ཁུལ་སྲིད་གྲོས་སྐབས14བའི་གྲོས་ཚོགས་ཐེངས་དང་པོ་ཡོངས་སུ་མཇུག་སྒྲིལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་གསར་འགྱུར་དྲ་བ། དུས་ཚོད།:2021-08-30 08:55:54 ཀློག་གྲངས།:
ཁུལ་སྲིད་གྲོས་སྐབས14བའི་གྲོས་ཚོགས་ཐེངས་དང་པོ་ཡོངས་སུ་མཇུག་སྒྲིལ།
ལིས་ཀང་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་གནང་།  ཚེ་རིང་གིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་ཐོག་ཏུ་ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་།
       མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་ཟླ8པའི་ཚེས27ཉིན་གྱི་སྔ་དྲོར་ཁུལ་གྲོས་ཚོགས་ལྟེ་གནས་སུ་བདེ་བླག་གིས་ཡོངས་སུ་མཇུག་སྒྲིལ།
      ཚོགས་ཆེན་མཇུག་མ་སྒྲིལ་བའི་སྔོན་དུ། མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། ཚེ་རིང་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་ཀྲུའུ་ཞིར་བདམས་པ་དང་། ཀྲའོ་ཀུའེ་ལེན། བསོད་ནམས་སྐྱིད། རེན་ཅན་མེན། ཀུན་བཟང་པདྨ་རྣམ་རྒྱལ། ཧུའོ་ཆིང་། དགེ་འདུན་རྒྱལ་བཅས་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་ཀྲུའུ་ཞི་གཞོན་པར་བདམས། སང་ཁྲེང་ཡེ་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་དྲུང་ཡིག་ཆེན་མོར་བདམས།
     ཚོགས་ཆེན་ལ་ཐོན་དགོས་པའི་ཨུ་ཡོན249ཡོད་ལ། དངོས་སུ་ཐོན་ཡོད་པའི་ཨུ་ཡོན243ཡོད་པས། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།
ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཚོགས་ཆེན་ལ་ཞུགས་ཏེ་གཏམ་བཤད་གནང་།
      ཁུལ་སྲིད་གྲོས་ཀྲུའུ་ཞི་ཚེ་རིང་དང་ཀྲུའུ་ཞི་གཞོན་པ་ཀྲའོ་ཀུའེ་ལེན། བསོད་ནམས་སྐྱིད། རེན་ཅན་མེན། ཀུན་བཟང་པདྨ་རྣམ་རྒྱལ། ཧིའོ་ཆིང་། དགེ་འདུན་རྒྱལ། དྲུང་ཡིག་ཆེན་མོ་སང་ཁྲེང་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
      ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་ཁུལ་རིམ་པའི་མགོ་ཁྲིད་གཞན་དག་བཅས་ཚོགས་འདུ་གདན་ཞུས་ལྟར་ཚོགས་ཞུགས་གནང་ཡོད་ལ། མཚོ་ལྷོ་ས་ཁུལ་གྱི་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་སྡོད་པའི་ཞིང་ཆེན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ། རྫོང་སོ་སོའི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཤང་གྲོང་སོ་སོའི་སྲིད་གྲོས་བྱ་བའི་འབྲེལ་གཏུགས་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཟུར་ཞུགས་གནང་ཡོད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་གིས་ཚོགས་ཆེན་ལ་མགོ་འཛིན་བྱས།
      སྔ་དྲོའི་དུས་ཚོད10དང་ཕྱེད་ཀའི་སྟེང་ཚེ་རིང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད།
      ཚོགས་འདུ་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞུའི་གྲོས་གཞི་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་གསུམ་པའི་གྲོས་འདོན་བྱ་བའི་གནས་ཚུལ་གྱི་གྲོས་གཞི། དེ་མིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་ཀྱི་གྲོས་གཞི་བཅས་ཀྱི་སྐོར་ལ་གྲོས་ཆོད་བྱུང་།
     ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མཇུག་སྒྲིལ་བའི་ཚོགས་ཆེན་སྟེང་གཏམ་བཤད་གནང་། ཁོས་བསྟན་དོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཨུ་ཡོན་དང་ཚོགས་ཞུགས་བློ་མཐུན་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་ལས་གྲོས་རིམ་ཁག་ལ་གྲོས་ཆོད་བྱུང་སྟེ་བདེ་བླག་གིས་ཡོངས་སུ་མཇུག་སྒྲིལ་བ་རེད། ཚོགས་ཆེན་སྐབས་སུ་ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་དང་ལས་གནས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཏེ། ཁྱོན་ཡོངས་ནས་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་ལ་འབད་བརྩོན་བྱེད་པའི་རྒྱང་བསྐྱོད་ཀྱི་ལམ་བུ་གསར་བར་སྙེགས་པ་དང་། ཁྱོན་ཡངས་པའི་གུང་ཧོ་གཤོང་སའི་དར་རྒྱས་ལ་སྐུལ་འདེད་དང་སྟོབས་འབྱོར་འཆམ་མཐུན་གྱི་མཚོ་ལྷོ་གསར་བ་བསྐྲུན་པའི་ཆབ་དཔལ་གྲོས་མོལ་ལ་འཐབ་ཇུས་དང་བསམ་ཚུལ་མང་པོ་བཏོན་པ་དེས་དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་གྱི་བློ་ཁོག་དང་དམངས་ལ་བརྩེ་བའི་འགན་འཁྲི་རྟོགས་ཐུབ། ཚོགས་ཆེན་ལས་མཐུན་སྒྲིལ་དང་དམངས་གཙོ། འཆམ་མཐུན་དང་འབད་བརྩོན་གྱི་རྣམ་པ་བཟང་བོ་ཆགས་ཡོད་པ་དེས་སྲིད་གྲོས་ཨུ་ཡོན་གྱིས་མཚོ་ལྷོར་བཅངས་བའི་རྣམ་དག་གི་བརྩེ་བ་མཚོན་ལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་པ་དེས་ཚོགས་ཆེན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད་པ་རེད། ལིས་ཀང་གིས་ཁུལ་ཨུའི་ཚབ་བྱས་ཏེ་ཚོགས་ཆེན་ལ་ཞུགས་པའི་ཨུ་ཡོན་དང་བློ་མཐུན་ཡོངས་ལ་སེམས་གཏིང་ནས་བཀའ་དྲིན་ཞུས་པ་དང་། གསར་དུ་བདམས་པའི་ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་དང་རྒྱུན་ལས་ཨུ་ཡོན་བཅས་ལ་སེམས་གཏིང་ནས་རྟེན་འབྲེལ་ཞུས་པ་རེད།
    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གྲོས་སྐབས་བཅུ་བཞི་བའི་མགོ་ཁྲིད་ཚན་ཁག་དང་ཨུ་ཡོན་རྣམས།
      ལིས་ཀང་གིས་བསྟན་དོན། འདས་པའི་ལོ་ལྔའི་རིང་། ཁུལ་ཨུའི་སྣེ་ཁྲིད་བཟང་བོའི་འོག ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པས་དུས་ནམ་ཡང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཡང་དག་པའི་ཆབ་སྲིད་ཀྱི་ལམ་དུ་སྣེ་ཁྲིད་བྱས་ཤིང་། མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དཀྱིལ་སྙིང་དུ་བཟུང་སྟེ་ཁུལ་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྟོབས་ཤུགས་དང་ནུས་པ་གལ་ཆེན་བཏོན་ཡོད།
      ལིས་ཀང་གིས་ནན་གྱིས་བསྟན་དོན། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བ་བདེ་བླག་གིས་མཇུག་སྒྲིལ་བ་དེས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་མཛུད་སྟོན་གལ་ཆེན་གནང་བའི་བླང་བྱ་ལྟར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མཚོ་ལྷོས་ཁྱོན་ཡོངས་ནས་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་ལ་འབད་བརྩོན་བྱ་བའི་རྒྱང་བསྐྱོད་ཀྱི་ལམ་བུ་མངོན་འགྱུར་བྱེད་པར་ཁ་ཕྱོགས་བསྟན་ཡོད།
      ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་འགན་འཁྲི་ཡིད་ལ་བརྟན་པོར་བཟུང་སྟེ། ཁུལ་ཨུའི་བྱ་བའི་བཀོད་འདོམས་གཞིར་བཟུང་ནས་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་བརྩོན། ཆབ་དཔལ་ལ་གྲོས་གཞི་འདོན་པ་དང་ཐུན་མོང་གིས་འབད་བརྩོན་བྱས་ཏེ། མཚོ་ལྷོའི་སྤུས་མཐོའི་འཕེལ་རྒྱས་ཀྱི་རླབས་ཆེན་རྒྱང་བསྐྱོད་ལ་མི་དམངས་སྲིད་གྲོས་ཀྱི་སྟོབས་ཤུགས་གསར་བ་འབུལ་དགོས།
      སྔ་དྲོའི་དུས་ཚོད11སྟེང་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་ཡོངས་སུ་མཇུག་སྒྲིལ།
 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།