མཚོ་ལྷོའི“ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཁུངས་སྣེ་ཐེར་འདོན་བྱེད་མཁན་གྱི་བྱ་དགའ་སྤྲོད་ཐབས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-09-17 17:13:00 ཀློག་གྲངས།:
     སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི“ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཁུངས་སྣེ་ཐེར་འདོན་ཆ་འཕྲིན་གྱི་འབྱུང་ཁུངས་དང་ཐབས་ལམ་རྒྱ་བསྐྱེད་དང་། ཐེར་འདོན་ཁུངས་སྣེའི་འཚོལ་བཤེར་ལ་ཤུགས་སྣོན། “ནག་འཇོམས་ངན་སེལ”བྱེད་པའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོར་ཆུད་ཐུབ་པ་བཅས་ཡོང་བར་བྱེད་ཆེད། རང་ཁུལ་གྱི་བྱ་བའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་བྱེད་ཐབས་འདི་ཆེད་དུ་གཏན་འབེབས་བྱས་པ་ཡིན།
གཅིག  བྱ་དགའ་སྤྲོད་པའི་ཁྱབ་ཁོངས།
     བྱེད་ཐབས་འདིའི་ནང་གི“ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཐེར་འདོན་ཁུངས་སྣེ་ཞེས་པ་ནི། ཏང་ཨུ་དང་། སྲིད་གཞུང་དེ་མིན་ཆེད་དོན་ལས་ཁུངས་སོགས་ལ་ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཚུར་སྣང་བྱས་པ་ ར་སྤྲོད་བྱས་རྗེས། ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་དཔང་རྟགས་གནད་འགག་བཏོན་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་པའི་གསང་འཕྲིན་དང་ཁུངས་སྣེ་ལ་ཟེར། “ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཐེར་འདོན་ཁུངས་སྣེ་དེ་གསང་བ་ནན་སྲུང་དང་ཐེར་འདོན་རྩད་ཆོད་ཀྱི་རྩ་དོན་གཞིར་བཟུང་ནས། དོན་དངོས་ཁུངས་སྐྱེལ་གྱི་རང་བཞིན་དང་གསང་བའི་རང་བཞིན་འབུར་དུ་ཐོན་པར་བྱེད་དགོས་ཤིང་། གྱོད་གཞི་རེ་ལ་བྱ་དགའ་རེའི་རྩ་དོན་ལྟར་གཤམ་གསལ་ཕྱོགས་བཅོ་བརྒྱད་ཀྱི་ཐེར་འདོན་ཁུངས་སྣེ་ལ་བྱ་དགའ་སྤྲོད་རྒྱུ་ཡིན།
(གཅིག)ཆབ་སྲིད་བདེ་འཇགས་དང་ལྷག་པར་དུ་ལམ་ལུགས་ཀྱི་བདེ་འཇགས་དང་། སྲིད་དབང་གི་བདེ་འཇགས་བཅས་ལ་ཉེན་ཁ་ཆེ་ཞིང་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སིམ་འཛུལ་ཐེབས་པའི་ནག་སྤྱོད་སྟོབས་ཤུགས། 
(གཉིས།)ལྐོག་རྔན་དང་། དྲག་ཤུགས། མགོ་སྐོར། བཙན་སྐུལ་ལ་སོགས་པའི་ཐབས་ངན་སྤྱད་ནས་གཞི་རིམ་གྱི་སྲིད་དབང་ཚོད་འཛིན་བྱེད་པ་དང་། གཞི་རིམ་གྱི་འདེམས་བསྐོ་ལ་ཁ་ལོ་བསྒྱུར་ནས་གཏོར་བརླག་བྱེད་པ། རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་ཐོན་ཁུངས་སྒེར་སྡོམ་བྱེད་པ། ཐུན་མོང་གི་རྒྱུ་ནོར་ལྐོག་ཟ་བྱེད་པ་བཅས་ཀྱི་ནག་སྤྱོད་སྟོབས་ཤུགས། 
(གསུམ།)ཁྱིམ་རྒྱུད་དང་། རུས་རྒྱུད། ཆོས་ལུགས་བཅས་ཀྱི་སྟོབས་ཤུགས་བེད་སྤྱད་ནས་ཡུལ་ལུང་སོགས་སུ་ཁྲིམས་མེད་ལུགས་མེད་ཀྱིས་མི་སེར་ལ་བརྙས་བཅོས་དང་གཉའ་གནོན་བྱེད་མཁན་གྱི“སྡེ་བའི་བཙན་བདག”དང་“ཡུལ་ཚོའི་བཙན་བདག”ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས་དང་། ཡུལ་སྡེ་སོགས་སུ་བཙན་པོ་དབང་ཆེན་བྱེད་མཁན་གྱི་མི་ངན་ཁྲམ་པ། 
(བཞི།)ས་ཞིང་བསྡུ་ལེན་དང་། བོགས་གཏོང་། བཤིག་སྤོ། ལས་གཞིའི་འཛུགས་སྐྲུན་ལ་སོགས་པའི་གོ་རིམ་ནང་དུ་རོང་འབྲོག་མང་ཚོགས་ལ་ངན་སྐུལ་བྱས་ནས་ཟིང་ཆ་སློང་བ་དང་། མང་ཚོགས་རང་བཞིན་གྱི་མཚོན་ཐོགས་རུབ་འཛིང་དང་ཞུ་གཏུག་བྱ་འགུལ་རྩ་འཛུགས་དང་ཇུས་འགོད་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས། 
(ལྔ།)ཨར་ལས་བཟོ་སྐྲུན་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གཏེར་རྫས་ཐོན་ཁུངས། དངོས་རྫས་འཁོར་རྒྱུག་ལ་སོགས་པའི་ཁྱབ་ཁོངས་དང་ལས་རིགས་ཀྱི་ནང་དུ། ལས་གཞི་བཙན་འཕྲོག་དང་། བསམ་ངན་དམིགས་འགྲན། ཁྲིམས་འགལ་གྱིས་ས་ཞིང་འཛིན་པ། གང་བྱུང་དུ་སྔོག་འདོན་དང་གཉེར་སྐྱོང་སྒེར་སྡོམ་བྱེད་པའི་ནག་སྤྱོད་སྟོབས་ཤུགས། 
(དྲུག)ཉོ་ཚོང་ཁྲོམ་ཚོགས་དང་། སྡེབ་འཚོང་ཁྲོམ་ར། འཁོར་ཚིགས་གྲུ་ཁ། ཡུལ་སྐོར་ལྗོངས་ཁུལ་སོགས་སུ་ཁྲོམ་ར་ཧམ་གཉེར་དང་།  བཙན་ཉོ་བཙན་བཙོང་། སྲུང་སྐྱོབ་གྲོན་དངུལ་བསྡུ་ལེན་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས། 
(བདུན།) “འཆལ་རྒྱན་དུག་གསུམ”གྱི་བྱ་བ་གཉེར་བའམ་གསང་བའི་རྒྱན་འགྱེད་ཁང་ཕྱེ་བ་ལ་སོགས་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་མཁན་གྱི་ནག་སྤྱོད་སྟོབས་ཤུགས། 
(བརྒྱད།)ཁྲིམས་འགལ་གྱིས་བུན་སྐྱེད་ལྕི་མོ་གཏོང་བ་དང་། དྲག་ཤུགས་ཀྱིས་བུ་ལོན་ཚ་འདེད་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས། 
(དགུ)དམངས་ཁྲོད་ཀྱི་རྩོད་གཞི་ལ་ཐེ་ཇུས་བྱེད་པ་དང་། “གསང་བའི་ཁྲིམས་བསྟར་རུ་ཁག”ཁུར་ལེན་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས། 
(བཅུ།)ཁོངས་ཕྱིའི་ནག་ཚོགས་རྒྱལ་ཁོངས་དང་ས་མཚམས་བརྒལ་ནས་སིམ་འཛུལ་བྱེད་པའི་ནག་སྤྱོད་སྟོབས་ཤུགས། 
(བཅུ་གཅིག)རུས་རྒྱུད་དང་ཆོས་ལུགས་དགོན་སྡེའི་སྟོབས་ཤུགས་བེད་སྤྱད་ནས་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་དང་ཁྲིམས་བསྟར་ཁྲིམས་འཛིན་གྱི་བྱ་བར་ཐེ་ཇུས་བྱེད་པ་དང་། མང་ཚོགས་རྩ་འཛུགས་དང་ངན་སྐུལ་བྱས་ནས་ཁྲིམས་འགལ་གྱིས“གཡུལ་གཤམ་པ”། མི་བསད་པའི་སྲོག་ཚབ་ལ་སྟོང་ལེན་པ། “དམག་དཔུང་ཕྱིར་འཐེན་གྱི་གྲོན་དངུལ”བསྡུ་ལེན་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས། 
(བཅུ་གཉིས།)“རིག་གནས་སྲུང་སྐྱོབ”དང་།“ཕ་སྐད་སྲུང་སྐྱོབ”།“སྐྱེ་ཁམས་སྲུང་སྐྱོང”སོགས་ལ་ཁ་གཡར་ཏེ་མང་ཚོགས་ལ་ངན་སྐུལ་བྱས་ནས་གྲུབ་མཐའ་སོགས་བར་གྱི་རྩོད་གཞི་སློང་བ་དང་། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་རྩ་འཛུགས་བྱས་ནས་རྒྱུ་ནོར་ལེན་ཐབས་བྱེད་པ། རྒྱལ་ཁབ་ཀྱི་ཚད་ལྡན་སློབ་གསོ་དང་རྒྱུན་ལྡན་འཛུགས་སྐྲུན་ལ་ཐེ་གཏོགས་བྱེད་པ་ལ་སོགས་པའི་ནག་སྤྱོད་སྟོབས་ཤུགས། 
(བཅུ་གསུམ།)ཟོག་འདྲེན་རླངས་འཁོར་ཉུང་ཤས་དང་། གླ་གཏོང་རླངས་འཁོར་ལས་རིགས་ཀྱིས་ཕྱི་ནས་ཡོང་བའི་གཉེར་སྐྱོང་བྱེད་མཁན་གྱིས་རང་གི་ཡོང་འབབ་ལ་ཤུགས་རྐྱེན་བཟོས་པར་ཁ་གཡར་ནས། “ཁ་བཏགས་རླངས་འཁོར་རུ་ཁག”རྩ་འཛུགས་བྱེད་པ་དང་།“ཏཱ་ལའི་བྲིས་ཐང”འགེལ་བ། ལམ་བཀག་ནས་ཚོང་ཟོག་འཕྲོག་པ། ཁྲལ་བསྡུའི་འགག་སྒོ་བཙན་བརྒལ་བྱེད་པ་དང་། སྐྱེལ་འདྲེན་མཚམས་བཞག་ནས་ཞུ་གཏུག་བྱེད་པ་ལ་སོགས་པའི་རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོ་བ་དང་། ཁེ་ལས་དང་མི་གཞན་གྱི་ཁེ་ཕན་ལ་བཙན་གནོད་བྱེད་མཁན་གྱི་ནག་སྤྱོད་སྟོབས་ཤུགས།
(བཅུ་བཞི།)རྩྭ་ས་དང་ས་མཚམས་ཀྱི་རྩོད་གཞི་བེད་སྤྱད་ནས་འགལ་ཟླ་དང་ཆག་སྒོ་སློང་བ་དང་། མི་ཚོགས་ཅན་གྱི་དོན་རྐྱེན་བཟོ་བའམ་ཡང་ན་བསམ་བཞིན་དུ་འགལ་བ་དང་རྩོད་གཞི་སློང་ཐབས་བྱས་ཤིང་། དེའི་ཁྲོད་ནས་འདུམ་སྒྲིག་གྲོན་དངུལ་ལེན་ཐབས་བྱེད་པའི་ནག་སྤྱོད་སྟོབས་ཤུགས། 
(བཅོ་ལྔ།)ཉེས་དོན་བདེ་འཇགས་ཀྱི་གྱོད་གཞི་དང་། འགྲིམ་འགྲུལ་ཆག་སྒོ། སྨན་བཅོས་དོན་རྐྱེན། བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ལ་སོགས་པར་ཁ་གཡར་ནས། མང་ཚོགས་རྩ་འཛུགས་བྱས་ནས་ཁྲིམས་འགལ་རུབ་ཚོགས་རྒྱག་པའམ་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན་བསྐོར་འགོག་བྱེད་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་ཀ་སྤེལ་ཡུལ་ལ་རྡུང་རྡེག་བྱེད་པ། གཞུང་དང་སྒེར་གྱི་རྒྱུ་ནོར་ལ་རྡུང་གཅོག་དང་གཏོར་སྐྱོན་གཏོང་བ། ཁྲིམས་འགལ་གྱི་ཞུ་གཏུག་དཀྲུག་ཤིང་བཟོ་བ། རྒྱུན་ལྡན་གྱི་ལས་ཀ་དང་། ཐོན་སྐྱེད། སྨན་བཅོས་བཅས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་ལ་སོགས་པའི་མངོན་གསལ་གནད་དོན།
(བཅུ་དྲུག)སྒྲིག་འགལ་གྱིས་ཐུན་མོང་གི་ཐོན་ཁུངས་ཉར་སྤྱོད་བྱེད་པ་དང་། བཙན་ཐབས་ཀྱིས་ས་ཡུལ་གྱི་གྲོན་དངུལ་དང་། འཕྲོད་བསྟེན་གྲོན་དངུལ། བོགས་དངུལ་སོགས་བསྡུ་ལེན་བྱེད་པའི་ནག་སྤྱོད་སྟོབས་ཤུགས།
(བཅུ་བདུན།)གང་བྱུང་དུ་གནས་ལྗོངས་བཏོད་པ་དང་། ཁྲིམས་འགལ་བདག་གཉེར། བཙན་ཐབས་ཀྱིས་འཛད་སྤྱོད་བྱེད་དུ་འཇུག་པ། གཡོ་འཚོང་བྱེད་པ། བསྙད་འདོགས་རྒྱུ་འཕྲོག་དང་ཞུ་གཏུག་དཀྲུག་ཤིང་འཕེན་པ་ལ་སོགས་པའི་རྙོག་འཛིང་གི་རྣམ་པ།
(བཅོ་བརྒྱད།)སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གནོད་འཚེ་བཟོ་ཉེན་ཡོད་པའི་གསང་འཕྲིན་ཁུངས་སྣེ་གཞན་དག
གཉིས། བྱ་དགའ་སྤྲོད་ཡུལ། 
     “ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཁུངས་སྣེ་ཐེར་འདོན་གྱི་བྱ་དགའ་སྤྲོད་ཡུལ་ནི་སྤྱི་བདེ་དང་། རྒྱལ་ཁབ་བདེ་འཇགས་སྡེ་ཁག་གི་ཆེད་འཕྲིན་གསང་སྐྱེལ་མི་སྣ་དང་། ཉན་རྣ། བྱ་ར་བ། གསང་འཕྲིན་འཚོལ་བསྡུ་བྱེད་མཁན་ལ་སོགས་པའི་གསང་འཕྲིན་མི་སྣ་དང་། དེ་མིན་ཉེས་སྐྱོན་ཐེར་འདོན་བྱེད་པ་དང་ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱེད་མཁན་གྱི་ལས་བྱེད་པ་དང་མང་ཚོགས་ཡིན།
གསུམ། རིམ་པ་དཔྱད་བསྡུར་གྱི་ཚད་གཞི།
(གཅིག)གསང་འཕྲིན་ཁུངས་སྣེ་ཧ་ཅང་གལ་ཆེན། ནག་སྤྱོད་སྟོབས་ཤུགས་ཀྱི་རྩ་འཛུགས་རྣམ་པ་དང་། འགོ་ཁྲིད་པ། ཉེས་གསོག་དོན་དངོས། འཕེལ་ཕྱོགས་གལ་ཆེན་ལ་སོགས་པའི་ཕྱོགས་ཀྱི་ཁུངས་སྣེ་དང་ནང་ཁུལ་གྱི་གནས་ཚུལ་མྱུར་ཞིང་ནོར་བ་མེད་པའི་སྒོ་ནས་ཐེར་འདོན་བྱས་ཏེ་ནག་སྤྱོད་སྟོབས་ཤུགས་ཀྱི་རྡུང་རྡེག་ལ་གཞི་འཛིན་ས་ཧ་ཅང་གལ་ཆེན་འདོན་སྤྲོད་བྱེད་མཁན།
(གཉིས།)གསང་འཕྲིན་ཁུངས་སྣེ་གལ་ཆེན། ནག་སྤྱོད་སྟོབས་ཤུགས་ཀྱི་འགྲོ་ཕྱོགས་གལ་ཆེན་དང་། ཁུངས་སྣེ། ནང་ཁུལ་གྱི་གནས་ཚུལ་སོགས་དུས་ཐོག་གནད་འཁེལ་གྱི་སྒོ་ནས་ཐེར་འདོན་བྱས་པ་དང་། བརྟག་དཔྱད་དང་ཚོད་འཛིན་བྱེད་ཐུབ་པའི་ཆ་རྐྱེན་ལྡན་ཞིང་དུས་ཐོག་ཏུ་འཕེལ་ཚུལ་ཁོང་དུ་ཆུད་པ་དང་དོགས་ཟོན་ཐག་གཅོད་བྱེད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱེད་མཁན།
(གསུམ།)གསང་འཕྲིན་ཁུངས་སྣེ་གནད་ཆེན། གསང་འཕྲིན་དང་ཁུངས་སྣེ་གལ་ཆེན་གྱི་བདེན་དཔང་ར་སྤྲོད་དང་། གནད་དོན་གལ་ཆེན་བརྡར་ཤ་གཅོད་པར་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས་པའམ་ཡང་ན་ལྐོག་རྒྱབ་ཀྱི་གནས་ཚུལ་དང་རྩ་འཛུགས་འགོ་སློང་མི་སྣ་རྩད་གཅོད་མཐའ་གསལ་བྱེད་པར་ནུས་པ་གལ་ཆེན་འདོན་མཁན།
བཞི། བྱ་དགའི་དངུལ་གྲངས།
     ཐེར་འདོན་ཁུངས་སྣེ་ཧ་ཅང་གལ་ཆེན་འདོན་མཁན་ལ་བྱ་དགའ་སྒོར་ཁྲི་ཚོ་གསུམ་ནས་ལྔ་དང་། ཐེར་འདོན་ཁུངས་སྣེ་གལ་ཆེན་འདོན་མཁན་ལ་བྱ་དགའ་སྒོར་ཁྲི་ཚོ་གཅིག་ན་གསུམ། ཐེར་འདོན་ཁུངས་སྣེ་གནད་ཆེན་འདོན་མཁན་ལ་བྱ་དགའ་སྒོར་སྟོང་ཚོ་ལྔ་ནས་ཁྲི་གཅིག་བཅས་ཡིན།
ལྔ། བྱ་དགའི་རེ་འདུན་ཞུ་བའི་ལས་རིམ།
     “ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཁུངས་སྣེ་ཐེར་འདོན་གྱི་བྱ་དགའི་རེ་འདུན་ཞུ་སྐབས་རིམ་པ་བཞིན་རེ་འདུན་ཞུ་བའི་རྩ་དོན་ལྟར་ཞུ་དགོས་ཏེ།
(གཅིག)ཁུངས་སྣེ་ཐེར་འདོན་བདག་སྤྲོད་སྡེ་ཁག་གིས《“ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཁུངས་སྣེ་ཐེར་འདོན་གྱི་བྱ་དགའི་རེ་ཞུའི་རེའུ་མིག》བསྐངས་རྗེས། སྤྱི་བདེ་དང་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང(ནག་འཇོམས་གཞུང་ལས་ཁང)གིས་རིམ་པ་བཞིན་ཞིབ་བཤེར་གོང་ཞུ་བྱེད་དགོས།
(གཉིས།)ཁུལ་སྤྱི་བདེ་ཅུའུ་དང་། ཁུལ་ནག་ཚོགས་རྡུང་རྡེག་གཞུང་ལས་ཁང་གིས་བྱ་དགའི་ཞུ་ཡིག་ཕུལ་བའི་དོན་ཚན་ལ་ཞིབ་བཤེར་བྱས་ནས་བདེན་མིན་ཐག་བཅད་རྗེས། ཁུལ“ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་ལ་བྱ་དགའི་རེ་འདུན་ཞུ་དགོས།
(གསུམ།)ཁུལ་ནག་ཚོགས་རྡུང་རྡེག་གཞུང་ལས་ཁང་གིས་བྱེད་ཐབས་འདི་གཞིར་བཟུང་ནས་རེ་འདུན་ལ་ཞིབ་བཤེར་བྱས་ཏེ ། ཁུལ“ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་ཆོག་མཆན་ཐོབ་རྗེས། ཁུལ་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བྱ་དགའི་མ་དངུལ་གཤམ་སྤྲོད་བྱེད་དགོས།
དྲུག  ཞར་བྱུང་།
(གཅིག)ཁུལ་ནག་འཇོམས་གཞུང་ལས་ཁང་གིས“ནག་འཇོམས་ངན་སེལ”ཆེད་དོན་འཐབ་རྩོད་ཀྱི་ཆེད་དམིགས་བྱ་དགའི་མ་དངུལ་འཛུགས་དགོས་པར་མ་ཟད། ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་བརྟན་ལྷིང་སྲུང་སྐྱོང་གཞུང་ལས་ཁང་། ཞིང་ཆེན་ནག་འཇོམས་གཞུང་ལས་ཁང་བཅས་ཀྱི་གསང་འཕྲིན་བྱ་དགའི་མ་དངུལ་དང་མཉམ་སྡོམ་གྱིས་བེད་སྤྱོད་བྱེད་དགོས།
(གཉིས།)བྱེད་ཐབས་འདི་ཁུལ་ནག་འཇོམས་གཞུང་ལས་ཁང་གིས་འགན་འཁུར་ནས་འགྲེལ་བཤད་བྱ་རྒྱུ་དང་། 2018ལོའི་ཟླ2པའི་ཚེས8ཉིན་ནས་བཟུང་ལག་བསྟར་བྱེད་དགོས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།