མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2017-01-09 09:17:00 ཀློག་གྲངས།:


མཚོ་ལྷོ་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་བསྡུས་པ།

     སྤྱི་ཟླ1པའི་ཚེས7ཉིན་གྱི་སྔ་དྲོ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་ཆབ་ཆ་ནས་གཟབ་རྒྱས་ངང་བསྡུས།  ཚོགས་འདུར་ཞུགས་དགོས་པའི་འཐུས་མི249དང་དངོས་ཞུགས་འཐུས་མི223ཡོད་པ་རེད།


ཚོགས་རའི་ཡུལ་དངོས།

     ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།  ཚོགས་ཆེན་ལག་བསྟར་ཀྲུའུ་ཞི་ཝང་ཅན་མེན་གྱིས་ཚོགས་འདུར་མགོ་འཛིན་མཛད།  ཚོགས་ཆེན་ལག་བསྟར་ཀྲུའུ་ཞི་ཀྲང་ཝུན་ཁེ་དང་ཝང་ཅན་མེན།  ཀླུ་འབུམ་རྒྱལ།  གསེར་མཚོ།  ལིན་ཆིན་ཅི།  ཡང་ཀྲའོ་ཆིན། ཚེ་རིང་ཐར།  ལྕགས་ཐར་འབུམ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།  ཚོགས་འདུར་ཞུགས་ཏེ་ཀྲུའུ་ཞི་སྟེགས་བུ་སྟེང་བཞུགས་ཡོད་པ་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་།  ཁུལ་སྲིད་གྲོས།ཁུལ་ཁྲིམས་ཁང་།  ཁུལ་ཞིབ་དཔྱོད་ཁང་།  མཚོ་ལྷོ་ཡན་ལག་དམག་ཁུལ་གྱི་མགོ་ཁྲིད་དག་ཡིན་པ་དང་།  ད་དུང་མཚོ་ལྷོ་ཁུལ་དུ་ཡོད་པའི་ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་།  ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་ཁག་གི་འགན་ཁུར་མི་སྣ།  ཁུལ་མི་དམངས་སྲིད་གཞུང་གི་རྩ་འཛུགས་མི་སྣ།  སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་ཨུ་ཡོན་དང་ཟུར་ཞུགས་མི་སྣ།  ཁུལ་སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་སྡེ་ཁག་དང་ཞིང་ཆེན་དོ་དམ་ལས་ཁུངས་ཀྱི་འགན་ཁུར་མི་སྣ།  ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་ལས་ཁུངས་དང་དམངས་གཉེར་ཁེ་ལས་ཁག་གི་འགན་ཁུར་མི་སྣ་དག་ཡང་ཚོགས་འདུར་ཞུགས་ཡོད།


ཚོགས་རའི་ཡུལ་དངོས།

ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།

     ཚོགས་འདུའི་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ་བ་ལ་ཉན་པ་དང་།  སྙན་ཞུ་སྡོམ་པས་རིམ་པ་གཉིས་ཀྱི་བགོས་ཡོད་ལ།  དང་པོ།  2016ལོའི་བྱ་བ་ལ་ཕྱི་མིག་ལྟ་བ་དང་།  གཉིས་པ།  2017ལོར་བྱ་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོར་བྱེད་པ།


ཚོགས་རའི་ཟུར་ཞིག

     སྙན་ཞུ་ལས་བསྟན་དོན།  འདས་མ་ཐག་པའི་ལོ་གཅིག་གི་རིང་ལ།  རྙོག་འཛིང་ཆེ་བའི་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་ལ་དམིགས་ནས།  ཞིང་ཆེན་ཏང་ཨུ་དང་།  ཞིང་ཆེན་སྲིད་གཞུང་།  ཁུལ་ཨུ་བཅས་ཀྱི་ཡང་དག་པའི་མགོ་ཁྲིད་འོག  ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པ་མཛུབ་སྟོན་དུ་བསྟེན་ཐོག    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་སྐྱོང་བའི་ཐབས་ཇུས་གསར་བ་བརྩི་སྲུང་དང་།  “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལ་དམ་པོར་དམིགས་པ།  བརྟན་ཐོག་ཡར་འཕེལ་དང་གསར་གཏོད་སྤུས་འདེགས་ཀྱི་རྩ་བའི་དགོངས་གཞི་ཁོང་དུ་བརྟན་པོར་ཆུད་པ།རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་བ་དང་བསྟུན་ཐབས་བྱེད་པ།  ཧུར་ཐག་འབད་ཐག་གིས་དཀའ་ངལ་དང་འགལ་རྐྱེན་སྣ་ཚོགས་སེལ་ཐབས་བྱས་ཤིང་།  སྔར་ལས་ལྷག་པའི་སྒོ་ནས་གོང་སྤེལ་བྱེད་ཐབས་གསར་གཏོད་དང་།  གོང་སྤེལ་རྨང་གཞི་སྲ་བརྟན།  གོང་སྤེལ་གཏིང་ཤུགས་མཐོར་འདེགས་བཅས་བྱས་པར་བརྟེན་ནས།  ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བརྒྱད་པའི་སྟེང་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱས་པ་དང་།  ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་ཞིང་ཅུང་མགྱོགས་པའི་འཕེལ་ཚད་རྒྱུན་འཁྱོངས་བྱས་ཏེ།  “ལྔའི་བཅུ་གསུམ་པ”མགོ་རྩོམ་པའི་རྣམ་པ་བཟང་བོ་མངོན་འགྱུར་བྱས།


ཚོགས་རའི་ཟུར་ཞིག

     སྙན་ཞུ་ལས།  2017ལོ་ནི“ལྔའི་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་གལ་ཆེ་བའི་ལོ་ཞིག་ཡིན་ལ།  འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ལོ་ཞིག་ཀྱང་ཡིན་པས།  སྲིད་གཞུང་གི་བྱ་བ་ལེགས་སྒྲུབ་བྱེད་པར་དོན་སྙིང་གལ་ཆེན་ཡོད།  ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་ཁོག་བཀོད་སྒྲིག་ལྟར།  ད་ལོའི་སྲིད་གཞུང་བྱ་བའི་སྤྱི་ཁོག་བླང་བྱ་ནི།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།  བཞི་བ།  ལྔ་བ།  དྲུག་པ་བཅས་ཀྱི་དགོངས་དོན་དང་།  དེ་མིན་ཀྲུང་དབྱང་དང་།  ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལ་གཏིང་ཟབ་སྒོས་སློབ་སྦྱོང་ལག་བསྟར།  “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལ་དམ་པོར་དམིགས་ནས།བརྟན་བརླིང་ཁྲོད་གོང་དུ་འཕེལ་བ་དང་།  ཁྱད་གཏོད་སྤུས་འདེགས་ཀྱི་བྱ་བའི་སྤྱི་ཁོག་དགོངས་གཞི་རྒྱུན་འཁྱོངས།  བརྟན་བརླིང་ངང་འཕེལ་བ་དང་།  བཅོས་སྒྱུར་སྐུལ་འདེད།གྲུབ་ཚུལ་ལེགས་སྒྲིག   དམངས་འཚོར་ཕན་འདོགས་པ་བཅས་ལ་རྐང་བཙུགས་ནས།  དངུལ་གཏོང་སྐུལ་ཁྲིད་དང་།  ཐོན་ལས་རིམ་སྤར།སྐྱེ་ཁམས་སྲུང་སྐྱོང་།  གྲོང་ཞང་འཛུགས་སྐྲུན།  དམངས་འཚོ་ལེགས་བཅོས།  བཅོས་སྒྱུར་སྒོ་འབྱེད་བཅས་ཀྱི་གཙོ་གནད་ལས་འགན་དྲུག་ལེགས་སྒྲུབ་བྱས་ཏེ།  དཔལ་འབྱོར་གྱི་སྐྱོན་བྲལ་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ནས།  མཚོ་ལྷོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྐྱོད་ཁུལ་དང་གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་ཐོན་ལས་གཅིག་བསྡུས་འཕེལ་རྒྱས་ཀྱི་རྟེན་གཞིར་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་རྨང་གཞི་བརྟན་པོ་འདིང་དགོས།  སྔོན་དཔག་གི་དམིགས་ཚད་གཙོ་བོ་ནི།  ཐོན་སྐྱེད་བསྡོམས་ཐང7%འཕར་སྣོན་བྱེད་པ་དང་།  སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་གཏོང་ཚད9%འཕར་བ།  ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ7%འཕར་བ།  སྤྱི་ཚོགས་འཛད་རྫས་ཀྱི་སིལ་ཚོང་བསྡོམས་འབོར10%འཕར་བ།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ18%འཕར་བ།  གྲོང་ཞང་སྡོད་དམངས་ཀྱི་ཡོང་འབབ8%འཕར་བ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོ་བཀོད་ལས་ཤོར་ཚད3.5%ཡི་ནང་དུ་ཚོད་འཛིན་བྱེད་པ་དང་།  ནུས་སྲི་སྙིགས་འཕྲི་ཞིང་ཆེན་གྱིས་གཏན་འབེབས་བྱས་པའི་དམིགས་ཚད་ཀྱི་ནང་དུ་ཚོད་འཛིན་བྱེད་པ་བཅས་ཡིན།


ཚོགས་རའི་ཟུར་ཞིག

     སྙན་ཞུ་ལས་ནན་གྱིས་བསྟན་དོན།  ད་ལོར་མཚོན་ན་གནོན་ཤུགས་སྔར་བཞིན་ཆེ་ཞིང་ལས་འགན་ཡང་ཧ་ཅང་ལྕི་བས།  ང་ཚོས་ངེས་པར་དུ་གོང་གསལ་བླང་བྱ་དང་དམིགས་འབེན་ལ་དམ་པོར་དམིགས་ཐོག   བྱེད་ཐབས་ལ་ཤུགས་སྣོན་བྱས་ཏེ་བརྩོན་པ་བརྒྱ་འགྱུར་གྱིས་གཤམ་གསལ་ཕྱོགས་དྲུག་གི་གཙོ་གནད་བྱ་བ་ལེགས་སྒྲུབ་བྱེད་དགོས།  གཅིག བརྟན་པོའི་ངང་མ་དངུལ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས།  དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྟུད་མར་ཇེ་དྲག་ཏུ་གཏོང་བ།  གཉིས།  བྱེད་སྟངས་འཕོ་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱས་ནས།  ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤོར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ།  གསུམ།  གྲུབ་འབྲས་སྲ་བརྟན་དང་ཆུ་ཚད་མཐོར་འདེགས་བཏང་ནས།  སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ།  བཞི།  རྨང་གཞི་ལ་ཤུགས་སྣོན་དང་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་བྱས་ནས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་གཅིག་འཛུགས་སྐྲུན་ཁ་མིན་དོན་གྱིས་ཇེ་མགྱོགས་སུ་གཏོང་བ།  ལྔ།  ཞན་ཆ་གསབ་པ་དང་དམངས་འཚོར་ཕན་པ་བསྐྲུན་ནས།  མི་དམངས་མང་ཚོགས་ཀྱི་ཐོབ་པའི་ཚོར་སྣང་ཧུར་ཐག་གིས་ཇེ་དྲག་ཏུ་གཏོང་བ།  དྲུག  བཅོས་སྒྱུར་ལ་སྐུལ་འདེད་དང་སྒོ་འབྱེད་རྒྱ་སྐྱེད་བཏང་ནས།དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་སྐུལ་སྤེལ་བྱེད་པ།


ཚོགས་རའི་ཟུར་ཞིག

     སྙན་ཞུ་ལས་ཡང་བསྐྱར་བསྟན་དོན།  དམངས་ཀྱི་རེ་འདོད་ནི་སྲིད་སྐྱོང་གི་ཁ་ཕྱོགས་ཡིན་པས།  ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་སྲིད་གཞུང་།  ཁུལ་ཨུ་བཅས་ཀྱི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག   སེམས་ཤུགས་གཅིག་སྒྲིལ་དང་།  འགག་སྒྲོལ་དཀའ་སེལ།  གསར་གཏོད་ཡར་བརྩོན།  དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ།  ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱེད་པ་དང་།  འབྱོར་ཕྱུག་དཔལ་ཡོན་ལྡན་ཞིང་འཆམ་མཐུན་མཛེས་སྡུག་བཅས་ཀྱི་མཚོ་ལྷོ་གསར་བའི་མགྱོགས་མྱུར་འཛུགས་སྐྲུན་ལ་འབད་བརྩོན་ལྷུར་ལེན་བྱེད་དགོས།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།