༄༅། །དེབ་གསར«སྤུ་རྒྱལ་བཙན་པོ་ཁྲི་འདུས་སྲོང་དུས་ཀྱི་དོན་ཆེན་གནད་བསྡུས་ཀྱི་མཆན་འགྲེལ་དང་ཞིབ་འཇུག»གི་འགྲེམས་བརྡ་སྲིད་པའི་གཡུ་བུར།

རྩོམ་པ་པོ།:ཀླུ་སྟོད་སྒྲོལ་མ་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-04 08:23:57 ཀློག་གྲངས།:
       དེ་ཡང་ཇི་སྐད་དུ། མ་བརྩམས་པ་ནི་མཆོག་ཡིན་གྱི། །བརྩམས་ནས་འདོར་བར་མི་བྱའོ། །ཞེས་པ་བཞིན། འཇིག་རྟེན་གྱི་བྱ་བ་གང་ཞིག་མགོ་བརྩམ་རྒྱུ་སླ་མོད་ཀྱི། མཇུག་སྐྱོང་རྒྱུ་ཤིན་ཏུ་དཀའ་བ་བཞིན། ད་རེས་ཀླུ་སྟོད་སྒྲོལ་མ་སྐྱབས་ཀྱི་དེབ་ཕུད«སྤུ་རྒྱལ་བཙན་པོ་ཁྲི་འདུས་སྲོང་དུས་ཀྱི་དོན་ཆེན་གནད་བསྡུས་ཀྱི་མཆན་འགྲེལ་དང་ཞིབ་འཇུག»ཅེས་པ་འདི། རྩོམ་པ་པོ་ཁོའི་རྒན་ལགས་མཆོག་དང་ཤག་རག་པོ་འགའི་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་ལ་བརྟེན་ཏེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་འགྲེམས་སྤར་བྱ་ཐུབ་ཡོད་པ་རེད།
       དེབ་འདིར་གཞུང་དུ་ས་བཅད་གསུམ་དང་དོན་ཚན་སོ་གཅིག །མ་ཡིག་དངོས་བསྟན་དང་། མ་ཡིག་ཕབ་བཤུས། བརྡ་རྙིང་མཆན་འགྲེལ། མཇུག་གི་དཔྱད་སྡོམ་སོགས་དོན་ཚན་ཆུང་ངུ་བརྒྱ་དང་བཞི་བཅུ། སྒོས་སུ་བརྡ་རྙིང་མཆན་འགྲེལ་སུམ་བརྒྱའི་སྒོ་ནས། མཆན་ཞིབ་སྦྲགས་མ་ཞིག་རང་ནུས་ཅི་ལྕོགས་ཀྱིས་བཀྲལ་ཡོད་ལ། དམིགས་དོན་ནི། ད་སྔའི་བར་དུ་བཙན་པོ་ཁྲི་འདུས་སྲོང་སྐབས་ཀྱི་དོན་ཆེན་གནད་བསྡུས་བརྗོད་པའི་ཤོག་དྲིལ་གྱི་ནང་དོན་ཧྲིལ་བོར་མཆན་འགྲེལ་ཞིབ་ཅིང་རྒྱས་པ་ཞིག་མཐོང་དཀོན་ཞིང་། ལྷག་པར་དུ་མིག་སྔའི་ཞིབ་འཇུག་གི་འབྲས་བུར་གཞིགས་ཏེ། སྔོན་ཆད་ནོར་འཁྲུལ་བྱུང་བ་དག་ཡོ་བསྲང་བགྱིས་ཏེ་ལྷན་དུ་བསྡེབས་པ་ཉུང་། དེ་བས། ཕྲན་གྱིས་ཞིབ་འཇུག་འཐུས་སྒོ་ཚང་ཞིང་། ཞིབ་ཆ་ཡོད་པ། གནད་དུ་ཁེལ་བ་ཞིག་ཡོང་བར་འབད་པ་བགྱིས་པ་ནི་དང་པོ་དང་། དེབ་འདི་ནི་ཕྲན་གྱི་འབུམ་རམས་པའི་སློབ་ཐོན་དཔྱད་རྩོམ་སྤུ་རྒྱལ་བཙན་པོ་ཁྲི་འདུས་སྲོང་ཞིབ་འཇུག་གི་ལྷན་ཐབས་ལྟ་བུ་ཡིན་ཏེ། ཆེད་དེབ་འདིར་མི་གསལ་བའི་ནང་དོན་ཁག་ཅིག་སློབ་ཐོན་དཔྱད་རྩོམ་དུ་གསལ་བ་དང་། སློབ་ཐོན་དཔྱད་རྩོམ་དུ་འཕྲོས་བཤད་བྱ་མ་ཐུབ་པའི་ནང་དོན་ཁག་གཅིག་ཆེད་དེབ་འདིར་གསལ་བས། འདི་གཉིས་ནི་སྤྱན་གཡས་གཡོན་ལྟ་བུ་སྟེ། གཉིས་ཀ་མཉམ་དུ་འཛོམས་ན། སྤུ་རྒྱལ་བཙན་པོ་ཁྲི་འདུས་སྲོང་མང་པོ་རྗེ་ནི་དཔའ་མཛངས་གཉིས་ལྡན་གྱི་བཙན་པོ་རང་ག་བ་ཞིག་མིན་པའི་ངེས་ཤེས་གསལ་པོ་འདྲོངས་ཐུབ་པ་ནི་གཉིས་པ། ཆེད་དེབ་འདི་ལ་བརྟེན་ཏེ། བཙན་པོ་ཁྲི་འདུས་སྲོང་ནི་སྐུ་ཆུང་ནས་གཞོན་གྱིས་ཀྱང་། ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒྲོག་ཏུ་བཅུག །སྟག་གི་རྣ་བར་བཟུང་བ་ལ་སོགས་པའི་སྐུ་རྩལ་ཆེ་ཞིང་། ཐུགས་སྒམ་ལ་ཁོངས་ཡངས་པ། བཀའ་བརྟན་ལ་ཟུང་ཐུབ་པ། མཐུ་སྟོབས་ཆེ་བ། དགྲ་ཐབས་མཁས་ཤིང་སྒམ་དཀྱེལ་ཆེ་བ། མཁྱེན་པ་ལ་འཕྲུལ་གྱི་ཚུལ་ཆགས་པ་དང་། མཛད་པ་ལྷའི་ལུགས་དང་མཐུན་པས་ཕྱི་ནང་སྙོམས་པ། བཀའ་ལུང་གཉན་པ་བཅས་དཔའ་མཛངས་གཉིས་ལྡན་དང་བསོད་ནམས་ལྔ་ལྡན་གྱི་བཙན་པོ་གཞན་དང་མི་འདྲ་བར་འཕགས་པ་ཞིག་ཡིན་པ་བསྒྲུབས་འདོད་པ་ནི་གསུམ་པའོ། །མཇུག་ཏུ། མ་རྟོགས་ལོག་རྟོག་གི་དབང་གིས་དཔེ་དེབ་ཀྱི་ནང་དོན་ལ་ནོར་འཁྲུལ་བྱུང་ན་སྙིང་ཐག་པ་ནས་དགོངས་དག་ཞུ་བ་དང་། དེ་མུར་རྩོམ་པ་པོར་འབྲེལ་ཏེ་དགོངས་འཆར་ལྷུག་རྩོལ་གནང་བའི་རེ་བ་ཞུ་བ་ལགས། །
སྤྱི་ལོ༢༠༢༥ལོའི་ཟླ༥པའི་ཚེས༢༣ཉིན་གོང་སྔོན་བླ་རིའི་ཉེ་འདབས་ཀྱི་ཨ་མཆོག་བདེ་མོ་ཐང་ནས་རྩོམ་པ་པོས་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག །
རྩོམ་པ་པོ་ངོ་སྤྲོད།
       ཀླུ་སྟོད་སྒྲོལ་མ་སྐྱབས། མདོ་སྨད་ཀླུ་སྟོད་ཀྱི་ཟམ་ཚ་རོང་འབྲོག་ཚོ་དྲུག་ལས་རོང་གི་ལོ་ཙོ་སྡེ་བར་རག་རྡོར་ཁྱིམ་རྒྱུད་དུ་སྐྱེས། སྤྱི་ལོ་གཉིས་སྟོང་ཉེར་གསུམ་ལོར་དབུས་ཡུལ་གྱི་ལྷ་ལྡན་གྲོང་ནས། ཀྲུང་གོའི་གྲངས་ཉུང་མི་རིགས་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། སྔ་ཕྱིར«ཀྲུང་གོའི་བོད་རིག་པ»གཙོས་པའི་དུས་དེབ་ཁག་ཏུ་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ་ཞིང་། རིག་གཞུང་བགྲོ་གླེང་དང་ལས་གཞི་འགའ་དོན་དུ་གཉེར། «རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་རྟོག་དཔྱོད»སོགས་ཀྱི་རྩོམ་སྒྲིག་ཞུ་དག་གི་ལས་སུ་ཞུགས་ཏེ་འགྲེམས་སྤེལ་བྱས། ད་ལྟ་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་དགོན་སྡེ་བྱ་བའི་གཞུང་སྒྲུབ་ཁང་དུ་བྱ་བ་སྒྲུབ་མུས་སུ་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།