་མཆན་ཐོབ་པར་མ་ཟད། ད་དུང་བྱ་བའི་ཐད་དུའང་མཛུབ་སྟོན་གང་མང་གནང་། དེ་དང་ཆབས་ཅིག་འདི་ག་རྩོམ་སྒྲིག་ཁང་གིས་ཀྱང་མདོ་དབུས་ཁམས་གསུམ་གྱི་སྒྲུང་གཏམ་རྩོམ་པ་པོ་དང་ལོ་ཙཱ་པ་རྒན་གཞོན་དག་ལ་འབྲེལ་གཏུགས་ཡང་ཡང་བྱས་ཏེ། ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་ལས། སྒྲུང་འབྲིང་གི་སྐོར་ལོ་ཙཱའི་ལས་ལ་འཇུག་པའི་སྦྱོར་བ་དངོས་སུ་བསྟར་པ་དང་། སྒྱུར་མཁན་རྣམས་ལའང་འགྱུར་ཡིག་ཚད་ལྡན་ཡོང་བའི་ཐད་རེ་བ་ནན་མོ་བཏོན་པའོ། །
       «ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས»(སྒྲུང་འབྲིང་ཁག་དང་པོ)ནི། ལུའུ་ཞུན་རྩོམ་རིག་བྱ་དགའ་སྐབས་དང་པོ་ནས་སྐབས་གསུམ་པའི་བར་གྱི་སྒྲུང་འབྲིང་སྐོར་ཡིན་ཞིང་། ཁྱོན་བསྡོམས་སྒྲུང་འབྲིང19ཡིས་གྲུབ་ཡོད། བརྩམས་ཆོས་འདི་དག་ནི་བསམ་བློའི་ནང་དོན་གྱི་ཆ་དང་། ཡང་ན་སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་གང་རུང་ནས། ཀློག་པ་པོར་བཀླག་འདུན་གྱི་འགུགས་ཤུགས་དང་། རོ་མྱོང་གི་སྤྲོ་སྣང་བསམ་གྱིས་མི་ཁྱབ་པ་སྟེར་ངེས་ཀྱི་བརྩམས་ཆོས་རྐྱང་རྐྱང་ལགས་པས། སྒྲུང་འབྲིང་འདི་དག་གིས་ཀྲུང་གོའི་སྒྲུང་འབྲིང་གི་ཆེས་མཐོ་བའི་ཆུ་ཚད་མཚོན་ཐུབ། ང་ཚོས་ཀྱང་དུས་རབས་གསར་བའི་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་གཏང་དགོས་ན། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རྩོམ་རིག་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་སྣ་ཚོགས་ཀྱི་ལེགས་ཆར་སློབ་སྦྱོང་བྱ་དགོས་པར་མ་ཟད། ད་དུང་སྔོན་ཐོན་མི་རིགས་གཞན་གྱི་བརྩམས་ཆོས་ལེགས་པོའི་སྐོར་གྱི་མཚོན་ཐབས་སོགས་སློབ་སྦྱོང་དང་སྡུད་ལེན་བྱས་ཏེ། རྩོམ་རིག་གསར་རྩོམ་ཐད་ཕན་ཚུན་སློབ་སྦྱོང་དང་། བསམ་བློའི་འདུ་ཤེས་སྟེང་ཕན་ཚུན་འབྲེལ་འདྲིས། ཐུན་མོང་ངང་ཡར་རྒྱས་གོང་འཕེལ་དུ་གཏང་རྒྱུའང་དམིགས་འབེན་ཉག་གཅིག་ཡིན། དེ་བཞིན་སྔོན་ཐོན་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་དང་མཚོན་ཐབས་སྡུད་ལེན་བྱས་ན་ནི། ང་ཚོའི་རྩོམ་རིག་གི་འགྲོས་མྱུར་མོའི་ངང་འཕེལ་རྒྱས་འབྱུང་བར་ཕན་ཐོགས་ཆེན་པོ་ཡོད་ལ། གལ་འགངས་ཀྱང་ཧ་ཅང་ཆེ་བར་སེམས། 2022ལོར་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པའི་སྒྲུང་ཐུང་གི་སྐོར་ཏེ། 1995ལོ་ནས2017ལོའི་བར་གྱི་སྒྲུང་ཐུང་ཡོངས་སུ་བསྒྱུར་ནས་པར་སྐྲུན་བྱས། ད་ལོ་ནས་བཟུང་སྒྲུང་འབྲིང་གི་སྐོར་ལོ་ཙཱ་དང་པར་སྐྲུན་གྱི་ལས་སུ་ཞུགས་པ་དང་། རྗེས་མའི་ཆ་ལའང་ང་ཚོར་མཐུན་རྐྱེན་འཛོམས་ཚེ། ད་དུང་མུ་མཐུད་དུ«ལུའུ་ཞུན་རྩོམ་རིག་བྱ་དགའི་བརྩམས་ཆོས་བོད་འགྱུར་དཔེ་ཚོགས»ལས། སྒྲུང་འབྲིང་ཁག་གཉིས་པ་དང་ཁག་གསུམ་པ་སོགས་ཀྱང་པར་སྐྲུན་བྱ་འཆར་ཡོད་པས། རྒྱ་ཆེའི་རྩོམ་པ་པོ་དང་ལོ་ཙཱ་པ་རྒན་གཞོན་མང་བོའི་རྒྱབ་སྐྱོར་ནི་ཤིན་ཏུ་གལ་ཆེའོ། །
       མཐར་བགྱི་བ་འདི་ཡང་བོད་ཀྱི་རྩོམ་རིག་གི་སྐྱེད་མོས་ཚལ་དུ་དཔྱིད་དཔལ་རྣམ་པར་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ།

«སྦྲང་ཆར»རྩོམ་སྒྲིག་ཁང་གིས།
2024ལོའི་ཟླ4པའི་ཚེས2ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།