མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་གཟབ་རྒྱས་ངང་ཚོགས་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་
ཚོགས་ཐེངས་གཉིས་པ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་པ།
ཟླ2པའི་ཚེས15ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་། དེ་ཡང་ཚོགས་འདུ་ལག་བསྟར་ཀྲུའུ་ཞི་དང་ཀྲུའུ་ཞི་རུ་ཁག་རྒྱུན་ལས་ཀྲུའུ་ཞི་མུའུ་ཧྲན་ལང་གིས་ཚོགས་འདུ་ལ་མདོ་འཛིན་མཛད་པ་དང་། ཚོགས་འདུ་ལག་བསྟར་ཀྲུའུ་ཞི་ཏུའུ་ཅེ་དང་། ཀྲང་ཝུན་ཁོས། ཏུའུ་ཁྲིན་ཀྲུང་། རྟ་མགྲིན་ཚེ་རིང་། ཡུན་མི་ལིན། ཀྲང་ཡི་གྲང་། དཔལ་ཆེན་རྒྱལ། རྟ་མགྲིན་སྒྲོལ་མ། གསེར་མཚོ། སུན་ཨེ་ཝུན་བཅས་འགོ་ཁྲིད་རྣམ་པ་ནི་སྟེགས་བུའི་སྔུན་དུ་བཞུགས་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་མི་དམངས་ཁྲིམས་ཁང་། མཚོ་ལྷོའི་དམག་ཁུལ་བཅས་ཀྱི་འགོ་ཁྲིད་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུ་འགོ་བརྩམས་པ།
ཚོགས་འདུ་ལ་གྲོས་རིམ་གསུམ་དུ་དབྱེ་བ་སྟེ། གཅིག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། གཉིས། མཚོ་ལྷོ་ཁུལ་གྱི2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང་། 2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན་སྙན་ཞུ་ལ་གསན་པ། གསུམ། 2011ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2012ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ་ལ་གསན་པ་བཅས་ཡིན།
ཁུལ་དཔོན་ཀྲང་ཝུན་ཁོས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཁག་གཉིས་སུ་དབྱེ་ཡོད་དེ། གཅིག 2011ལོའི་བྱ་བར་ཕྱིར་གཞིགས་བྱེད་པ། གཉིས། 2012ལོའི་བྱ་བའི་དམིགས་འབེན་དང་ལས་འགན་གཙོ་བོ་བཅས་ཡིན། སྙན་ཞུ་ཡིས2011ལོའི་ཁུལ་ཡོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྲིད་གཞུང་བྱ་བ་སོགས་ཀྱིས་བླངས་བའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་མ་ཟད། མིག་སྔར་གྱི་དཀའ་ཁག་དང་གནད་དོན་ལ་དབྱེ་ཞིབ་སྒོས2012ལོའི་སྲིད་གཞུང་བྱ་བའི་སྤྱིའི་དགོངས་དོན་དང་ཁུལ་ཡོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྔོན་དམིགས་འབེན་གཏན་འཁེལ་བྱས།
ཁུལ་དཔོན་ཀྲང་ཝུན་ཁོས་ཀྱི་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ་པ།
སྲིད་གཞུང་བྱ་བའི་སྤྱི་ཁོག་གི་བླང་བྱ་ནི། ཕྱོགས་ཡོངས་ནས་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་འཇགས་ཁྲོད་ཡར་རྒྱས་བརྩོན་པ་དང་ལེགས་པོའི་ཁྲོད་མགྱོགས་མྱུར་བརྩོན་པའི”བྱ་བ་སྤྱིའི་བླང་བྱ་དམ་པོར་ཁོང་དུ་བཅུག་སྟེ། “མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་མཆོངས་བརྒལ་ངང་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཡུན་རིང་བདེ་འཇགས་ཡིན་པའི་ས་ཁུལ་འཛུགས་སྐྲུན་བྱེད་པའི”སྤྱིའི་དམིགས་འབེན་ལ་དམ་དུ་དམིགས་ནས། གོང་སྤེལ་བྱེད་སྟངས་བསྒྱུར་བ་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པ་ཇེ་མགྱོགས་སུ་གཏོང་བར་ཤུགས་འདོན་པ་དང་། དངུལ་གཏོང་དང་འཛད་སྤྱོད་རྒྱུན་མཐུད་ངང་འཕར་བར་ཡར་སྐུལ་བྱེད་པར་ཤུགས་འདོན་པ། མཁར་གྲོང་ཅན་དང་སྐྱེ་ཁམས་ཁོར་ཡུག་གི་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་པར་ཤུགས་འདོན་པ། བཅོས་སྒྱུར་སྒོ་འབྱེད་དང་ནང་འཇུག་གྲངས་སྤོར་ལ་ཡར་སྐུལ་བྱེད་པར་ཤུགས་འདོན་པ། དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་དོ་དམ་གསར་སྐྲུན་ལ་ཡར་སྐུལ་བྱེད་པར་ཤུགས་འདོན་པ་བཅས་བྱས་ཐོག གོང་སྤེལ་གྱི་ཁྱད་སྟོབས་གསར་བ་གསོ་སྐྱོང་བྱེད་པ་དང་གོང་སྤེལ་གྱི་སྐུལ་ཁྲིད་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། གོང་སྤེལ་གྱི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། གོང་སྤེལ་གྱི་སྐྱེ་སྟོབས་གསར་བ་སྐུལ་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཐད་ཁྱད་ཆོས་གསར་བ་བསྐྲུན་པ་དང་གྲུབ་འབྲས་གསར་བ་བརྩོན་ལེན་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་དང་བཅས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་འཐུས་གྲོས་ཚོགས་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས།
ཚོགས་འདུ་ལག་བསྟར་ཀྲུའུ་ཞི་དང་ཀྲུའུ་ཞི་རུ་ཁག་རྒྱུན་ལས་ཀྲུའུ་ཞི་
མུའུ་ཧྲན་ལང་གིས་ཚོགས་འདུ་ལ་མདོ་འཛིན་མཛད་པ།
དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ཐོན་སྐྱེན་སྤྱིའི་ཐོན་རིན14%འཕར་བ་དང་། ནོར་སྲིད་ཡོང་འབབ15%འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང20%འཕར་བ། སྤྱི་ཚོགས་ཡོངས་ཀྱི་འཛད་རྫས་སིལ་འཚོང་སྤྱི་འབོར18%འཕར་བ། ཡུལ་སྐོར་སྤྱིའི་ཡོང་འབབ40%འཕར་བ། མཁར་གྲོང་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ13%འཕར་བ། རོང་འབྲོག་པ་མི་རེའི་ཡོང་འབབ་རྐྱང་བ14%འཕར་བ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱེད་ཚད4.2%ནང་དུ་ཚོད་འཛིན་བྱེད་པ། མི་གྲངས་རང་བཞིན་གྱིས་འཕར་ཚད10‰ནང་དུ་ཚོད་འཛིན་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་དང་ནུས་གྲོན་ཉུང་ཕུད་ཀྱི་དམིགས་ཚད་ཞིང་ཆེན་གྱིས་གཏན་ལ་ཕབ་པའི་དམིགས་འབེན་ནང་དུ་ཚོད་འཛིན་བྱེད་པ་བཅས་ཡིན།
དེ་མིན་སྙན་ཞུ་ཡིས་བསྟན་དོན། གོང་གི་དམིགས་འབེན་འདི་དག་བདེ་བླག་ངང་འགྲུབ་པར་གཤམ་གསལ་བྱ་བ་གལ་ཆེན་དག་ཡར་སྐུལ་བྱེད་དགོས་པ་བསྟན། གཅིག ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་བསྒྱུར་བ་རྩ་བའི་ཐབས་ལམ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཞིང་ཕྱུགས་ལས་མགྱོགས་མྱུར་ངང་གོང་དུ་སྤེལ་དགོས། གཉིས། མ་དངུལ་གཏོང་ཤུགས་དྲག་པའི་གནས་བབ་ལེགས་པོ་རྒྱུན་འཛིན་བྱས་ཏེ། དངུལ་གཏོང་དང་འཛད་སྤྱོད་འཁོར་སྐྱོད་བཟང་པོ་བྱེད་པར་ཡར་སྐུལ་བྱེད་དགོས། གསུམ། ཁྱད་ལྡན་བཟོ་ལས་གསོ་སྤེལ་དང་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་བདག་འཕར་སྣོན་ནུས་པ་ཇེ་དྲག་ཏུ་གཏོང་བ། བཞི། ཤུགས་ཆེན་པོས་ཡུལ་སྐོར“ལྡབ་འཕར”འཆར་གཞི་ལག་བསྟར་བྱས་ཏེ། ཡུལ་སྐོར་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཇེ་དྲག་ཏུ་གཏོང་བ། ལྔ། གཏིང་ཟབ་སྒོས་མཁར་གྲོང་སྐུལ་ཁྲིད་དང་སྐྱེ་ཁམས་དཔལ་ཡོན་གྱི་འཐབ་ཇུས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་རྒྱུན་མཐུད་ནུས་པ་ཇེ་དྲག་ཏུ་གཏོང་དགོས། དྲུག ཧུར་ཐག་གིས་དམངས་འཚོའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། བདུན། སྤྱི་ཚོགས་ལས་དོན་ཤུགས་ཆེན་པོས་གོང་དུ་སྤེལ་ནས། སྤྱི་བའི་ཞབས་ཞུ་འདྲ་མཉམ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། བརྒྱད། བརྟན་བརླིང་ངང་གཙོ་གནད་ཁྱབ་ཁོངས་བཅོས་སྒྱུར་བྱེད་པར་ཡར་སྐུལ་བྱས་ཏེ། དངུལ་གཏོང་སྒྲིག་གཞིའི་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ། དགུ། སྒོ་འབྱེད་དང་མཉམ་འདྲེས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་དགོས། བཅུ། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བཅུ་གཅིག སྲིད་གཞུང་རང་རྐང་གི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་བྱེད་པ་བཅས་སོ།།
ཚོགས་འདུའི་ཟུར་ཞིག
མཇུག་མཐར་སྙན་ཞུ་ཡིས“འཕེལ་རྒྱས་ཀྱི་ལས་འགན་གྱིས་ཡར་བརྩོན་ལ་སྐུལ་འདེད་བྱེད་ཅིང་། མདུན་སྐྱོད་ཀྱི་བགྲོད་ལམ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པའི་འོག ཚན་རིག་གི་འཕེལ་རྒྱས་ལྟ་བ་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔར་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་དང་ཡིད་ཆེས་སྲ་བརྟན། གསར་གཏོད་གསར་སྐྲུན། དཀའ་སྤྱད་ལས་བརྩོན་བཅས་བྱས་ནས། མཚོ་ལྷོ་ནི་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་མཆོངས་བརྒལ་ངང་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཡུན་རིང་བདེ་འཇགས་ཡིན་པའི་སྔོན་ཐོན་ས་ཁུལ་དུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱས་ནས། གྲུབ་འབྲས་ལེགས་པོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོགས་པར་བསུ་བ་བྱེད་དགོས”ཞེས་ནན་གྱིས་བསྟན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com