ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > གསར་རྩོམ་གྱི་མྱོང་བ་ཕྲན་ཚེགས་ཞེས་བྱ་བ་བཞུགས་སོ།། སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས།
གསར་རྩོམ་གྱི་མྱོང་བ་ཕྲན་ཚེགས་ཞེས་བྱ་བ་བཞུགས་སོ།། སྐྱབས་ཆེན་བདེ་གྲོལ་གྱིས་བརྩམས།
རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-08 09:03:39
ཀློག་གྲངས།:
༄༅། །རྒན་པོ་ཁ་བདེའི་ཚིགས་བཅད་དར་དིར་དང་།། ཞི་ལི་ཁ་བདེའི་ལབ་རྡོལ་ཐན་ཐུན་དང་།། ཞི་མོ་ཁ་བདེའི་ལ་གཞས་ཐར་ཐོར་གསུམ།། རྩོམ་དུ་བཏགས་ཀྱང་རྩོམ་རིག་ངོ་མ་མིན།། ཚངས་དབྱངས་རྒྱ་མཚོ་ཟེར་བཞིན་ཀི་བཏབ་ཅིང་།། མི་ལ་རས་པ་ཟེར་བཞིན་ངུས་ནའང་།། ཇ་ཁ་ཆང་ཁའི་སྣང་བ་བསོར་གླུ་ཡིས།། སྙན་ངག་དགོས་འདོད་དཔུང་འཇོམས་གྲུབ་ལེ་མིན།། དུས་ཀྱི་སྨག་ཆེན་བསྐལ་པའི་འཇིག་པ་དང་།། མི་ཡི་རྒུད་པ་འཇིགས་རུང་སེམས་ཀྱི་ཞིང་།། ངོ་མཚར་སྒྱུ་མའི་པིར་གྱིས་གསལ་མིན་ན།། གྲོང་མཐའི་རྩོད་ཉོག་མེ་ཏོག་གླུ་དབྱངས་དང་།། དཔེ་རྒྱན་ལྟར་སྣང་གཟུགས་ཅན་བཅོས་མ་དང་།། ཕ་ཡུལ་དྲན་མགུར་ཉིན་གཅིག་སྐྱོ་གཞས་སོགས།། ཅི་ཙམ་བྲིས་ཀྱང་གད་སྙིགས་ཕུང་བོ་ཙམ།། སྔོན་དུས་སྙན་ངག་སྒྲུང་གཉིས་ལུས་གཅིག་སྟེ།། གྷེལ་གཱི་མ་ཤུ་མ་ཧཱ་བྷ་ར་ཏ།། ཧོ་མུར་སྒྲུང་དང་སྤྲིན་བཞོན་རྟོགས་བརྗོད་དང་།། རྫོགས་མཐའ་མེད་པའི་གེ་སར་དཔའ་སྒྲུང་སོགས།། ཤེས་རིག་དཔལ་ཡོན་སྐྱེད་པའི་གཙང་ཆུ་བཞིན།། སྐྱེ་བོ་ཀུན་གྱི་དགའ་བའི་གསོས་སུ་འཁྲུངས།། དེ་རྗེས་གྷོ་དྷི་མཆོག་དང་ཧོ་གྷོ་སོགས།། མི་བོ་ཆེ་ཡི་ཡི་གེའི་གློག་ཞགས་ཀྱིས།། སྒྲུང་དང་སྙན་ངག་རྣམ་དབྱེ་རབ་ཕྱེ་སྟེ།། བྱེ་བྲག་ལུས་ཀྱི་རྣམ་གཞག་རྒྱ་ཆེར་བྱུང་།། དེང་འདིར་སྒྲིག་གྲོལ་འདོད་པའི་གཞུང་ལུགས་དང་།། སྐད་བརྡའི་བསྟན་བཅོས་ལོ་རྒྱུས་གསར་འགྲེལ་སོགས།། རིགས་པ་གསར་པའི་སྤྲུལ་སྒྱུར་སྣ་ཚོགས་ཀྱིས།། རྩོམ་རིག་རིན་ཆེན་ཞིབ་མོའི་ཕྱེ་མར་འཐག། སོ་སོར་གང་འོས་ལོངས་སྤྱོད་སྣ་ཚོགས་བྱུང་།། འོན་ཀྱང་རང་རེ་ད་དུང་སྔོན་གྱི་གནས།། སྐྱིད་ཉལ་རྒྱག་སའི་ཚང་བཞིན་ལེགས་བསྲུངས་ཏེ།། ཅོལ་ཆུང་གཏམ་དང་རང་སྣང་སྐྱིད་པའི་ཆང་།། འཐུང་བཞིན་མི་བརྒྱ་ཀླད་པ་གཅིག་གིས་འཚོ།། ཧྥེལ་ཁེ་ཞོན་ལའང་སྒྲུང་གཏམ་འབོད་བཞིན་དུ།། གཏམ་རྒྱུད་ཙམ་གྱིས་བརྩམས་སྒྲུང་གྲུབ་པར་སྙམ།། སྙན་ངག་གསར་པར་རང་མོས་ཟེར་བཞིན་དུ།། རྐང་བ་གཏུབ་པས་སྒྱུ་རྩལ་གྲུབ་པར་སྙམ།། གསར་རྙིང་ཙམ་གྱི་བརྡ་དོན་རྩོད་བཞིན་དུ།། ཚིག་རིས་ཁོ་ནས་རིགས་པ་གྲུབ་པར་སྙམ།། ཨ་མཚར་མཚར་གྱི་རེ་བ་སྐོང་བཞིན་དུ།། མདོ་མེད་བརྗོད་པས་བསྟན་བཅོས་གྲུབ་པར་སྙམ།། འགྲོ་བ་མི་ཡི་ལུས་ངག་ཡིད་ཀྱི་གར།། སྐད་ཅིག་སྡོད་མེད་དུས་ཀྱི་དབའ་ཀློང་དུ།། འདྲེན་ཅིང་དྲང་བའི་ཆོ་འཕྲུལ་མི་གཟིགས་པར།། ཡིན་རྟོན་མེད་པ་དྲིལ་སྒྲོག་སྦུ་གུ་དང་།། བཅར་བས་དྲལ་བ་ཕྱི་ཤུན་སེང་རས་དང་།། གཉིད་དུས་ཡལ་བ་བསྟོད་པའི་དྲིལ་ཆུང་དང་།། སྒོམ་པས་མི་མཐོང་བདེན་བཟང་མཛེས་གསུམ་དང་།། དཔྱད་པས་སྟོང་པ་མི་སེམས་ཡར་སྐུལ་དང་།། བསྡུར་རིན་བྲལ་བ་རྟ་དང་མོ་ཊ་དང་།། དགག་རིན་བྲལ་བ་རྗེས་ལུས་རྨོངས་འཐོམས་དང་།། བསླབས་ཀྱང་འབྲས་མེད་རྩོམ་གཞུང་རྫུན་མ་དང་།། འཇེབས་ཀྱང་དོན་མེད་ཅོ་ཀའི་དྲུག་འགྱུར་སོགས།། ཆུ་ཁར་གཡེང་བའི་སོག་མར་ཡིད་ཕྱོགས་ནས།། རྒྱ་མཚོའི་གཏིང་གི་ནོར་བུ་ཤོར་ཏེ་ཐལ།། རང་ཤོང་ར་བའི་ནང་གི་གྲོགས་པོ་དག། འདུས་ཏེ་བྱིས་པའི་རྩེད་མོ་བརྒྱ་བརྩེས་ཀྱང་།། ནགས་ཀྱི་སྤྲེའུ་ནགས་ལ་འདུར་བ་ཡིས།། ཡངས་པའི་རྒྱལ་ཁམས་ཕྱོགས་ཙམ་མཐོང་མིན་བཞིན།། གཞན་རྩོམ་་གྲིབ་མའི་ནང་གི་བོད་རྩོམ་འདིས།། རྩོམ་རིག་དངོས་ཀྱི་རྗེས་ནི་ཆོད་མི་འདུག། རྩོམ་རིག་དངོས་ནི་རལ་གྲིས་བཏོད་པའི་རྨ།། རེ་ཞིག་སོས་ཀྱང་གདོང་ལ་ཟུག་པ་དང་།། སྙིང་ལ་གཟེར་བས་རྩོམ་མཁན་ཀློག་མཁན་བར།། དུས་ཀྱིས་ཆོད་ཀྱང་ཤ་འཁོན་ཡོད་འདྲ་ཡིན། རྩོམ་རིག་ངན་པ་འཕྱོན་མའི་འོ་འདྲ་སྟེ།། སྐད་ཅིག་ཞིམ་ལ་ཕྱི་ཉིན་དྲན་ནའང་།། ཞག་གསུམ་རྗེས་སུ་བརྗེད་ངེས་གཡང་དུ་ལྟུང་།། ལོ་གསུམ་རྗེས་སུ་བག་ཆགས་ཙམ་ཡང་མེད།། ཚར་གཅིག་བཀླག་ན་སྙན་མོ་འབྱུང་བ་དང་།། དེ་རྗེས་བཀླག་ན་བྲོ་བ་ཡལ་བ་དང་།། ཡང་ཡང་དཔྱད་ན་ཡོད་མིན་མི་ཤེས་པ།། ཤོག་བུའི་ངོས་ཀྱི་ཁ་རླངས་འདྲ་བ་སྟེ།། དེ་ནི་རང་མགོ་སྐོར་ཕྱིར་བྲིས་པ་ལགས།། དེང་འདིར་མི་རྣམས་འདོད་ཡོན་གར་གྱིས་མྱོ།། སྒྱུ་མའི་འཕྲུལ་དང་རྩེད་མོའི་ཆང་གིས་བཟི།། སྐར་མ་གཅིག་ནང་འཆར་སྒོ་ལན་འགར་རྗེ།། ལུང་གིས་མི་ཟིན་བརྡ་དོན་སྣ་ཚོགས་ཀྱིས།། གཞུང་ལུགས་ཁུག་མ་དག་ནི་རལ་བར་བྱེད།། བདེན་རྫུན་ཇི་སྙེད་བརྡ་འཕྲིན་ཤྭ་འོད་ཀྱིས།། མིག་ནི་འདྲིད་ཅིང་སེམས་ནི་སྟོང་པར་བྱེད།། དེ་ལྟའི་གནས་སུ་རྩོམ་གྱི་གླེགས་བམ་ནི།། མི་གཤིས་མཚལ་གྱི་རི་མོས་བྲིས་མིན་པར།། རྩིས་འཁོར་ནང་ནས་པར་སློག་བརྒྱབ་འདྲ་དང་།། གཞན་གྱི་སྐྱུག་པ་ཁ་ནང་བླངས་འདྲ་དང་།། ཆུ་ཁའི་སོག་མ་སྣོད་དུ་ཉར་འདྲ་སྟེ།། ཚོགས་འདུ་བརྒྱ་ཡིས་མཆོད་པར་བཤམས་པ་དང་།། བྱ་དགའ་སྟོང་གིས་དགུང་དུ་སྤུར་ནའང་།། གཞན་ལ་མི་ཕན་རང་ཡང་རྨོངས་བྱས་ནས།། ཚེ་ཡི་ཕྲེང་བ་སྟོང་པར་གཟད་པ་ཉིད།། དོན་མེད་གྲགས་སྐམ་བྲག་ཅའི་སྒྲ་དབྱངས་དང་།། དགོས་མེད་བགྲོ་གླེང་གླེན་པའི་མུ་ཅོར་དང་།། འབྲས་མེད་སྦྱང་ཚན་ནེ་ཙོའི་འདོན་པ་སྟེ།། འདི་གསུམ་ཤེས་རབ་ཅན་གྱིས་རྟག་སྤངས་ཤིང་།། འདུ་འཛིའི་གནས་ནས་དབེན་པའི་སེམས་སྦྱངས་ཏེ།། ཕྲ་བའི་ཆོས་ལ་མཛེས་པའི་ཚིག་སྦྱར་ནས།། འབྲེལ་མེད་རྣམས་ནི་འབྲེལ་བས་སྦྲེལ་བ་དང་།། སྡུག་བསྔལ་བ་ལ་གཡེང་བའི་སྐབས་བསྩལ་ཞིང་།། དོན་མེད་དག་ཀྱང་དོན་དང་ལྡན་པའི་ཕྱིར།། སྙན་པའི་ངག་གིས་གནས་དང་དུས་ཀྱི་སྒྲུང་།། སྲིད་པ་རྒན་པོ་བཞིན་དུ་ལེགས་བཤད་ན།། སྐལ་བཟང་མིག་ནི་བདུད་རྩིས་གཏམས་བྱ་ཞིང་།། རྣ་བ་སྦྲང་རྩིས་ཚིམས་པ་རྟག་པར་འོང་།། སྔོན་ཚེ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཡིས།། མི་ཚེ་གར་དང་མཚུངས་པ་མི་ཤེས་པར།། ད་དུང་གར་ལ་ཞུགས་པ་ཡིད་རེ་སྐྱོ།། ཞེས་སོགས་ཟློས་གར་མཁན་གྱིས་ཟློས་གར་ལ།། དོགས་པའི་གཏམ་གྱི་མདའ་མོ་འཕངས་པ་བཞིན།། དེང་འདིར་སྙན་ངག་མཁན་གྱིས་སྙན་ངག་ལ།། རྒོལ་བའི་ལས་ཀྱང་རབ་ཏུ་མཁོ་བ་སྟེ།། གཟུང་འཛིན་ཆོ་འཕྲུལ་མེ་ལོང་ཁ་གཏད་པས།། འཁོར་བའི་ཕུན་ཚོགས་མ་ལུས་གཞིག་ནུས་ན།། རྩོམ་གྱི་ལུས་ཞེས་ཆོས་ཀྱི་བདག་གང་ཞིག། ཨ་འཐས་འཛིན་པ་དེའང་ཉོན་མོངས་ཉིད།། རྣ་བས་མིན་པར་སེམས་ཀྱིས་ཐོས་འདྲ་བ།། དཔེར་ན་འཆི་བ་མཚོན་པའི་གཡེར་དྲིལ་བཞིན།། གཏིང་ནས་གྲགས་ཀྱང་སྒྲ་ནི་མི་འབྱིན་པ།། དེ་འདྲ་སྙན་ངག་འགྲུབ་པའི་རྒྱུ་ཡིན་ནོ།། སེམས་ལ་ན་ཟུག་མི་གཏོང་ཞིང་།། ཡིད་ལ་སྣང་བརྙན་མི་གྲུབ་པར།། ཡི་གེ་གཅིག་པུ་བསྒུལ་བ་ཡིས།། ངག་གི་དངོས་གྲུབ་འབྱུང་མི་འགྱུར།། བྷོ་དྷེ་ལེར་ཉིད་ཕེ་རེ་སིའི།། སྲང་ལ་ལན་ཅིག་འཁྱམ་པ་ཡིས།། རྒས་འཁོགས་བདུན་གྱི་མི་སྡུག་གཟུགས།། བསྡུས་བརྗོད་རི་མོར་འབྱུང་བ་བཞིན།། དང་པོ་རྣམ་རྟོག་རླུང་གི་ལྕེས།། ཚོར་བའི་འགྲམ་པ་བལྡག་བྱ་ཞིང་།། དེ་ནས་རིགས་པའི་མེ་ལྕགས་ཀྱིས།། སྣང་བའི་རྡེའུར་བརྡེགས་བྱས་ཏེ།། མཁའ་ལ་སྤྲིན་ནག་འཁྲིགས་འདྲ་དང་།། རི་རབ་མེ་ཡིས་བསྲེགས་འདྲ་ཡི།། རིག་པ་ཀློང་དུ་མ་བརྡོལ་བར།། ངག་རིག་ལྟད་མོ་ཇི་ལྟར་འབྱུང་།། རོ་དྲུག་ཉིད་ནི་རོ་གཅིག་ཏུ།། མྱོང་བའི་རོ་སྙོམས་འདིས་མཚོན་ཏེ།། སྒྲ་གཟུགས་སོ་སོར་དབྱེར་མེད་པར།། ཡི་གེའི་འཕྲུལ་དུ་གྲུབ་པ་རྨད།། དེ་ལྟར་ཚངས་ཆེན་ཆགས་པའི་རླབས།། ངག་རིག་མཛེས་མའི་རྣམ་སྤྲུལ་གྱིས།། ཡིད་གསོས་བདེ་བའི་མཐུར་བཀུགས་པར།། བདག་ཀྱང་འཁྱུག་ཙམ་རོལ་བ་འདིས།། སྙན་ངག་མཁན་པོའི་བླ་ཡི་ལྗོན་པ་སྟེ།། ཀལྤ་བྲྀཀྵཿའགྲུབ་པའི་རྒྱུ་གྲུབ་ནས།། བསྐལ་པའི་མཐར་ཡང་མི་འཇིག་རྡོ་རྗེའི་གཤིས།། ཉོན་མོངས་དྲི་མའི་སྐྱོན་དང་བྲལ་བར་ཤོག།།
7/9/2025 ཉིན་བྲིས་གྲུབ།
7/9/2025 ཉིན་བྲིས་གྲུབ།
རྩོམ་ཁུངས། བདེ་གྲོལ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།