ཁྲི་ཀ་རྫོང་གིས་ལྔ་བཞིའི་དུས་ཆེན་ལ་དྲན་གསོ་ཞུ་བའི་རིག་རྩལ་འགྲན་སྡུར་དང་གཟེངས་བསྟོད་ཚོགས་འདུ་བསྡུས།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-05-05 14:19:00 ཀློག་གྲངས།:

 

           2017ལོའི་ཟླ5བའི་ཚེས4ཉིན། ཁྲི་ཀ་རྫོང་གུང་གཞོན་ཚོགས་པས་གཙོ་སྒྲུབ་བྱས་ཤིང་ཁྲི་ཀ་རྫོང་རིག་གནས་ཁང་གིས་རོགས་སྒྲུབ་ཏེ་ཐེངས98པའི་ལྔ་བཞིའི་ན་གཞོན་ལས་འགུལ་དུས་ཆེན་ལ་དྲན་གསོ་ཞུ་བའི་ལོ་གཅིག་རིང་གི་ན་གཞོན་མིག་དཔེ་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་འདུ་དང་ལྔ་བཞིའི་ན་གཞོན་ལས་འགུལ་དུས་ཆེན་ལ་དྲན་གསོ་ཞུ་བའི་རིག་རྩལ་འགྲན་སྡུར་ཁྲི་ཀ་རྫོང་རིག་གནས་ཁང་གི་ཚོགས་འདུའི་ཚོམས་ཆེན་ཁང་དུ་བསྡུས།

         ཐེངས་འདིའི་བྱ་འགུལ་ལ་ཁྲི་ཀ་རྫོང་གི་ཤང་སོ་སོའི་གུང་གཞོན་ཚོགས་པ་དང་རྫོང་མཁར་གྱི་སློབ་གྲྭ་སོ་སོ་སྟེ་ལས་ཁུངས12ལྷག་ཞུགས་ཡོད་པར་མ་ཟད། གཟེངས་བསྟོད་བྱ་འགུལ་ལ་རྫོང་རིམ་པའི་མགོ་ཁྲིད་ཁག་ཕེབས་ཤིང་། མགོ་ཁྲིད་པ་སོ་སོས་ཟླ5བའི་ཚེས4དང་འབྲེལ་བའི་ཉིན་མོ་འདི་ལ་རྗེས་དྲན་ཞུ་བའི་གཏམ་བཤད་གལ་ཆེན་གནང་བ་དང་སྦྲགས། གུང་གཞོན་ཚོགས་པའི་བྱ་བ་སྔར་ལས་ལྷག་པའི་འཕེལ་རྒྱས་སུ་ནུས་ཤུགས་གང་ཡོད་འདོན་པར་རེ་བ་ནན་མོ་བཏོན་ཏེ། ལོ་གཅིག་གི་གུང་གཞོན་ཚོགས་པའི་བྱ་བ་ལ་བློ་སེམས་དཀར་ཞིང་འབད་བརྩོན་ལྷོད་མེད་བྱེད་མཁན་གྱི་ཐུན་མོང་སྡེ་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱ་དགའ་གནང་། ཚོགས་འདུ་མཇུག་རྫོགས་མ་ཐག སྔ་མོ་ནས་གྲ་སྒྲིག་བྱས་པའི་ལས་ཁུངས་སོ་སོའི་འཁྲབ་སྟོན་པ་རྣམས་ཀྱིས་ལུས་ལ་ཁ་དོག་སྣ་ཚོགས་ཀྱི་འཕྱོར་གོས་ཀྱིས་བརྒྱན་ཏེ་གར་གྱི་ཉམས་དགུ་རྫོགས་པའི་སྟངས་སྟབས་སྣ་ཚོགས་སྙན་འཇེབས་ཀྱི་རོལ་དབྱངས་དང་བསྡེབས་ཏེ་ཡིད་འཕྲོག་གི་རྩེད་མོ་མང་པོ་བསྟན་པ་ན། ཁྱད་མཚར་དོན་སྙིང་ལྡན་པའི་རྩེད་མོ་ཡག་པོས་དེར་འདུས་རྒྱ་ཆེའི་ལྟ་མཁན་ཡོངས་ལ་དགའ་སྐྱིད་ཀྱི་སྤྲོ་བ་འཕེལ་དུ་བཅུག ལས་ཁུངས་དང་སློབ་གྲྭ་སོ་སོའི་གཅིག་ལས་གཅིག་ལྷག་གི་རྩེད་མོ་སྣ་ཚོགས་ཀྱིས་ཀྱང་དུས་ཆེན་ལ་དྲན་གསོ་ཞུ་བའི་རྣམ་པ་གསར་བ་གསལ་བོར་མཚོན་ཞིང་། ལྷག་པར་དུ་རྩེད་མོ་བ་རྣམ་པའི་ལག་ཏུ་འཆང་བའི་དཀར་དམར་མེ་ཏོག་གི་རིས་དབྱིབས་སྣ་ཚོགས་ཀྱིས་ན་གཞོན་ཚོའི་ལང་ཚོའི་གསོན་ཤུགས་དང་འབད་བརྩོན་ལྷོད་མེད་བྱེད་པའི་བསམ་འདུན་མཚོན་ལ། མ་འོངས་པར་འཆམ་མཐུན་དང་དཔལ་ཡོན་འཛོམས་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་བར་སྙེག་པར་ནུས་ཤུགས་གང་ཡོད་འདོན་པའི་ཡིད་ཆེས་ཀྱང་བསྩལ་བྱུང་།

        དགའ་འོས་པ་ཞིག་ལ་ལས་ཁུངས་བཅུ་ཕྲག་ལྷག་གི་རྩེད་མོ་སྣ་ཚོགས་ལས་ཐེངས་འདིའི་དཔྱད་འདེམ་པ་དག་གི་འདྲ་མཉམ་དང་དྲང་བདེན་གྱི་སྐར་འགོད་བརྒྱུད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་རིགས་ཀྱི་ཞབས་བྲོ་རྩྭ་ཐང་གི་སྒྲོལ་མ་ཆུང་ཆུང་ལ་ཨང་དང་པོའི་བྱ་དགའ་ཐོབ།

འབྲེལ་ཡོད་པར་རིས།






འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།