བྲག་དཀར་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གསོའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སྒྲོལ་མ་འབུམ་རྫོང་མི་རིགས་སློབ་འབྲིང་དང་པོར་སོང་སྟེ་ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཉི་ཟེར་སྲིད་དོན། དུས་ཚོད།:2021-11-25 11:22:38 ཀློག་གྲངས།:
        ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཟླ11པའི་ཚེས22ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གསོའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སྒྲོལ་མ་འབུམ་སོགས་རྫོང་མི་རིགས་སློབ་འབྲིང་དང་པོར་སོང་སྟེ་ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཤིང་། སློབ་གྲྭའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅིའམ་སློབ་གཙོ་ཡི་དམ་ཚེ་རིང་གིས་སྒྲོག་འགྲེལ་ཚོགས་འདུར་མདོ་འཛིན་བྱས་པ་དང་། སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་ལས་བཟོ་བ་བསྡོམས་པས་མི160ཚོགས་འདུར་ཞུགས།       
        སྒྲོག་འགྲེལ་ཚོགས་འདུའི་སྟེང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གསོའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སྒྲོལ་མ་འབུམ་གྱིས«ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་བརྩོན་གྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད»དང«ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད»ཅེས་པའི་ཡིག་ཆ་གཉིས་དང་དགོས་མཁོ་གསུམ། འཕུར་སྐྱོད་ཐེངས་གསུམ། གྲུབ་འབྲས་རླབས་ཆེན་བཞི། ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྔ། ལོ་རྒྱུས་ཀྱི་ཉམས་མྱོང་ཆེན་པོ་བཅུ། ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས་གལ་ཆེན། དགོས་ངེས་བཞི་དང་འབོད་སྐུལ་གཅིག་བཅས་ཕྱོགས་དགུ་ནས་ཀྲུང་དབྱང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལོ་རྒྱུས་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། བརྗོད་སྙིང་གཙོ་བོ་བཅས་ལ་རྒྱས་བཤད་གཏིང་ཟབ་དང་མཛུབ་སྟོན་ཞིབ་མོ་བྱས།       
        ཚོགས་འདུའི་སྟེང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གསོའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་སྒྲོལ་མ་འབུམ་གྱིས་རང་ཉིད་ཀྱིས་ལོ་ངོ24རིང་སློབ་ཁྲིད་བྱས་པའི་མྱོང་བ་དངོས་ལ་བརྟེན་ནས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་བྱེད་པའི་གལ་ཆེན་རང་བཞིན་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀུན་སྤྱོད་ལེགས་སྐྱོང་དང་མི་སྣ་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་རྨང་གཞི་ཡིན་པ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ཐབས་ལམ་དང་ཇུས་གཞི་བཅས་ཕྱོགས་གསུམ་ནས་ཚོགས་ཞུགས་མི་སྣ་དང་དཔྱད་བསྡུར་བགྲོ་གླེང་བྱས་ཤིང་། དགེ་རྒན་ཚོས་གོམ་གང་མདུན་སྤོས་ཀྱིས་རང་གི་ཀུན་སྤྱོད་དང་སྤྱོད་ཚུལ་ལེགས་སྐྱོང་དང་ལས་རིགས་ཀྱི་བྱང་ཚུལ་ཇེ་མཐོར་བཏང་སྟེ། དུས་རབས་གསར་པའི“བཞི་ལྡན་དགེ་རྒན་བཟང་པོ”བྱེད་པར་འབད་བརྩོན་བྱ་དགོས་པའི་བླང་བྱ་བཏོན།
        དགེ་རྒན་གྱི་འཐུས་ཚབ་མི་སྣས་ཀྱང་སྒྲོག་འགྲེལ་ཚོགས་འདུར་ཞུགས་པའི་མྱོང་ཚོར་དང་བློ་སྐྱེད་ལྷུག་པོར་བརྗོད་དེ། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་རང་རེའི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་གྱི་དུས་སྐབས་གལ་ཆེན་དང་། “ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་འབེན་གྱི་ལོ་རྒྱུས་མཉམ་འདྲེས་ཀྱི་གནད་འགག་གི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱ་དགོས་ཤིང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཏང་འཛུགས་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་དང་། ལས་གཅེས་ལས་བཀུར་དང་གདོང་ལེན་པ་བྱེད་ཕོད་པའི་འདུ་ཤེས་བརྟན་ཞིང་། ཤེས་བྱ་ཁྱབ་སྤེལ་དང་བསམ་བློ་ཁྱབ་སྤེལ། བདེན་ལུགས་ཁྱབ་སྤེལ་བཅས་བྱེད་པའི་དུས་རབས་ཀྱི་འགན་འཁྲི་དང་མ་འགལ་བར། སློབ་སྦྱོང་དང་འཚོ་བའི་ཁྲོད་དུ་སློབ་མར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ལྷག་བསམ་ཟོལ་མེད་ཀྱིས་སློབ་མར་སེམས་ཁུར་བྱས་ཏེ་ཚད་ལྡན་གྱི་དུས་རབས་གསར་པའི་འཇོན་མི་གསོ་སྐྱོང་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་ཞེས་བཤད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།