རྡོ་རྗེ་རབ་བརྟན་གྱིས་བོད་ཁུལ་དགེ་རྒན་དཔུང་སྡེ་ལ་བསམ་ཚུལ་བཏོན།
སྲིད་གྲོས་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཞེས་ཡིག་ཐོག་གི་གཏམ་བཤད་སྤེལ་ནས་བསམ་ཚུལ་བཏོན།
མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས《མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་བསམ་གཞིགས་འགའ》ཞེས་པ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་ཆེན་སྟེང་ཡིག་ཐོག་ནས་གཏམ་བཤད་སྤེལ། ཁོའི་གཏམ་བཤད་ནང་མཚོ་སྔོན་བོད་ཁུལ་གྱི་སློབ་གྲྭ་ཆུང་གི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་ཞེས་བསམ་ཚུལ་བཏོན།
བསམ་ཚུལ་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག མཚོ་སྔོན་གྱིས་བརྟན་བརླིང་ངང་སློབ་གསོའི་སྒྲིག་གཞི་བཅོས་སྒྱུར་བྱས་ཤིང་། རོང་འབྲོག་ཁུལ་དང་བོད་ཁུལ་གྱི་དམིགས་བསལ་གནས་ཚུལ་ལ་དམིགས་ནས་གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་དང་འཚོ་བའི་ཁ་གསབ་ལམ་ལུགས། མཚོ་སྔོན་ནུབ་རྒྱུད་ས་ཁུལ་གྱི་སློབ་གསོར་རོགས་སྐྱོར་དང་དགེ་འོས་སློབ་མའི་སློབ་གསོར་རོགས་སྐྱོར། བོད་རྒྱ་སྐད་གཉིས་ཀྱི་ཁ་ཕྱོགས་གཏན་ཁེལ་བྱས་པའི་དགེ་འོས་སློབ་མའི་གཞུང་གྲོན་གསོ་སྐྱོང་ཚོད་ལྟ་བྱེད་ས་བཅས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དངོས་འབེབས་གཏན་ཁེལ་བྱས་ཏེ། མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཡིན་ནའང་རང་བྱུང་ཁོར་ཡུག་གི་ཤུགས་རྐྱེན་དང་མཁར་གྲོང་ས་ཁོངས་ཀྱི་འཕེལ་རྒྱས་དོ་མཉམ་མིན་པའི་གེགས་རྐྱེན་དབང་གིས་སློབ་གསོའི་སྤུས་ཚད་དང་ཆུ་ཚད་ཅུང་དམའ་བའི་གནད་དོན་ད་དུང་གཞི་རྩའི་སྟེང་ནས་ཐག་གཅོད་བྱས་མེད་པ་རེད། ལྷག་པར་དུ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་དམིགས་བསལ་གྱི་དཀའ་ཁག་མང་པོར་འཕྲད་ཡོད་དེ། སློབ་གྲྭ་ཆུང་འབྲིང་གི་རོལ་དབྱངས་དང་ལུས་རྩལ། རི་མོ་བཅས་ཀྱི་དགེ་རྒན་ཧ་ཅང་དཀོན་པ་དང་། བཅའ་སྡོད་སློབ་གྲྭའི་ཆེད་ལས་དགེ་རྒན་རྣམས་ཀྱི་འགན་ཁུར་ལྕི་བ། དགེ་རྒན་གྱི་དཔུང་སྡེ་གཏན་ཆགས་མིན་པ། ཆེད་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་གང་མང་གནས་ཡོད་པ་རེད།
རྡོ་རྗེ་རབ་བརྟན་གྱིས། རྒྱལ་ཁབ་ཀྱིས་བོད་ཁུལ་གྱི་དགེ་རྒན་སྐྱེད་སྲིང་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་སྔོན་བོད་ཁུལ་གྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་སློབ་ཁྲིད་བྱེད་ས་རུ་ཆེད་གཅིག་ནུས་མང་ཅན་གྱི་རང་ཡུལ་གྱི་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དང་། མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་གསོ་སྐྱོང་བྱེད་པར་སྲིད་ཇུས་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ཁུལ་དགེ་རྒན་གྱི་བྱང་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་སྤེལ་གཏོང་རྒྱུ། དགེ་འོས་སློབ་གྲྭའི་ཆེད་ལས་དང་སློབ་ཁྲིད་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། མཐོ་འབྲིང་ནས་མགོ་བརྩམས་ཏེ་རྨང་གཞི་ཅི་ཡང་མེད་པའི་རོལ་དབྱངས་དང་ལུས་རྩལ། རི་མོ་སོགས་བསླབ་ཚན་གྱི་དགེ་འོས་ཆེད་ལས་ཀྱི་སློབ་ཡུན་ལོ3ཡིན་པའི་ཆེད་ལས་ཅན་གྱི་གཞུང་གྲོན་དགེ་འོས་སློབ་མ་སྐྱེད་སྲིང་བྱེད་པའི་བྱ་བའི་སྒྲིག་གཞི་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ནས། དོན་དངོས་ཐོག་མཚོ་སྔོན་བོད་ཁུལ་གྱི་ཆེད་ལས་ཤེས་ལྡན་མི་སྣ་དཀོན་པའི་སྣང་ཚུལ་ཐག་གཅོད་བྱ་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་སྤོ་བསྒྱུར་ཕྱི་གཏོང་བྱས་པ་བརྒྱུད་མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། མཐའ་འཁོབ་ས་ཁུལ་དང་བྱ་བའི་མང་ཉུང་ལ་དམིགས་ཏེ་ཧེ་བག་ཅན་གྱི་འཚོ་བའི་ཁ་གསབ་དང་ལས་རྐང་གསབ་དངུལ་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་རིམ་པ་ནས་དགེ་རྒན་གྱི་དཔུང་སྡེ་ནུས་ཤུགས་མཐོར་འདེགས་སུ་བཏང་ནས་ཤར་ནུབ་རྒྱུད་ཀྱི་མཐུན་སྦྱོར་སྒྲིག་གཞི་བཙུགས་ཏེ། ཁ་གཏད་རོགས་སྐྱོར་དང་ལས་བསྐོ་སྦྱོང་བརྡར། ཆེད་དོན་གསོ་སྐྱོང་། ལས་གཉེར་མཛུབ་སྟོན་བྱེད་པ་སོགས་རྣམ་པ་སྣ་མང་སྤྱད་དེ་ཁྱོན་ཡོངས་ནས་མཚོ་སྔོན་བོད་ཁུལ་གྱི་དགེ་རྒན་གྱི་འཇོན་ནུས་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་པའི་བསམ་ཚུལ་བཏོན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com