མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ཚོགས་པ།
མཚོ་ལྷོ་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་ཚོགས་པ།
ཟླ10བའི་ཚེས22ཉིན་གྱི་སྔ་དྲོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དེ་མཚོ་ལྷོ་ཁུལ་ཚོགས་འདུ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་། ཚོགས་འདུར་ཞུགས་འོས་པའི་འཐུས་མི253དང་དངོས་ཞུགས་འཐུས་མི247ཡོད་ཅིང་། ཁྲིམས་མཐུན་མི་གྲངས་དང་འཚམ་པ་རེད།
ཚོགས་འདུ་འགོ་རྩོམ་པ།
ཀྲུའུ་ཞི་ཚོགས་ཁག་རྒྱུན་ཨུའི་ཀྲུའུ་ཞི་མེའོ་ཧྲེན་ལིང་གིས་ཚོགས་འདུར་མདོ་འཛིན་མཛད་ཅིང་། ཀྲུའུ་ཞི་ཚོགས་ཁག་གི་ཀྲུའུ་ཞི་ཏུའུ་ཅེ་དང་ཀྲང་ཝུན་ཁོས། ཏུའུ་ཁྲིན་ཀྲུང་། རྟ་མགྲིན་ཚེ་བརྟན། དབྱིན་མུ་ལེ། དཔལ་ཆེན་རྒྱལ། རྟ་མགྲིན་སྒྲོལ་མ། གསེར་མཚོ། སུན་ཨེའེ་ཝུན་སོགས་དང་། ཁུག་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། མཚོ་ལྷོའི་དམག་ཁུལ་བཅས་ཀྱི་འགོ་ཁྲིད་རྣམ་པ་ཀྲུའུ་ཞི་སྟེགས་བུའི་སྔུན་དུ་བཀོད་སྒྲིག་བྱས་པ་དང་། དེ་མིན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་དང་། ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་ཚོགས་པའི་འགན་ཁུར་བ། ཁུལ་མི་དམངས་སྲིད་གཞུང་གི་རྩ་འཛུགས་ཁུངས་མི། མཚོ་ལྷོ་ཁུལ་སྐབས་བཅུ་གཉིས་པའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཚོགས་ཞུགས་མི་སྣ། མཚོ་ལྷོའི་དམག་ཁུལ། ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་ཁུངས་འགན་འཛིན་པ། ཁུལ་གཏོགས་འབྲེལ་ཡོད་ཁེ་ལས་དང་ལས་རིགས་ལས་ཁུངས་ཀྱི་འགན་ཁུར་བ་དང་། དམངས་གཉེར་ཁེ་ལས་ཁ་ཤས་ཀྱི་འགན་ཁུར་བ་སོགས་ཚོགས་འདུར་ཞུགས་པ་རེད།
མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུག་དཔོན་ཀྲང་ཝུན་ཁོས་ལགས་ཀྱིས་བྱ་བའི་སྙན་ཞུ་བཞིན་པ།
ཚོགས་འདུའི་སྟེང་ཁུལ་དཔོན་ཀྲང་ཝུན་ཁོས་ལགས་ཀྱིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ་པ་སྟེ།
དང་པོ། འདས་པའི་ལོ་ལྔའི་རིང་གི་བྱ་བར་ཕྱིར་མིག་གིས་བལྟས་པ།
གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བཞིན་ཅུང་དམའ་བ་དང་། ཕྱོགས་བསྡུས་སྟོབས་ཤུགས་ཞན་པ། དཔལ་འབྱོར་གྱི་སྒྲིག་གཞི་གཅིག་རྐྱང་ཡིན་པ། བདག་གཉེར་དོ་དམ་སྡེབ་བཀྲམ་ཡིན་པ། རང་བརྟེན་འཕེལ་རྒྱས་ཀྱི་ནུས་ཤུགས་མི་འདང་བ་མངོན་གསལ་ཡིན་པ། ལྷག་པར་དུ་ཐོན་ཁུངས་གསར་སྤེལ་གྱི་ཕན་འབྲས་དམན་པ་དང་། སྲོག་ཤིང་ཐོན་ལས་ཀྱི་སྐྱེད་སྲིང་རྗེས་སུ་ལུས་ཡོད་པ། བཟོ་ལས་ཅན་གྱི་ཆུ་ཚད་མི་མཐོ་བ། གྲོང་རྡལ་ཅན་གྱི་འཕེལ་ཚད་དལ་བ་བཅས་ཡིན། གཉིས་ནས་ཆུ་བེད་གཙོ་བྱས་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་སྔར་བཞིན་ཞན་པ་དང་། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཆུས་མི་འདང་བའི་གནད་དོན་ཚབས་ཆེ་ཞིང་། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་བསྡུས་ཆ་བསྒྲིགས་ཆུ་ཚད་དམའ་བ་བཅས་ཡིན། གསུམ་ནས་འཕེལ་རྒྱས་ལ་ནང་བརྟེན་སྒུལ་ཤུགས་ཀྱིས་མི་འདང་བ་དང་། ཚོང་རའི་གཞུང་ཤིང་གི་རྒྱས་ཚད་དལ་བ། དམངས་གཉེར་དཔལ་འབྱོར་གྱི་འཕེལ་ཤུགས་ཞན་པ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་བཏང་བ་སྔར་བཞིན་མི་འདང་བ། བཞི་ནས་དམངས་འཚོ་ལེགས་བཅོས་ཀྱི་ལས་འགན་ལྕི་བ་སྟེ། དེ་ཡང་གཙོ་བོ་ལས་ཞུགས་ཀྱི་ཁུང་གསེང་དོག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་མུ་མཐུད་དུ་སྤར་བའི་དཀའ་ངལ་ཇེ་ཆེར་གྱུར་ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་དང་། ས་ཁུལ་བཅས་ཀྱི་འཕེལ་རྒྱས་དོ་མི་མཉམ་པ། སྤྱིར་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་རོང་འབྲོག་ས་ཁུལ་གྱི་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་ཕྱུག་འགྱུར་གྱི་ལས་འགན་ལྕི་བ་དང་། ལྷག་པར་དུ་མཐོ་གྲང་འབྲོག་ཁུལ་དང་དབུལ་ཕོངས་རི་ཁུལ་གྱི་དབུལ་སེལ་འགག་གཏོར་གྱི་ལས་འགན་ལྕི་བའོ། །སློབ་གསོ་དང་། འཕྲོད་བསྟེན། རིག་གནས། ཚན་རྩལ་ལ་སོགས་པའི་སྤྱི་ཚོགས་ལས་དོན་གྱི་འཕེལ་རྒྱས་ཁྲོད་ཀྱི་གཏིང་རིམ་གནད་དོན་རིམ་བཞིན་ཕྱིར་མངོན་པ་དང་། སྤྱི་ཚོགས་ལས་དོན་ཐས་ཀྱི་བཅོས་སྒྱུར་གོང་སྤེལ་གྱི་ལས་འགན་ལྕི་ཞིང་ལམ་ཐག་རིང་བ། ལྔ་ནས་སྲིད་གཞུང་རང་རྐང་གི་འཛུགས་སྐྲུན་ལ་སྔར་ལས་ཀྱང་ཤུགས་སྣོན་བྱེད་དགོས་པ་དང་། ལྷག་པར་དུ་འགོ་ཁྲིད་ལས་བྱེད་ཁ་ཤས་ཀྱི་ནང་དུ་བསམ་བློ་བཅིངས་འགྲོལ་བྱས་པ་མི་འདང་བ་དང་། གསར་གཏོད་ཀྱི་འདུ་ཤེས་མི་དྲག་པ། འགན་འཁྲིའི་འདུ་ཤེས་ཞན་པ་ལ་སོགས་པའི་གནད་དོན་ཚད་མི་འདྲ་བར་གནས་ཡོད་པ་དང་། སྲིད་གཞུང་གི་ལས་ཁུངས་ཁ་ཤས་དང་ལས་བྱེད་པ་ལ་ལའི་སྤྱོད་ཚུལ་དེ་མི་དམངས་ཀྱི་རེ་བ་དང་སྔར་བཞིན་བར་ཐག་ཡོད་པ་བཅས་ཡིན། དེར་བརྟེན། ང་ཚོས་གནད་དོན་འདི་དག་ལ་ཚད་མཐོ་བའི་མཐོང་ཆེན་དང་གཏིང་ཟབ་པའི་ཞིབ་འཇུག་བྱས་ཐོག འཆར་སྒོ་གསར་གཏོད་དང་བྱེད་ཐབས་ཀྱི་ནུས་ཤུགས་ཇེ་དྲག་ཏུ་བཏང་ནས་རྒྱུན་མ་ཆད་པར་ཐག་གཅོད་བྱེད་དགོས།
གཉིས་པ། དེང་ཕྱིན་ལོ་ལྔའི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོ།
དེང་ཕྱིན་ལོ་ལྔའི་རིང་གི་སྲིད་གཞུང་བྱ་བའི་སྤྱི་ཁོག་གི་བསམ་ཕྱོགས་ནི་འདི་ལྟ་སྟེ། ནན་ཏན་གྱིས་ཁུལ་གྱི་ཏང་འཐུས་ཚོགས་འདུ་ཐེངས་བཅུ་གཉིས་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཐོག ཐོག་མཐའ་ཀུན་ཏུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་གཙོ་དོན་དུ་འཛིན་པ་དང་། གང་མྱུར་གྱིས་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འཕོ་སྒྱུར་བྱེད་པ་ལམ་ཕྱོགས་གཙོ་བོ་རུ་འཛིན་པ། བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་གསར་སྐྲུན་བྱེད་པ་སྒུལ་ཤུགས་སུ་བྱེད་པ་དང་། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་དམིགས་ཡུལ་དུ་འཛིན་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་། ཧུར་བརྩོན་ལྷོད་མེད་ཀྱིས་གྲོང་ཁྱེར་གཉིས་དང་ས་རྒྱུད་གསུམ། ས་ཁུལ་བཞི་ཡི་གོང་སྤེལ་བཀོད་སྒྲིག་ལྟར། སྟོབས་ཤུགས་ཆེན་པོས་ཞིང་ཕྱུགས་ལ་བརྟེན་ནས་ཁུལ་བརྟན་འཇགས་སུ་གཏོང་བ་དང་། བཟོ་ལས་ལ་བརྟེན་ནས་ཁུལ་དྲག་ལྡན་དུ་བསྒྱུར་བ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་བྱེད་པ། ཡུལ་སྐོར་ལ་བརྟེན་ནས་ཁུལ་ཕྱུག་པོར་བསྒྱུར་བ། ཚན་སློབ་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ། སྒོ་འབྱེད་ལ་བརྟེན་ནས་ཁུལ་ལ་འཕེལ་ཤུགས་རྒྱས་སུ་འཇུག་པ། འཆམ་མཐུན་ལ་བརྟེན་ནས་ཁུལ་བདེ་འཇགས་ཡོང་བར་བྱེད་པ་བཅས་ཀྱི་འཐབ་ཇུས་ཆེན་པོ་བདུན་ལག་བསྟར་བྱས་ཏེ། མྱུར་ཚད་དང་སྤུས་ཀ་ཕན་འབྲས་བཅས་གལ་ཆེ་ཆུང་མེད་པར་མཉམ་དུ་འཛིན་པའི་ནུས་ཆོད་ཆེ་བའི་འཕེལ་རྒྱས་དང་། དཔལ་འབྱོར་དང་སྤྱི་ཚོགས་མཉམ་གཅིག་ཏུ་འཕེལ་བའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་། མི་གཞི་རྩར་འཛིན་པ་དང་དམིགས་བསལ་གྱིས་མི་དམངས་སྔོན་ལ་ཕྱུག་པོར་སྒྱུར་བའི་འཆམ་མཐུན་གྱི་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་ལ་ཆབས་ཅིག་ཏུ་ཡར་སྐུལ་བྱེད་པའི་མཐུན་སྦྱོར་འཕེལ་རྒྱས་སོགས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་དགུ་བཏོན་ནས་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་མཆོང་སྐྱོད་ངང་གོང་དུ་འཕེལ་བ་དང་སྤྱི་ཚོགས་ཡུན་རིང་བོར་བདེ་བའི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱས་ཏེ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྔར་ལས་ཀྱང་བརྟན་པའི་རྨང་གཞི་འདིང་དགོས།
དེང་ཕྱིན་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་ནི་འདི་ལྟ་སྟེ། ཐོན་སྐྱེད་བསྡོམས་འབོར་དང་ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་སྒོ་ནི་ལོ་རེར་ཆ་སྙོམས་ཀྱིས14%ཡི་འཕར་ཚད་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་གཏོང་ཚད་ནི་ལོ་རེར་ཆ་སྙོམས་ཀྱིས15%འཕར་བར་བྱེད་པ་དང་། སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་བསྡོམས་འབོར་ནི་ལོ་རེར་ཆ་སྙོམས་ཀྱིས18% འཕར་བར་བྱེད་པ། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་སྤྱོད་འཐུས་ཡོང་སྒོ་དང་རོང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་ནི་ལོ་རེར་ཆ་སྙོམས་ཀྱིས12%འཕར་བར་བྱེད་པ། གྲོང་རྡལ་གྱིས་ཐོ་འགོད་བྱས་པའི་ལས་ཤོར་མི་གྲངས་ནི4.5%ཡི་ནང་དུ་ཚོད་འཛིན་བྱེད་པ། མི་འབོར་རང་ཤུགས་ཀྱིས་འཕར་ཚད་ནི9.5‰ནང་དུ་ཚོད་འཛིན་བྱེད་པ་དང་། རྩིས་གཞི་གཅིག་གི་ཐོན་སྐྱེད་བསྡོམས་འབོར་གྱི་ནུས་གྲོན་ཟད་ཚད་ནི9%ཡན་ཇེ་དམའ་རུ་གཏོང་དགོས། དུས་མཚུངས་སུ། ཧུར་བརྩོན་སྒོས་སྐྱེ་ཁམས་ཕྱུགས་ལས་གོང་སྤེལ་དང་། ཁྱད་ལྡན་ཐོན་ཁུངས་གསར་སྤེལ། སློབ་གསོ་མཐུན་སྦྱོར་དོ་མཉམ་ངང་གོང་དུ་སྤེལ་བ། རོང་འབྲོག་ས་ཁུལ་གྱི་འཕྲོད་བསྟེན་ལས་དོན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་འཛུགས་སྐྲུན། གནས་སྐོར་དཔེ་སྟོན་ས་ཁུལ་གྱི་འཛུགས་སྐྲུན་བཅས་ཕྱོགས་དྲུག་ནས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་སྔོན་གྲལ་དུ་ཚུད་པར་བརྩོན་ལེན་བྱས་ཐོག གནས་བབ་ལེགས་ཤིང་ཁྱད་ཆོས་ལྡན་པའི་སྲོག་ཤིང་ཐོན་ལས་ཀྱི་མ་ལག་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་མ་ལག སྐྱེ་ཁམས་འཛུགས་སྐྲུན་གྱི་སྲུང་སྐྱོབ་མ་ལག་དང་དམངས་འཚོའི་འགན་སྲུང་མ་ལག་ལ་སོགས་པ་ཕལ་ཆེར་ཆགས་སུ་འཇུག་པ་དང་། ཁུལ་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་དང་། དམངས་འཚོའི་འགན་སྲུང་ནུས་པ། རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ནུས་པ་བཅས་ཚད་ཆེ་བའི་སྒོ་ནས་མཐོར་འདེགས་སུ་གཏོང་བ་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ས་ཁུལ་དང་། རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ས་ཁུལ། ཞིང་ཆེན་རིམ་པའི་མི་རིགས་སློབ་གསོའི་འཕེལ་རྒྱས་སྔོན་སྐྱོད་ས་ཁུལ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ས་ཁུལ་གྱི་འཕྲོད་བསྟེན་ལས་དོན་གོང་སྤེལ་ཚོད་ལྟ་ས་ཁུལ་དང་། དམངས་འཚོ་ལེགས་བཅོས་ཀྱི་སྣེ་ཁྲིད་ས་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་ལ་སོགས་པ་རགས་ཙམ་འཛུགས་དགོས།
ཀྲུའུ་ཞི་ཚོགས་ཁག་རྒྱུན་ཨུའི་ཀྲུའུ་ཞི་མེའོ་ཧྲེན་ལིང་གིས་ཚོགས་འདུར་མདོ་འཛིན་མཛད་པ།
ནན་གྱིས་བསྟན་དོན། གོང་གསལ་དམིགས་འབེན་རྣམས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་ཆེད། གཤམ་གསལ་ཕྱོགས་བཅུའི་གནད་ཆེ་བའི་བྱ་བ་ཤུགས་བཏོན་ནས་སྐུལ་འདེད་གཏོང་དགོས་པ། གཅིག ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་གོང་སྤེལ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་རྣམ་པའི་བརྗེ་སྤོ་དང་རིམ་སྤར་བྱ་བར་སྐུལ་འདེད་གཏོང་དགོས། གཉིས། ཁྱད་ལྡན་བཟོ་ལས་སྐྱེད་སྲིང་གི་ཁྱབ་རྒྱ་བསྐྱེད་ནས། བཟོ་ལས་གསར་བའི་འཕེལ་ཚད་ལ་སྐུལ་འདེད་གཏོང་དགོས། གསུམ། དངུལ་གཏོང་དང་འཛད་སྤྱོད་ཕྱོགས་གཉིས་ནས་སྐུལ་འཐེན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མ་ཆད་པར་བརྟན་ཆགས་སུ་གཏོང་དགོས། བཞི། གྲོང་རྡལ་ཅན་དུ་བསྒྱུར་བའི་འཕེལ་རིམ་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ལྔ། ཡུལ་སྐོར་ཐོན་ལས་ཀྱི་འཕེལ་ཚད་ཇེ་མགྱོགས་སུ་བཏང་ཐོག ནུས་ཤུགས་ཡོད་དགུ་བཏོན་ནས་ཡུལ་སྐོར་གྱི་ཟོང་རྟགས་གྲགས་ཅན་བསྐྲུན་དགོས་པ། དྲུག སྐྱེ་ཁམས་ཁུལ་སྐྱོང་གི་འཐབ་ཇུས་བརྩོན་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། ཧུར་བརྩོན་གྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། བདུན། སྤྱི་ཚོགས་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དམངས་འཚོ་ལེགས་བཅོས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། བརྒྱད། མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། དགུ། སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་དེའི་ཐབས་སྲོལ་གསར་གཏོད་བྱེད་པར་བརྟེན་ནས། སྤྱི་ཚོགས་ཡུན་རིང་བདེར་འགོད་ལ་ཁག་ཐེག་བྱེད་དགོས། བཅུ། འགན་ནུས་འཕོ་སྒྱུར་དང་དོ་དམ་བྱེད་སྲོལ་གསར་གཏོད་ཀྱི་བྱ་བ་གཙིགས་སུ་བཟུང་ནས། སྲིད་གཞུང་རང་རྐང་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
མཐའ་མར་བསྟན་དོན། ལོ་རྒྱུས་ཀྱིས་ང་ཚོར་གོ་སྐབས་ཀྱི་སྒོ་གླེགས་ཆེ་ཆེར་ཕྱེས་འདུག་ཅིང་། མཚོ་ལྷོའི་འཕེལ་རྒྱས་ནི་ཏག་ཏག་བྱས་རྗེས་ཆེན་པོ་འཇོག་པའི་གནད་འགག་གི་དུས་སྐབས་ཤིག་ལ་འཁེལ་ཡོད། ལོ་རྒྱུས་ཀྱི་ལམ་སྣེ་གསར་བར་འགྲེང་ནས་མཉམ་གཅིག་ཏུ་མཚོ་ལྷོའི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པར་མཚོན་ན། ང་ཚོར་ལས་འགན་འདི་ལ་དཀའ་ཚེགས་ཆེ་བའི་ཁར་འདིའི་འགན་ཁུར་ཧ་ཅང་ལྕི་ལ། ལས་འགན་འདི་ནི་གཟི་བརྗིད་དང་ལྡན་པ་ཞིག་ཀྱང་ཡིན་པའི་ཚོར་སྣང་ཟབ་མོ་ཞིག་སྐྱེའོ། ། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པ་ནི། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱམས་བརྩེ་ལྡན་པའི་ཐུགས་ཁུར་དང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྒྲིལ་དམ་པོ་བྱས་ཐོག བསམ་བློ་བཅིངས་འགྲོལ་དང་། དུས་བསྟུན་ལྷན་སྐྱོད། སྙིང་སྟོབས་ཆེར་བསྐྱེད། སྲོལ་འབྱེད་གསར་གཏོད་བཅས་བྱས་ན། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་མཆོང་སྐྱོད་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེར་འགོད་ཀྱི་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པའི་བརྗིད་ཆགས་དམིགས་འབེན་དེ་མངོན་འགྱུར་བྱེད་ཐུབ་ངེས་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com