ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > དེབ་གསར། «མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བྲིས་རྒྱུན་དབུ་ཅན་སྨྱུག་རིམ་བྱིས་པའི་གོམ་འགྲོས»
དེབ་གསར། «མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བྲིས་རྒྱུན་དབུ་ཅན་སྨྱུག་རིམ་བྱིས་པའི་གོམ་འགྲོས»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-08 08:25:18
ཀློག་གྲངས།:
༄༅། །འཇམ་དབྱངས་ཐོན་མིས་བསྐྲུན་པའི་ཡི་གེའི་གཟུགས། །
ཁྱུང་པོ་གཡུ་ཁྲིས་ཐིག་བཏབ་གཏན་འཇགས་སུ། །
གནས་པ་གཟབ་གཤར་མཛེས་རྩལ་རིམ་བརྒྱུད་ལ། །
ཕྱག་སོར་རྩལ་རྫོགས་འདོད་འཇོའི་ཞབས་ལ་འདུད། །
བྲིས་ཀྱི་རྒྱ་མཚོར་བགྲོད་པའི་གྲུ་བོ་ཆེ། །
ཚད་ལྡན་བྲིས་དཔེ་སྣ་ཚོགས་མང་མཆིས་ཀྱང་། །
གསར་སློབ་བྲིས་ལ་སྲེད་པའི་དོ་ར་རུ། །
བློ་དང་འཚམ་ཕྱིར་སྨྱུག་རིམ་ཕྱི་མོ་བྲི། །
ཁྱུང་པོ་གཡུ་ཁྲིས་ཐིག་བཏབ་གཏན་འཇགས་སུ། །
གནས་པ་གཟབ་གཤར་མཛེས་རྩལ་རིམ་བརྒྱུད་ལ། །
ཕྱག་སོར་རྩལ་རྫོགས་འདོད་འཇོའི་ཞབས་ལ་འདུད། །
བྲིས་ཀྱི་རྒྱ་མཚོར་བགྲོད་པའི་གྲུ་བོ་ཆེ། །
ཚད་ལྡན་བྲིས་དཔེ་སྣ་ཚོགས་མང་མཆིས་ཀྱང་། །
གསར་སློབ་བྲིས་ལ་སྲེད་པའི་དོ་ར་རུ། །
བློ་དང་འཚམ་ཕྱིར་སྨྱུག་རིམ་ཕྱི་མོ་བྲི། །
དེ་ཡང་རང་ཅག་ཁ་བ་གངས་ཅན་པའི་ཡུལ་འདིར་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་སློབ་དཔོན་ཐོན་མི་མཆོག་གིས་བོད་གྱི་སྐད་གདངས་དང་མཐུན་པའི་ཡི་གེ་སྲོལ་བཏོད་མཛད་པ་ནས་མཁས་དབང་རིམ་པར་རྒྱུད་ཆུ་ལམ་རྒྱུག་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ཡིག་གཟུགས་འབྲི་སྲོལ་མང་པོ་བྱུང་། དེ་བཞིན་མེས་པོ་དག་གི་ཕྱག་རྒྱུན་ཡི་གེ་གཟུགས་ཀྱིས་རྒྱལ་བའི་གསུང་རབ་རིན་པོ་ཆེ་དང་མི་རིགས་ལོ་རྒྱུས་སོགས་མང་པོ་རིས་སུ་བཀོད་ཡོད་པ་ནི་ད་ལྟ་མིག་ལམ་དུ་ཁྲ་ལམ་མེར་མཇལ་རྒྱུ་ཡོད་ནའང་། འཚོ་བའི་གོམ་སྟབས་ཀྱི་འགྲོས་མྱུར་བའི་དེང་གི་དུས་འདིར་སྤྱིར་བོད་ཡིག་ལ་དོ་སྣང་བྱེད་མཁན་ཉུང་བའི་ཁར་ཡིག་གཟུགས་བྲིས་ལ་འཇུག་མཁན་དང་། སྲོལ་རྒྱུན་ཡིག་རིས་ཁུངས་ལྡན་གྱི་བྲིས་རྒྱུན་ལ་འཛིན་སྐྱོང་བྱེད་མཁན་དེ་བས་ཀྱང་ཉུང་བས། ཕྲན་གྱིས་མི་ལོ་ཁ་ཤས་རིང་ཉི་མའི་མདངས་ཀྱིས་འཁྱུད་པའི་དམ་པའི་ཕྱག་རྒྱུན་ལྟར། སྦྱངས་ཐོབ་དང་ཉམས་མྱོང་ལས་རིགས་ཀྱི་སྡེ་ལ་གུས་ཞབས་ཡུད་ཙམ་པ་བགྱིས་པའི་ཁུལ་དུ།

༄༅། །མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བྲིས་རྒྱུན་དབུ་ཅན་སྨྱུག་རིམ་བྱིས་པའི་གོམ་འགྲོས།
བསྟན་འཛིན་རྒྱ་མཚོས་བྲིས།
ཨ་མདོའི་ཡུལ་དུ་དུས་རབས་ཀྱི་དཀྱོག་མཚམས་ཤིག་ནས་ཕྱག་སོར་རྩལ་གྱིས་འཁྱུག་པ། ཀུན་ཡིད་ཅིག་ཅར་འཕྲོག་པ། ཕྱག་རྒྱུན་དྲི་མ་མེད་པ། འཛམ་གླིང་ས་ཆེན་པོའི་དཀྱིལ་འཁོར་གྱི་ཤར་མཐའ། གངས་ཅན་བསིལ་མོ་ལྗོངས་སུ་སྙན་པ་གངས་སེང་གི་ངར་སྐད་ཕྱོགས་སུ་མཆེད་པའི་བྲིས་དབང་རྣམ་གཉིས་ལས། ཡོངས་གྲགས་སུ༧མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་ཕྱག་རྒྱུན་ཞེས་མིང་དུ་གྲགས་པ། ཡོངས་འཛིན་པཎྚི་ཏ་རྣམས་ལས་རིམ་པར་བརྒྱུད་པའི་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་ཀྱི་མ་ཕྱི་ཁོང་གི་ཕྱག་བསྟར་མ་དེ་ཕྱི་ལོ1960ལོ་ནས་དཔར་སྐྲུན་སྔ་ཕྱི་མང་པོ་བྱས་པས་བོད་མདོ་དབུས་ཁམས་གསུམ་ལ་དར་ཁྱབ་ཆེ་བའི་མ་ཕྱི་ཚད་ལྡན་དུ་གྱུར། བར་སྐབས་དེར་ཡིག་གཟུགས་སོ་སོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་སྒོ་ནས་སྦྱོང་བ་བྱེད་མཁན་ཡང་ཆར་ཤུལ་གྱི་སྤང་ལ་ཤ་མོ་རྡོལ་བ་བཞིན་རྒྱལ་ཕྱི་ནང་ཀུན་ཏུ་རིས་སུ་མ་ཆད་པས་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་མུས་སུ་ཡོད་པ་འདི་དགའ་བའི་གནས་སུ་ཆེ་མོད་ཀྱང་། ཁོང་གི་ཕྱག་བྲིས་མ་ཕྱི་དག་ལ་བྲིས་རྒྱུན་གཞན་དང་མ་འདྲ་བའི་རྩལ་བྲིས་རྐྱང་བ་ལས་ཐོག་མར་བྲིས་ལ་འཇུག་པའི་གསར་སློབ་པ་དག་གིས་བློའི་ཆུན་དཀའ་བ་དང་། གཞན་ཡང་དུས་རབས་གསར་བའི་གློག་རྡུལ་ཡི་གེ་དང་བརྡ་འཕྲིན་སོགས་དར་བ་ནས་བོད་ཀྱི་མེས་པོ་དག་གི་སྲོལ་རྒྱུན་ཡིག་རིགས་སྤྱི་དང་ཁྱད་པར༧མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་ཕྱག་རྒྱུན་འདིར་འགལ་རྐྱེན་དང་ཞོར་སྐྱོན་ཡང་མང་པོ་ཞིག་མཆིས་བཞིན་པ་ལ། དཔེར་ན། དགེ་རྒན་མེད་པར་འབྲི་སྦྱོང་བྱེད་པ། དང་པོ་ཐིག་ལ་མི་བསྟེན་པ། སྨྱུག་འགྲོས་གོ་རིམ་སྔ་ཕྱི་མི་མཐུན་པ། བྲིས་རྒྱུན་ཕན་ཚུན་བསྲེས་ནས་ཡ་མ་ཟུང་དུ་འབྲི་བ་སོགས་ཀྱི་ཞོར་སྐྱོན་ཡང་མང་དུ་སྣང་།

དེ་བས་ཕྲན་ཆུང་ནས་མི་ལོ་དུ་མའི་རིང་དགེ་རྒན་དམ་པ་རྐ་སར་དགེ་འདུན་དར་རྒྱས་ལགས་དང་། གཞན་ཡང་དགེ་བའི་བཤེས་གཉེན་མང་པོའི་མདུན་དུ་བླ་མའི་མན་ངག་བཞིན་སྦྱངས་བརྩོན་བྱས་པའི་ཉམས་མྱོང་བརྒྱུད་གོང་སྨྲས་ཀྱི་ཞོར་སྐྱོན་དག་རྐྱེན་དུ་བྱས་ནས་བྲིས་རྒྱུན་འདིར་འཇུག་བདེ་བ་དང་། ལྟོས་བཅས་ཀྱིས་རྗེས་རབས་པ་ཚོར་ཅུང་ཙམ་རེ་ཨེ་ཕན་སྙམ་པའི་ཀུན་སློང་གཙང་མ་ཞིག་གིས་མདུན་བསུས་དེ་བླ་མའི་ཕྱག་རྒྱུན་དང་མན་ངག་རྒྱ་མཚོའི་ཆུ་ཐིགས་ཙམ་ཞིག་བླངས་པའི་ཁུལ་གྱིས། གུས་སློབ་ནས་ཀྱང་བཟང་དྲུག་སྨན་ལ་ཁ་ཚར་གྱི་ཚུལ་དུ«མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གི་བྲིས་རྒྱུན་དབུ་ཅན་སྨྱུག་རིམ་བྱིས་པའི་གོམ་འགྲོས»ཞེས་པའི་ཐིག་དང་ཐ་སྙད་སྨྱུག་རིམ་སོགས་གང་གཟབ་གཟབ་གྱིས་སླ་ཆོས་སུ་མ་བཏང་བར་སྟོང་ཆ་ཁ་སྐོང་གི་ཚུལ་དུ་ངལ་བ་ཅུང་ཙམ་གྱི་ཞབས་ཞུ་བྱས་པའི་ཁུལ་ལགས་ན། དེ་ཡང་ཤེས་དམན་པ་བདག་གི་རང་འདོད་ཙམ་མ་ཡིན་པར། རེབ་གོང༧ཤར་སྐྱབས་མགོན་བརྒྱད་པ་ཆེན་པོ་མཆོག་གི་གཙོས་བདག་གི་དགེ་བའི་བཤེས་གཉེན་དམ་པ་རྣམས་དང་། ཁྱད་པར༧བསླབ་གསུམ་རྒྱན་གྱིས་མཛེས་པའི་མཆོག་སྤྲུལ་སྐུ་དབོན་ཆེན་པོ་གསེར་རིའི་མ་ཎི་བ་སྐུ་ཕྲེང་དྲུག་པ༧རྗེ་འཇིགས་མེད་ལེགས་བཤད་སྒྲ་དབྱངས་མཆོག་དགུང་གྲངས་བརྒྱད་ཅུར་བཞེས་པ་ཁོང་གིས་ཞལ་གསུང་དྲི་མེད་ལྷ་དར་དཀར་པོའི་གནང་བ་ལེགས་པར་ཐོབ་པ་ནི་བདག་གི་སྔོན་བསགས་ཀྱི་ལས་དང་བསོད་ནམས་ཀྱི་འབྲས་བུ་ཁོ་ནར་ངེས་ལ། བླ་མ་རིན་པོ་ཆེ་དངོས་ཀྱི་སློབ་མ་རྒན་རོང་བོ་འཇིགས་མེད་བློ་གྲོས་དང་། རྒན་སྒོ་དམར་དགེ་འདུན་དོན་གྲུབ་སོགས་ནས་སློབ་སྟོན་དང་དག་བཅོས་ཡང་ཡང་མཛད། གཞན་མི་ཚེ་ཧྲིལ་བོ་མི་རིགས་རིག་གནས་དང་སློབ་གསོའི་ལས་དོན་ལ་བསྟིམས་པའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཨ་ཁུ་བདེ་མཆོག་ཚང་དང་། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒན་རྒྱ་ཡེ་བཀྲ་བྷོ། རྒན་རྨོག་རུ་དོན་གྲུབ་ཚེ་རིང་། རྒན་པདྨ་བདུད་འདུལ་སོགས་ཀྱིས་སློབ་སྟོན་གནང་བའི་བཀའ་དྲིན་བསྐྱངས། དེ་བས་བྲིས་གཟུགས་སློབ་འདོད་པའི་ལས་དང་པོ་བ་དག་གི་བློ་ངོར་འཚམ་ཕྱིར་ཁ་སྐོང་གི་ཚུལ་དུ་བྲིས་པ་ལས་ཚད་མར་འཛིན་རུང་བའི་མ་ཕྱི་ཞིག་ཅིས་ཀྱང་མིན་ལ། སྨྱུག་འགྲོས་སོགས་ལ་བྱང་ཆ་དང་ཡི་གེ་ཆ་ཚད་ཀྱི་གཟུགས་ཉམས་ཅུང་ཐོན་པས་ན། ༧རྗེ་ཉིད་ཀྱི་མ་ཕྱི་དངོས་ནས་སྦྱོང་བ་གནད་ཆེ་བས་ཐུགས་འཇགས་འཚལ། དེ་བཞིན་མཁྱེན་དཔྱོད་ཡངས་པའི་གཟིགས་པ་པོ་རྣམས་ཀྱིས་ཕྲན་གྱིས་བྲིས་དཔེ་འདིས་སྐྱོན་གྱི་ཆ་ལ་གསང་བོར་སྨྲ་བའི་རེ་བ་དང་བཅས།



སྐྱེས་སྦྱངས་དབེན་ཡང་དགོས་དབང་གིས། །
སྐལ་མཉམ་རྣམས་ལ་ཕན་སླད་དུ། །
སྨྱུག་འགྲོས་ཐིག་སོགས་བྲིས་པ་འདིས། །
ཤེས་རིག་གསལ་བའི་དཔལ་ཐོབ་ཤོག །
སྐལ་མཉམ་རྣམས་ལ་ཕན་སླད་དུ། །
སྨྱུག་འགྲོས་ཐིག་སོགས་བྲིས་པ་འདིས། །
ཤེས་རིག་གསལ་བའི་དཔལ་ཐོབ་ཤོག །
ནང་དོན་ཡོང་ཁུངས། བླ་བྲང་དཔེ་གཟིགས་དགའ་ཚལ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།