སྲིད་གཞུང་བྱ་བའི་སྙན་ཞུ། སྟོད་ཆ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་འཕྲིན་སྟེགས།
དུས་ཚོད།:2023-03-21 08:48:03
ཀློག་གྲངས།:
2023ལོའི་ཟླ3ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལིས་ཁི་ཆང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལིས་ཁི་ཆང་།
འཐུས་མི་རྣམ་པ།
སྐབས་འདིའི་སྲིད་གཞུང་གི་འགན་འཛིན་ཡུན་ཚད་མཇུག་སྒྲིལ་གྲབས་ཡོད། ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ།
གཅིག འདས་ཟིན་པའི་ལོ་གཅིག་དང་ལོ་ལྔའི་བྱ་བར་ཕྱིར་དྲན་བྱེད་པ།
2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། རླུང་འཚུབ་རླབས་འཕྱོའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར། འཕེལ་རྒྱས། བརྟན་བརླིང་གསུམ་གྱི་ལས་འགན་གྱི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་ཅིང་། ཕྱོགས་ཡོངས་ནས་རིམས་ནད་འགོག་དགོས་པ་དང་། དཔལ་འབྱོར་བརྟན་དགོས་པ། འཕེལ་རྒྱས་བདེ་འཇགས་དགོས་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་པ་དང་། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཧ་ཅང་ཐོབ་དཀའ་བའི་གྲུབ་འབྲས་གསར་པ་ཐོབ་ཡོད།
འདས་ཟིན་པའི་ལོ་གཅིག་གི་རིང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རིམས་ནད་སོགས་རྒྱལ་ཁབ་ཕྱི་ནང་གི་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་མང་པོས་ཕོག་ཐུག་བཏང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ཆོད་ཆེ་བའི་གཅིག་གྱུར་འཆར་འགོད་བྱས་ཤིང་། ནད་དུག་གི་འགྱུར་ལྡོག་དང་རིམས་ནད་ཀྱི་གནས་བབ་གཞིར་བཟུང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་སྙོམས་སྒྲིག་བྱེད་ཤུགས་ཇེ་ལེགས་སུ་བཏང་། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་གསར་པར་དམིགས་ཏེ་འཕྲལ་ཐག་ཆོད་པོས་ཁ་གཏད་འཇལ་བ་དང་དུས་ཐོག་ཏུ་སྙོམས་སྒྲིག་བྱས་པ་དང་། ཉེ་བའི་ལོ་འགའི་རིང་གསོག་འཇོག་བྱས་པའི་སྲིད་ཇུས་ཀྱི་ལག་ཆ་སྤྱད་དེ། གཏན་ལ་ཕབ་ཟིན་པའི་སྲིད་ཇུས་དང་བྱེད་ཐབས་སྔོན་ལ་ལག་བསྟར་བྱས། བློ་བརྟན་འགྱུར་མེད་ཀྱིས་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་ཆ་ཚང་དངོས་སུ་བཏོན་ནས་ལག་བསྟར་བྱས། དཔལ་འབྱོར་བརྟན་པོའི་ངང་གོང་དུ་སྤེལ་བའི་བྱ་བ་བཀོད་སྒྲིག་བྱེད་པ། ས་གནས་ལ་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལྟ་སྐུལ་སློབ་སྟོན་ཞབས་ཞུར་ཤུགས་སྣོན་རྒྱག་པ། ས་གནས་ཁག་ལ་སྲིད་ཇུས་ཀྱི་གཏིང་ཤུགས་སྔོག་འདོན་བྱེད་པར་རྒྱབ་སྐྱོར་བྱེད་པ། དཔལ་འབྱོར་ཞིང་ཆེན་ཆེ་གྲས་ཀྱིས་འགན་ཆེན་པོ་འཁུར་བར་རྒྱབ་སྐྱོར་བྱེད་པ། འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། དངོས་ཟོག་གི་རིན་གོང་བརྟན་པོ་བཅས་ཡོང་བར་བྱས་པ་དང་། དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར3%འཕར་བ་དང་། མཁར་གྲོང་གི་ལས་ཞུགས་ཐད་མི་བྱེ་བ་གཅིག་དང་ས་ཡ་གཉིས་ཁྲི་དྲུག་གསར་དུ་བསྣན་པ་དང་།ལོ་མཇུག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད5.5%ལ་མར་ཆག་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང2%འཕར་ཡོད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་གྲངས་བསྡོམས་འབོར7.7%འཕར་ཡོད། ནོར་སྲིད་མཚལ་ཡིག་གི་ཚད2.8%ལ་ཚོད་འཛིན་བྱས་ཤིང་། ཀྲུང་དབྱང་ནོར་སྲིད་ཀྱི་གཏོང་ཡོང་སྔོན་རྩིས་དང་མཐུན་ཞིང་གཏོང་སྒོའི་ཐད་ལྷག་འཕྲོ་ཅུང་ཙམ་ཡོད། རྒྱལ་སྤྱིའི་གཏོང་ཡོང་དོ་མཉམ་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་བོའི་དངུལ་ལོར་གཙོ་བོའི་ཁྲོད་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་གི་མཚོན་ཚུལ་བལྟོས་བཅས་ཀྱིས་བརྟན་པོ་ཡིན། འབྲུ་རིགས་ཐོན་འབོར་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཐེར་ཆེན་བདུན་ཡིན་ཞིང་། ཐོན་འཕར་རྒྱ་མ་ཐེར་འབུམ་བདུན་དང་དུང་ཕྱུར་བཞི་ཡིན།སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན། མཁྲེགས་གཏོར་དཀའ་སེལ་ཁྲོད་དཔལ་འབྱོར་གྱི་ཁྱོན་ཡོངས་བརྟན་པོ་བྱས་ཤིང་། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་ཁོར་ཡུག་ཁྲོད་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་ལ་མཉེན་ཤུགས་བརྟན་པོ་མངོན་ཡོད།
ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དཀའ་ངལ་ཆེ་རུ་ཕྱིན་པར་དམིགས་ཏེ། དཀའ་སེལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རིམས་ནད་བྱུང་ཚུལ་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་མི་ཉུང་བ་ཞིག་ལ་དམིགས་བསལ་གྱི་དཀའ་ངལ་ལ་འཕྲད་ཡོད། ལོ་ཧྲིལ་པོར་གནས་ཐང་འཕར་ཁྲལ་ཚབ་འཐེན་ཁྲལ་སློག་བྱས་གྲངས་སྒོར་དུང་ཕྱུར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བཞི་ལས་བརྒལ་ཡོད། ཁྲལ་རིན་གཉིས་གཅོག་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་ལས་བརྒལ་བ་གསར་དུ་འཕར་སྣོན་བྱུང་བ་དང་། ཁྲལ་རིན་འགྱངས་སྤྲོད་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་ལྔ་ལྷག་ཡིན། ནུས་ཤུགས་ཡོད་དགུས་ཁྲལ་རིན་གཉིས་ལྕོག་གི་སྲིད་ཇུས་དངོས་འབེབས་ལ་རྒྱབ་སྐྱོར་བྱས་ཏེ།ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་གྲངས་འཕར་སྣོན་ཆེས་ཆེར་བཏང་ཡོད། དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གཏོང་གྲངས་མང་དུ་གཏོང་བར་ཁྲིད་སྟོན་བྱས་ཤིང་། གསར་དུ་སྤྲད་པའི་ཁེ་ལས་ཀྱི་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་དེ་བསྡོམས་རྩིས་བྱས་ཚུན་གྱི་ཆེས་དམའ་བའི་ཆུ་ཚད་དུ་སླེབས་པ་དང་། ནད་ཡམས་ཀྱི་ཤུགས་རྐྱེན་ཚབས་ཆེ་བའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་བཟའ་བཏུང་། ཡུལ་སྐོར། དངོས་ཟོག་སྐྱེལ་འདྲེན་སོགས་ལ་དུས་མཚམས་རང་བཞིན་གྱི་དངུལ་བུན་དུས་འགྱངས་ཀྱིས་སྐྱེད་ཀ་འཇལ་རྒྱུ་དང་། ཀུན་ཕན་གྱི་དངུལ་བུན་ཆུང་ཕྲན་ལ་དུས་མཚམས་རང་བཞིན་གྱི་སྐྱེད་ཀ་གཅོག་རྒྱུ་རེད། བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་ཚོང་རའི་གསོན་ཤུགས་འདོན་སྤེལ་བྱ་དགོས། གྲངས་འབོར་མང་ཞིང་རྒྱ་ཆེ་བའི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་སྤྱི་ཁྱབ་ཏུ་ཕན་ཁེ་ཐོབ་ཡོད།
ཕན་ནུས་ལྡན་པའི་དགོས་མཁོ་མི་འདང་བའི་འགལ་བ་འབུར་ཐོན་ལ་དམིགས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་མ་དངུལ་འཇོག་རྒྱ་ཆེར་སྐྱེད་དང་། འཛད་སྤྱོད་ལ་སྐུལ་འདེད། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་བཅས་བྱས་ཡོད། ན་ནིང་མཐའ་སྣེའི་འཛད་སྤྱོད་ལ་ཐད་ཀར་རྡུང་རྡེག་ཕོག་པ་དང་མ་འཇོག་ལའང་ཤུགས་རྐྱེན་ཐེབས་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཀྱི་གལ་ཆེའི་བཟོ་སྐྲུན་ལས་གཞི་ཁག་ཅིག་སྔོན་ལ་ལག་བསྟར་བྱས་པ་དང་། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་ཇེ་མགྱོགས་སུ་བཏང་བ། ཆེད་དམིགས་བུ་ལོན་གྱི་ལྷག་གྲངས་དང་ལྷག་གྲངས་ཡོད་པའི་བཅད་གྲངས་ཁྲིམས་ལྟར་གང་འགབ་ཅི་སྤྱོད་བྱེད་པ། དུས་ཐེངས་གཉིས་ལ་བགོས་ཏེ་སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་སྒོར་ཁྲག་ཁྲིག་བདུན་དང་ཐེར་ཆེན་བཞི་བཏང་སྟེ། ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་མ་རྩའི་དངུལ་ཁ་གསབ་བྱས་ཡོད། ཆེད་སྤྱོད་དངུལ་བུན་བསྐྱར་མ་དང་ནོར་སྲིད་ཀྱི་སྐྱེད་ཀ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ལ་བརྟེན་ནས། གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་དང་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས། མཉམ་འབྲེལ་སྒོས་གཞུང་ལས་སྒྲུབ་པ་དང་ས་གནས་ཀྱིས་ཁས་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་དགོས། ལོ་ཧྲིལ་པོར་རྨང་གཞིའི་སྒྲིག་བཀོད་དང་བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས་སོ་སོར9.4%དང9.1%འཕར་བས། བརྟན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་སྣེ་ཁྲིད་ཚད5.1%འཕར་ཡོད་པ་དང་།འཛད་སྤྱོད་ཉུང་འཕྲིའི་ཐད་ཀྱི་སྟོང་ཆ་ཚད་ངེས་ཅན་ཞིག་གི་ཐོག་ནས་ཁ་གསབ་བྱས་ཡོད། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་བྱེད་སྟངས་གསར་པ་འཕེལ་རྒྱས་གཏོང་བ་དང་། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་བ་འཕེལ་རྒྱས་སུ་བཏང་སྟེ། རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རླངས་འཁོར་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་པའི་རླངས་འཁོར་ཕྱིར་འཚོང་ཚད93.4%འཕར་བ་དང་། ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་ལྗང་མདོག་ཨར་ལས་རྒྱུ་ཆ་གཞི་རིམ་དུ་སྐྱེལ་ནས། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱས། དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་བཏོན་པ་དང་། འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་བྱས་པ། འགྲིམ་འགྲུལ་དང་ཐོག་ཁང་བཅས་འགན་སྲུང་བྱས་ཏེ་དམངས་ཚིས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་མ་བཅོས་རྒྱུ་ཆ་དང་ལས་མི་སྤྱོད་པ། ཟོག་འགྲེམས་སོགས་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་། གྲུ་ཁ་འདུས་འགྲེམས་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་བཏང་བས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སློག་པ་དང་ཐག་གཅོད་བྱས་པ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་སྔོན་དཔག་ལས་ལེགས་པ། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་བརྟན་པོའི་ངང་འཕར་བ་བཅས་བྱས་ཡོད།
ལས་ཞུགས་ཀྱི་གནོན་ཤུགས་མངོན་གསལ་དོད་པོ་ཡིན་པར་དམིགས་ཏེ། ལས་གནས་བརྟན་པོ་དང་ལས་ཞུགས་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ན་ནིང་མཁར་གྲོང་གི་བརྟག་དཔྱད་ལས་ཀ་ཤོར་ཚད་སྐབས་ཤིག་གི་རིང་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་ཡོད། ནོར་ཁྲལ་དང་དངུལ་རྩ། དངུལ་འཇོག་སོགས་ཀྱི་སྲིད་ཇུས་ཀྱིས་ལས་ཞུགས་བརྟན་པོ་ཡོང་བར་སྔར་བས་མཐོང་ཆེན་བྱས། དཀའ་ངལ་ཡོད་པའི་ལས་རིགས་ཀྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་སྲུང་གྲོན་དངུལ་འཇལ་རྒྱུ་ཕྱིར་འགྱངས་བྱས། ལས་བརྟན་ཕྱིར་སློག་གི་ལས་ཤོར་འགན་བཅོལ་ཐེབས་རྩའི་བསྡུར་ཚད་ཤུགས་ཆེན་པོས་མཐོ་རུ་བཏང་བ་དང་། ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་ཇེ་མང་དུ་བཏང་། ཁག་ཐེག་དངུལ་བུན་དང་བོགས་དངུལ་ཆག་ཡང་སོགས་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་དམིགས་སུ་བཀར་ནས་ཡག་པོ་སྒྲུབ་པ་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་མཁན་ལ་ཆེད་དོན་རོགས་སྐྱོར་བྱས། གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་ཁྲོད་རྒུད་གསབ་ལས་སྤྲོད་ཁྱབ་སྤེལ་བྱས། དབུལ་ཐར་མི་གྲངས་ཀྱི་ལས་གཉེར་གཞི་ཁྱོན་མི་བྱེ་བ་གསུམ་དང་ས་ཡ་གཉིས་ལས་བརྒལ་བ་དང་བརྟན་པོའི་ཁྲོད་འཕར་སྣོན་བྱུང་ཡོད། ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་རྒྱུན་འཁྱོངས་བྱས་ཡོད།
གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་མཐོ་འཕར་བྱུང་བའི་ཤུགས་རྐྱེན་ལ་དམིགས་ཏེ། འབྲུ་རིགས་དང་ནུས་ཁུངས་གཙོ་གནད་དུ་བྱས་ནས་འདོན་སྤྲོད་སྲུང་འཛིན་དང་རིན་གོང་བརྟན་པོ་བྱས་ཡོད། ན་ནིང་གོ་ལ་ཧྲིལ་པོར་དངུལ་ལོར་འགྲེམས་ཐལ་ཤོར་ནས་ལོ40ལྷག་ཙམ་རིང་གི་ཟིན་ཐོ་མཐོ་ཤོས་སུ་སླེབས་པ་དང་། རྒྱལ་ནང་གི་རིན་གོང་བརྟན་པོ་ཡོང་བར་གནོན་ཤུགས་ཅུང་ཆེན་པོ་འཕྲད་ཡོད། ཆུ་ལོག་དང་ཞོད་སྐྱོན། ཐན་སྐྱོན་སོགས་རང་བྱུང་གནོད་སྐྱོན་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། ཞིང་ལས་འཕྲུལ་ཆས་སྤྱི་ཡོངས་ནས་བཀོལ་སྤྱོད་ཐུབ་རྒྱུར་ལྟ་སྐུལ་དང་མཐུན་སྦྱོར་བྱས་ཏེ། ཞིང་ལས་ཀྱི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་སྲུང་བྱས་པ་དང་། ཁག་གསུམ་ལ་དབྱེ་ནས་འབྲུ་རིགས་འདེབས་མཁན་ཞིང་པར་ཞིང་ལས་རྒྱུ་ཆའི་ཁ་གསབ་བྱིན། ཞིང་ལས་ཀྱི་དུས་ཚོད་འཐུས་ཤོར་མ་བཏང་བར་འབྲུ་རིགས་འདེབས་པ་དང་ལོ་ཏོག་བསྡུ་བ་དམ་འཛིན་བྱས་པ་དང་། འབྲུ་རིགས་ལོ་ལེགས་འབྱུང་བ་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་སྲུང་བྱས་ཡོད། རྡོ་སོལ་གཙོ་ནུས་ཐོན་ཁུལ་གྱི་ནུས་པ་འདོན་སྤེལ་དང་། རྡོ་སོལ་གྱི་སྔོན་ཐོན་ཐོན་ནུས་ཆེ་རུ་བཏང་བ་དང་། གློག་འདོན་དང་ཚ་དྲོད་མཁོ་འདོན་བྱེད་མཁན་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ནུས་ཁུངས་རྒྱུན་ལྡན་དུ་མཁོ་སྤྲོད་བྱེད་པར་འགན་སྲུང་བྱས་ཡོད། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཐལ་ཤོར་ཚད་མཐོ་བའི་རྒྱབ་ལྗོངས་འོག་རང་རྒྱལ་གྱི་དངོས་ཟོག་གི་རིན་གོང་གི་ཆུ་ཚད་ཅུང་དམའ་བར་རྒྱུན་འཁྱོངས་བྱུང་བ་ནི་ཤིན་ཏུ་ཐོབ་དཀའ་བ་ཞིག་རེད།
མང་ཚོགས་ཁག་ཅིག་གི་འཚོ་བའི་དཀའ་ངལ་ཇེ་མང་དུ་ཕྱིན་པར་དམིགས་ཏེ། གཞི་རྩའི་དམངས་ཚིས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། དུས་རིམ་རང་བཞིན་གྱི་མ་མཐའི་འཚོ་བ་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཁྱབ་རྒྱ་ཆེ་རུ་བཏང་ནས། དཀའ་ངལ་ཡོད་པའི་ཚོགས་སྤྱི་སྔར་ལས་མང་བ་འགན་སྲུང་གི་ཁྱབ་ཁོངས་སུ་བཅུག ལས་ཤོར་འགན་བཅོལ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ནས། བསྡོམས་པས་ལས་ཤོར་མི་སྣ་བྱེ་བ་གཅིག་ལྷག་ལ་ལས་ཤོར་འགན་བཅོལ་གྱི་ཐོབ་ཐང་སྤྲད་ཡོད། ཡོང་འབབ་དམའ་བའི་མང་ཚོགས་སྔར་ལས་མང་བར་རིན་གོང་གསབ་དངུལ་སྤྲད་པས་ཧ་ལམ་མི་བྱེ་བ་དྲུག་དང་ས་ཡ་བདུན་ལ་ཕན་ཁེ་ཐོབ་ཡོད། རིམས་ནད་དང་གནོད་འཚེའི་རྐྱེན་ཀྱིས་དཀའ་ངལ་བྱུང་བའི་མང་ཚོགས་ཀྱི་གནས་སྐབས་རོགས་སྐྱོབ་བྱ་བ་ཡག་པོ་བསྒྲུབས་ནས་དམངས་ཚིས་མཐའ་ཚད་དངོས་གནས་བསྲུངས་ཡོད།
དེ་དང་ཆབས་ཅིག ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཆོག་མཆན་གནང་བའི་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར། དཔལ་འབྱོར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་ཡོད། དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན། དེང་སྐབས་འཛད་སྤྱོད་ཀྱི་དགོས་མཁོ་དང་ཁྲོམ་རའི་འཁོར་རྒྱུག བཟོ་ལས་ཐོན་སྐྱེད། ཁེ་ལས་ཀྱི་སྔོན་དཔག་སོགས་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ནས། དཔལ་འབྱོར་འཕེལ་རྒྱས་བརྟན་པོའི་ངང་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ལ་སྦས་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་གནས་ཡོད།
འཐུས་མི་རྣམ་པ།
འདས་ཟིན་པའི་ལོ་ལྔ་ནི་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མ་རེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་འཛམ་གླིང་གི་གནས་བབ་རིམ་འགྱུར་མགྱོགས་པོ་བྱུང་བ་དང་། པྲོག་གསར་རིམས་ནད་ཀྱི་ཕོག་ཐུག རྒྱལ་ནང་གི་དཔལ་འབྱོར་མར་ཆག་པ་སོགས་ཀྱི་ཉམས་སད་མང་པོ་ཐེག་ཅིང་། དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱས་ནས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་སྐྱོད་ལམ་གསར་པར་སྐྱོད་འགོ་ཚུགས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
—དཔལ་འབྱོར་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཉིས་ཐེར་ཆེན་གཅིག་བར་འཕར་ཞིང་། ལོ་ལྔའི་རིང་ལོ་རེར་ཆ་སྙོམས5.2%འཕར་བ་དང་། ལོ་བཅུའི་རིང་སྒོར་དུང་ཕྱུར་ཁྲག་ཁྲིག་ཆེན་མོ་བདུན་ལ་ཉེ་བ་འཕར་ཏེ་ལོ་རེར་ཆ་སྙོམས6.2%འཕར་ནས། འཕར་སྣོན་མྱུར་ཚད་འབྲིང་མཐོ་མངོན་འགྱུར་བྱུང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཡོད། ནོར་སྲིད་ཡོང་འབབ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཐེར་ཆེན་བཞི་བར་འཕར་ཡོད། འབྲུ་རིགས་ཐོན་ཚད་ལོ་བསྟུད་མར་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་དུ་བརྟན་པོར་གནས་ཡོད། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་རབ་བཀྲམ་བཞི་ལས་བརྒལ་ཡོད།ལོ་རེར་ཆ་སྙོམས་བྱས་ན་མཁར་གྲོང་གི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བདུན་ལྷག་གསར་དུ་འཕར་སྣོན་བྱུང་། ཕྱི་དངུལ་གསོག་འཇོག་ཨ་སྒོར་ཁྲག་ཁྲིག་ཆེན་མོ་གསུམ་ཡན་དུ་བརྟན་པོར་གནས་ཡོད། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།
—དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད། ལོ་བརྒྱད་ཀྱི་རིང་རྒྱུན་མཐུད་འབད་བརྩོན་བྱས་པར་བརྟེན། གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་དུང་ཕྱུར་གཅིག་ལ་ཉེ་བ་དབུལ་ཐར་བྱུང་ཡོད། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང832ཚང་མས་དབུལ་ཞྭ་ཕུད་པ་དང་། དབུལ་ཕོངས་མི་གྲངས་ས་ཡ་དགུ་དང་འབུམ་དྲུག་ལྷག་ཡུལ་གཞན་དུ་གནས་སྤོས་པས། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་ཡོད།
—ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་སྒྲིག་འཛུགས་བྱེད་པ། རྒྱལ་ཡོངས་ཀྱི་གནད་ཆེའི་ཚོད་ལྟ་ཁང་བསྐྱར་སྒྲིག་བྱེད་པར་ཁག་བགོས་ཀྱིས་སྐུལ་འདེད་བྱས། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ཁ་ཤས་མཁྲེགས་གཏོར་ཐད་ཐོད་བརྒལ་གསར་པ་བྱུང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཁ་ཤས་འགག་གནད་ལས་སྒྲོལ་ཐུབ་ཡོད། མི་ཞུགས་འཇིག་རྟེན་འཕུར་སྐྱོད་དང་། ཟླ་བ་དང་མིག་དམར་བརྟག་འཇལ། མཚོ་གཏིང་ས་གཏིང་བརྟག་འཇལ། རིམ་འདས་རྩིས་འཁོར། འཁོར་སྐར་ཕྱོགས་སྟོན། ཚད་རྡུལ་ཆ་འཕྲིན། ཉིང་རྡུལ་གློག་གི་ལག་རྩལ། གནམ་གྲུ་ཆེ་གྲས་བཟོ་སྐྲུན། མིས་བཟོས་རིག་ནུས། སྐྱེ་དངོས་སྨན་རྫས་སོགས་ཁྱབ་ཁོངས་སུ་གསར་གཏོད་གྲུབ་འབྲས་རྒྱུན་མི་ཆད་པར་ཐོན་ཡོད། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་ཚད2.1%ནས2.5%ཡན་ལ་འཕར་ཡོད། ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད60%ཡན་མཐོ་རུ་ཕྱིན་ནས། གསར་གཏོད་འདེགས་སྐྱོར་འཕེལ་རྒྱས་ཀྱི་ནུས་ཤུགས་རྒྱུན་མི་ཆད་པར་ཇེ་དྲག་ཏུ་ཕྱིན་ཡོད།
—དཔལ་འབྱོར་གྲུབ་ཚུལ་སྔར་བས་ལེགས་སྒྱུར་བྱུང་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས10.6%དང7.9%འཕར་སྣོན་བྱུང་། གྲངས་ཀའི་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གྱུར་ཡོད། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་ཀྱི་རིན་ཐང་འཕར་མས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད17%ཡན་ཟིན་ཡོད། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཡོད། རྒྱུན་སྡོད་མི་གྲངས་མཁར་གྲོང་ཅན་དུ་འགྱུར་ཚད60.2%ནས65.2%ལ་འཕར་བ་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས།དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་མགྱོགས་པོར་འཚར་ལོངས་བྱུང་ཡོད།
—རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་བཏང་ཡོད། ཆུ་ལོག་དང་ཐན་པ་འགོག་པ་དང་། ཆུ་འདྲེན་སོགས་ཆུ་བེད་བཟོ་སྐྲུན་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད། མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་གཉེར་ལམ་ཐག་སྤྱི་ལེ་ཁྲི་གཉིས་དང་སྟོང་ལྔ་ནས་སྤྱི་ལེ་ཁྲི་བཞི་དང་སྟོང་གཉིས་ལ་འཕར་སྣོན་བྱུང་བ་དང་། མྱུར་བགྲོད་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་འབུམ་གཅིག་དང་ཁྲི་བདུན་སྟོང་བདུན་ལ་འཕར་སྣོན་བྱུང་ཡོད། ཞིང་སྡེའི་གཞུང་ལམ་སྤྱི་ལེ་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་གསར་སྐྲུན་དང་སྒྱུར་སྐྲུན་བྱས་ཡོད། གསར་དུ་འཕར་སྣོན་བྱས་པའི་གནམ་གྲུ་འབབ་ཐང་གི་ཤོང་ཚད་མི་ཐེངས་དུང་ཕྱུར་བཞི་ཡིན། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད40%ཡན་འཕར་ཡོད། ས་ཁུལ་རིམ་པའི་གྲོང་ཁྱེར་ཚང་མར་ཀྲའོ་སྟོང་གི་འོད་སྐུད་དྲ་བ་ཁྱབ་པ་དང་སྲིད་འཛིན་སྡེ་བ་ཚང་མར་དྲ་བ་འཐེན་ཡོད།
—བཅོས་སྒྱུར་སྒོ་འབྱེད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཡོད། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་བཏང་ཞིང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་ཡིག(RCEP)ལ་ནུས་པ་ཐོན་པ་དང་། གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་ཁུལ་ཆེ་ཤོས་བསྐྲུན་ཡོད། ཕྱིར་གཏོང་ནང་འདྲེན་བྱེད་གྲངས་བསྡོམས་འབོར་ལོ་རེར་ཆ་སྙོམས8.6%འཕར་ནས། སྒོར་ཁྲག་ཁྲིག་ཆེན་མོ་བཞི་ལས་བརྒལ་བ་དང་བསྟུད་མར་ལོ་མང་རིང་འཛམ་གླིང་གི་ཨང་དང་པོར་གནས་ཡོད། ཕྱི་རྒྱལ་གྱི་མ་དངུལ་འགུགས་ཐབས་དང་ཕྱི་ཕྱོགས་སུ་མ་དངུལ་གཏོང་གྲངས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
—སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་ཡོད། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་ཚད8.1%མར་ཆག་པ་དང་། དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བྱས་ཚད14.1%མར་ཆག་པ། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་ཕྲ་རྡུལ་གྱི(pm-2.5)ཆ་སྙོམས་གར་ཚད27.5%མར་ཆག་པ་དང་། སྦགས་བཙོག་ཚབས་ཆེན་ཕོག་པའི་ཉིན་གྲངས་བཅུ་ཆའི་ལྔ་ལྷག་མར་ཆག་ཡོད། རྒྱལ་ཡོངས་ཀྱི་ས་ངོས་ཆུའི་ཆུ་སྤུས་ལེགས་ཀྱི་བསྡུར་ཚད67.9%ནས87.9%ལ་འཕར་ཡོད་ལ། སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་བཙུགས་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ས་ཁུལ་སྟོང་དགུ་བཙུགས་པས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཆེན་པོ་སྤོས་ཡོད།
—མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་བྱུང་། རྒྱལ་ཡོངས་ཀྱི་སྡོད་དམངས་ཀྱི་མི་རེའི་བཀོད་སྒྲིག་བྱས་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་བྱས་ན5.1%འཕར་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་ལོ་རེར་ཆ་སྙོམས2.1%འཕར་ཡོད། གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་ལ་ཆ་སྙོམས་སློབ་གསོ་མྱོང་བའི་ལོ་ཚད་དེ་ལོ13.5ནས་ལོ14བར་མཐོ་རུ་ཕྱིན་ཡོད། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བཞི་དང་། ཁྱབ་ཚད་མི་གྲངས་ཐེར་འབུམ་གཅིག་དང་བྱེ་བ་ལྔ་ལ་ཁེབས་ཡོད། གཞི་རྩའི་སྨན་བཅོས་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད།ལོ་ངོ་མང་པོའི་རིང་རིམ་རྩིས་བྱས་ན་སྤྱིལ་ཁང་ཁུལ་གྱི་ཁང་པ་བྱེ་བ་བཞི་དང་ས་ཡ་གཉིས་ལྷག་བསྒྱུར་བཀོད་བྱས་པ་དང་། མི་དུང་ཕྱུར་ལྷག་སྤྱིལ་ཁང་ནས་ཐོག་ཁང་དུ་སྤོས་ཏེ་བདེ་སྡོད་བྱུང་ཡོད།
ལོ་མང་པོའི་རིང་ཞིབ་མོའི་བློ་ཡིས་གྲ་སྒྲིག་བྱས་པར་བརྟེན། སྟབས་བདེ་དང་། བདེ་འཇགས། ངོ་མཚར་ཆེ་བ་བཅས་ཀྱི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ནས། ཨོ་ལིམ་ཕིག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་འཛམ་གླིང་མི་དམངས་ཀྱི་མཐུན་སྒྲིལ་མཛའ་མཐུན་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།
པྲོག་གསར་རིམས་ནད་བྱུང་བའི་ལོ་གསུམ་ལྷག་གི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། སྨན་བཅོས་ཐོན་ཁུངས་དང་དངོས་ཟོག་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཞིང་། ནུས་ཤུགས་ཡོད་རྒུས་པྲོག་གསར་ནད་པ་སྐྱོབ་བཅོས་བྱས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་ནུས་ལྡན་བྱས་ནས། དུས་དང་གནས་བབ་ལ་བསྟུན་ནས་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱས། རྒྱལ་ཡོངས་མི་དམངས་ཀྱིས་སྡུག་རུས་ཆེན་པོ་བྱས་པ་དང་། ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་ཡོད། སྤྱིར་བཏང་གཏན་ནས་མ་ཡིན་པའི་རིམས་ནད་འགོག་པའི་བརྒྱུད་རིམ་ཁྲོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅིང་། ལས་རིགས་ཁག་གིས་དུས་ངལ་མཉམ་སེལ་དང་། རྒྱ་ཆེའི་སྨན་བཅོས་མི་སྣས་དཀའ་སྡུག་ལ་མ་འཛེམ་པ་དང་། ལྷག་པར་དུ་མི་དམངས་དུང་ཕྱུར་མང་པོས་དཀའ་ངལ་མང་པོ་ཁྱད་དུ་བསད་ཅིང་། འབད་བརྩོན་བྱས་པ་དང་ལེགས་སྐྱེས་ཕུལ་བ་ཚང་མ་ལས་སླ་པོ་ཞིག་མིན། ཚང་མས་རིམས་ནད་ཀྱི་འགྲན་སློང་ཆེན་པོར་མཉམ་དུ་བཀག་འགོག་བྱས་པ་དང་། མཇུག་སྒྲིལ་མེད་པའི་རིམས་ནད་བྱུང་ཚུལ་ལ་དམིགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ད་དུང་སྲ་བརྟན་དུ་གཏོང་བ་དང་གཅིག་གྱུར་འཆར་འགོད་བྱེད་བཞིན་ཡོད།
འཐུས་མི་རྣམ་པ།
ལོ་ལྔའི་རིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ་གཙོ་བོ་གཤམ་གསལ་གྱི་བྱ་བ་དག་བསྒྲུབས་ཡོད།
(གཅིག) སྤྱི་ཁོག་སྙོམས་སྒྲིག་གསར་གཏོད་བྱས་ཏེ། དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཡར་ལངས་པ་དང་རིམས་ནད་ཀྱི་ཕོག་ཐུག་སོགས་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་འགྲན་སློང་དྲག་པོའི་མདུན་དུ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཐབས་གསར་གཏོད་བྱས་པ་ལས་དངུལ་འཇོག་ལ་བརྟེན་ཐལ་ཆེ་བ་བྱས་མེད་ཅིང་། ནོར་སྲིད་དང་དངུལ་ལོར་སོགས་ཀྱི་སྲིད་ཇུས་གཅིག་གྱུར་གྱིས་འཆར་འགོད་དང་བེད་སྤྱོད་གཏོང་བ་དང་། དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་ཆེར་གཏོང་བ། ཁྲོམ་རའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། ཁྲོམ་རའི་གཙོ་ཤུགས་དཀའ་ངལ་སེལ་བར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་ལས་ཞུགས་ཇེ་བརྟན་དུ་བཏང་བ་དང་དམངས་ཚིས་འགན་ལེན་བྱས། ལོ་འཁོར་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཕན་ཚུན་བྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་ཏུ་བརྩིས་ནས་ཁོང་དུ་ཆུད་པར་བྱས། བར་མཚམས་སྙོམས་སྒྲིག་དང་ཕྱོགས་ངེས་སྙོམས་སྒྲིག སྐབས་བསྟུན་སྙོམས་སྒྲིག་དང་གནད་འཁེལ་སྙོམས་སྒྲིག་བཅས་བྱས་ཏེ། འཕྲལ་ཐག་ཆོད་པོས་ཤུགས་ཚད་ཆེ་རུ་བཏང་ཞིང་། “ཞིང་ཆུ་ལེབ་གཏོང”མ་བྱས་ལ་མ་འོངས་པའི་འཕར་སྣོན་སྔོན་ཟའང་མ་བྱས་པར། “བརྟན་སྲུང་དྲུག”དང“འགན་ལེན་དྲུག”གི་བྱ་བ་མུ་མཐུད་ཡག་པོར་བསྒྲུབས་པ་དང་། སྡོད་དམངས་ཀྱི་ལས་ཞུགས་འགན་ལེན་དང་། གཞི་རྩའི་དམངས་ཚིས་འགན་སྲུང་། ཁྲོམ་རའི་གཙོ་གཟུགས་འགན་ལེན། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བརྟན་པོ། གཞི་རིམ་འཁོར་སྐྱོད་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་ནས། བཅོས་སྒྱུར་སྒོ་འབྱེད་བྱ་ཐབས་ལ་བརྟེན་ནས་དཔལ་འབྱོར་གྱི་དཀའ་གནད་སྒྲོལ་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མཚལ་ཡིག་གི་གཞི་ཁྱོན་སྟངས་འཛིན་ལུགས་མཐུན་བྱས་ཏེ། ལོ་ལྔའི་སྤྱིའི་མཚལ་ཡིག་གི་ཚད3%ནང་ཚུན་དུ་ཚོད་འཛིན་དང་། སྲིད་གཞུང་ལ་བུ་ལོན་ཟུག་ཚད50%ཡས་མས་སུ་ཚོད་འཛིན་བྱས་ཡོད། གཏོང་སྒོའི་གྲུབ་ཚུལ་རྒྱུན་མི་ཆད་པར་ཇེ་ལེགས་སུ་བཏང་སྟེ་སློབ་གསོ་ཚན་རྩལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གཞི་རྩའི་དམངས་ཚིས་སོགས་ཁྱབ་ཁོངས་གཙོ་གནད་ཅན་ལ་འགན་སྲུང་ནུས་ལྡན་བྱས་ཡོད། གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱས་པ་དང་། ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དང་དུས་རིམ་རང་བཞིན་གྱི་བྱེད་ཐབས་ཟུང་འབྲེལ་བྱས་ཏེ། རིམས་ནད་བྱུང་རྗེས་ཁྲལ་འཕྲི་རིན་གཅོག་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། ཕོག་ཐུག་ལ་ཁ་གཏད་འཇལ་བའི་གནད་འགག་གི་བྱེད་ཐབས་ཤིག་ཏུ་གྱུར་ཡོད། གཉེར་སྐྱོང་དཔྱ་ཁྲལ་བསྡུ་བ་དེ་གནས་ཐང་འཕར་ཁྲལ་བསྡུ་བར་སྒྱུར་བའི་ལས་འགན་ཡོངས་སུ་ལེགས་འགྲུབ་བྱས་པ་དང་། གཉེར་སྐྱོང་དཔྱ་ཁྲལ་མེད་པར་བཟོས་ཤིང་། གནས་ཐང་འཕར་ཁྲལ་གྱི་ཡོང་འབབ་ཀྱིས་བསྡུར་ཚད་མཐོ་ཤོས་བཟུང་བ་དང་། ལས་རིགས་དང་འབྲེལ་བ་ཡོད་པའི་ཁྱབ་རྒྱ་ཆེ་བའི་ཁྲལ་ཚད17%ནས13%བར་མར་ཆག་ཡོད། དུས་རིམ་རང་བཞིན་གྱི་སྒོ་ནས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་པའི་གནས་ཐང་འཕར་ཁྲལ་གྱི་དཔྱ་ཁྲལ་བསྡུ་འགོ་རྩོམ་ས་དེ་ཟླ་རེར་སྒོར་ཁྲི3ནས་སྒོར་འབུམ་གཅིག་དང་ཁྲི་ལྔ་དང་། ཁེ་ལས་ཆུང་ཕྲན་གྱི་འབབ་ཁྲལ་གྱི་དོན་དངོས་སུ་དཔྱ་ཁྲལ་དམའ་ཤོས10%ནས2.5%བར་མར་ཆག་ཡོད། ཁྲལ་འཕྲི་དངུལ་གཅོག་དྲང་སྙོམས་དང་སྤྱི་ཡོངས་ལ་ཕན་པ། ཕན་ནུས་ཐད་ཀར་ཇེ་ཆེར་ཕྱིན་ཡོད། ལོ་ལྔའི་རིང་སྔ་ཕྱིར་རིམ་རྩིས་བྱས་ན་དཔྱ་ཁྲལ་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་དང་ཁྲག་ཁྲིག་བཞི་བཅག་པ་དང་། རིན་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བརྒྱད་བཅག་པས། ཁེ་ལས་དཀའ་ངལ་ལས་ཐར་བར་རོགས་རམ་བྱས་པ་མ་ཟད། མཐུན་རྐྱེན་གསར་སྐྲུན་དང་ཁྲལ་ཁུངས་གསོ་སྤེལ་ཡང་བྱས་པས། ལོ་རེར་ཆ་སྙོམས་སུ་ཁྲལ་འབྲེལ་ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་བྱེ་བ་གཅིག་དང་ས་ཡ་གཅིག་ལྷག་གསར་དུ་འཕར་སྣོན་བྱུང་བ་དང་། ལོ་འཁོར་རེ་རེའི་ཀྲུང་དབྱང་ནོར་སྲིད་ཀྱི་ཡོང་སྒོའི་སྔོན་རྩིས་ཚང་མ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། ལོ་བཅུའི་རིང་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་སྒོ་ཧ་ལམ་ལྡབ་གཅིག་འཕར་ཡོད། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོའི་ནང་ནས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱས་པའི་བསྡུར་ཚད70%ཡས་མས་སུ་འཕར་བ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་ཐད་གཏོང་ལམ་སྲོལ་འཛུགས་པ་དང་འབྲེལ་རྒྱུན་རྣམ་ཅན་དུ་ལག་བསྟར་བྱས། སྲིད་གཞུང་རིམ་པ་ཁག་གིས་གྲོན་ཆུང་གིས་འཚོ་བ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་མོ་བྱས་ནས་ཀྲུང་དབྱང་སྡེ་ཁག་གིས་སྣེ་ཁྲིད་དེ་གཏོང་སྒོ་ཉུང་འཕྲི་དང་། གསོག་འཇོག་མ་དངུལ་དང་བེད་མེད་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱེད་པ། མ་དངུལ་འཐེན་སྤྲོད་བྱས་པ་དག་ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་དང་མང་ཚོགས་ལ་ཕན་པ་ཐོབ་པས། རྒྱལ་ཡོངས་ཀྱི་ནོར་སྲིད་གཏོང་སྒོའི70%དམངས་ཚིས་ཐད་བཏང་ཡོད།
གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་ཀྱི་ཤུགས་ཚད་བབ་བསྟུན་གྱིས་ཁོང་དུ་ཆུད་པར་བྱས་པ་དང་། དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁེ་ལས་འབྲིང་ཆུང་གི་མ་དངུལ་མཉམ་འདྲེས་བྱེད་དཀའ་བ་དང་མ་དངུལ་མཉམ་འདྲེས་རྩ་ཆེ་བ་སོགས་ཀྱི་གནད་དོན་ཞི་འཇགས་སུ་བཏང་།བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲིག་ཁྲིག་དྲུག་ཐེར་ཆེན་གསུམ་ནས་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་བདུན་ཐེར་ཆེན་བཞི་ལ་འཕར་ཡོད། ཀུན་ཕན་དངུལ་བུན་ཆུང་ཕྲན་གྱི་དངུལ་བུན་བསྐྱི་བའི་སྒོར་མོ་ལྷག་འཕྲོ་དེ་ཁྲག་ཁྲིག་ཆེན་མོ་བརྒྱད་དང་ཁྲག་ཁྲིག་གཉིས་ནས་ཁྲག་ཁྲིག་ཆེན་གཅིག་དང་ཁྲག་ཁྲིག་དྲུག་ཐེར་ཆེན་གསུམ་ལ་འཕར་བ་དང་། ལོ་རེར་ཆ་སྙོམས་ཀྱིས24%འཕར་ཡོད་པ་དང་། བསྐྱི་དངུལ་གྱི་ཆ་སྙོམས་སྐྱེད་ཀའི་འཕར་ཚད་ལོ་ལྔའི་སྔོན་ལས་བརྒྱ་ཆའི་གྲངས་ཐིག1.5མར་ཆག་ཡོད། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱས། ལོ་རྒྱུས་ཀྱིས་འགན་འཁུར་བའི་རྒྱལ་དབང་ཚོང་ལས་དངུལ་ཁང་དང་གྲོང་གསེབ་ཀྱི་ཡིད་རྟོན་དངུལ་ཁང་སོགས་དངུལ་རྩའི་བཅོས་སྒྱུར་མ་རྩ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བཞི་ཐེར་ཆེན་བཞི་ཐེར་འབུམ་བརྒྱད་དུང་ཕྱུར་དྲུག་ཡོངས་སུ་སེལ་ཡོད། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཆེ་གྲས་སྡེ་ཚོགས་ཀྱི་ཉེན་ཁ་ཁག་ཅིག་གནད་འཁེལ་ཐག་གཅོད་དང་། ཉེན་ཁ་ཆེ་བའི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་བརྟན་པོའི་ངང་སེལ་བ། དངུལ་རྩའི་སྒྲིག་གཞི་ཆེ་གྲས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་བཅས་བྱས་པ་དང་། དངུལ་རྩའི་མ་ལག་གཟབ་བརླིང་བརྟན་གསུམ་གྱི་སྒོ་ནས་འཁོར་སྐྱོད་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་སྲུང་འཛིན་བྱས་ཡོད།
ལས་ཞུགས་སྔོན་ཐོབ་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཡོད། ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ་དཔལ་འབྱོར་འཁོར་སྐྱོད་ཀྱི་ལུགས་མཐུན་བར་མཚམས་ཀྱི་འགག་རྩའི་དམིགས་ཚད་དུ་འཛིན་དགོས། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱིས་ལས་གནས་བརྟན་སྲུང་དང་ལས་གནས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒན་གསོའི་འགན་བཅོལ་དངུལ་ལས་ཁུངས་ཀྱིས་སྤྲོད་པའི་བསྡུར་ཚད20%ནས16%ལ་བཅག་པ་དང་། དུས་མཚུངས་སུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་བརྒྱབ་ནས་གྲབས་གསོག་གཞི་ཁྱོན་དེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བརྒྱད་ནས་སྒོར་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་ལྔ་ཡན་ལ་འཕར་ཡོད། ལས་ཤོར་འགན་བཅོལ་ཐེབས་རྩའི་ལས་གནས་བརྟན་པོ་དང་ཕྱིར་ལོག་པ། ལས་བཟོ་བར་གསོ་སྦྱོང་ཁ་གསབ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། རྒྱལ་ཡོངས་ཀྱི་གསར་གཏོད་གཉིས་ཀྱི་བྱེད་སྒོའི་གཟའ་འཁོར་སྐབས་བརྒྱད་བསྟུད་མར་གཉེར་བ་དང་། མི་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ལྷག་དེའི་ནང་ཞུགས་ཡོད་ལ། ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་བསྔགས་སྐུལ་དང་། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བརྒྱབ་ཡོད་ཅིང་། ལས་ཞུགས་རྣམ་པ་གསར་པ་དང་སྟབས་བསྟུན་ལས་ཞུགས་ནི་ལས་ཞུགས་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི། ཞིང་པ་ཞོར་ལས་པ་སོགས་ཚོགས་པའི་ལས་ཞུགས་ལས་དོན་ཡག་པོར་བསྒྲུབ་དགོས། ལས་ཤོར་འགན་བཅོལ་ཐེབས་རྩ་སོགས་ཀྱི་མ་དངུལ་སྤྱད་དེ་རྩལ་ནུས་གསོ་སྦྱོང་ལ་རྒྱབ་སྐྱོར་བྱེད་དགོས། མཐོ་རིམ་ལས་རིགས་སློབ་གྲྭར་སློབ་མ་རྒྱ་ཆེར་བསྡུ་བ་དང་ལས་རིགས་རྩལ་ནུས་ཆེ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་སྤེལ་ནས་བསྡོམས་པས་མི་ས་ཡ་བཞི་དང་འབུམ་གཅིག་ཁྲི་གསུམ་བསྡུ་ལེན་བྱས་པ་དང་། མི་ཐེངས་བྱེ་བ་བརྒྱད་དང་ས་ཡ་གསུམ་ལྷག་ཙམ་ལ་གསོ་སྦྱོང་བྱས། ལས་ཞུགས་ནི་དམངས་ཚིས་རྨང་གཞི་དང་རྒྱུ་ནོར་གྱི་འབྱུང་ཁུངས་ཡིན། མི་གྲངས་དུང་ཕྱུར14ལྷག་ཡོད་པའི་རྒྱལ་ཁབ་ཆེན་པོའི་ལས་ཞུགས་བརྟན་པོ་སྲུང་འཛིན་ བྱས་ལ། དེ་ནི་ཧ་ཅང་རྩ་ཆེ་བ་ཞིག་ཡིན་པ་མ་ཟད་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན།
དངོས་ཟོག་གི་རིན་གོང་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་སྲུང་འཛིན་བྱས་ཡོད། ཕོག་ཐུག་ལ་ཁ་གཏད་འཇལ་རིམ་ཁྲོད་མཚལ་ཡིག་གི་གཞི་ཁྱོན་རྒྱུན་མཐུད་ངང་འཕར་སྣོན་ཆེན་པོ་བྱུང་མེད་ལ། དངུལ་ལོར་ཚད་བརྒལ་ཡང་མ་བཀྲམས་པས་དངོས་ཟོག་གི་རིན་གོང་བརྟན་པོ་ཡོང་ཆེད་སྤྱི་ཁོག་གི་ཆ་རྐྱེན་བསྐྲུན་ཡོད། ཞིང་ལས་ཐོན་སྐྱེད་དམ་འཛིན་ཤུགས་ཆེན་བྱས་པ་དང་། ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་དང་གསོག་འཇོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་དང་གསོ་ཕག སྔོ་ཚལ་སོགས་མཁོ་འདོན་བརྟན་པོ་ཡོང་བར་ཁག་ཐེག་བྱས། རྡོ་སོལ་དང་གློག་ཤུགས་མཁོ་འདོན་མི་འདང་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས། དམངས་ཚིས་དང་ཐོན་སྐྱེད་ཀྱི་ནུས་ཁུངས་སྤྱོད་པའི་དགོས་མཁོ་སྐོང་ཐབས་བྱས་ནས་འགྲིམ་འགྲུལ་དང་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པར་འགན་ལེན་བྱས། ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་ལྡན་གྱི་རིན་གོང་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། ལོ་བཅུའི་རིང་རང་རྒྱལ་གྱི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་ཀྱི་ཅུང་དམའ་བའི་ཆུ་ཚད་དུ་བརྟན་པོར་གནས་ཡོད་ཅིང་། བལྟས་ན་ལས་སླ་པོ་ཞིག་ཡིན་རུང་དོན་དངོས་སུ་དཀའ་ངལ་ཆེན་པོ་ཡོད། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་པར་བར་སྟོང་འདོན་སྤྲོད་བྱས་ཡོད་ལ། གཞི་རྩའི་དམངས་ཚིས་སྔར་ལས་འགན་སྲུང་བྱེད་པ་ལའང་ཕན་ཐོགས་ཡོད།
(གཉིས།) དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་གྲོང་གསེབ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་གནས་ཡོད།གནད་འཁེལ་དབུལ་སྐྱོར་རྒྱུན་འཁྱོངས་དང་“ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས། སྲིད་ཇུས་ཀྱི་གཟིགས་སྐྱོང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་མ་དངུལ་སྔོན་ལ་འགན་ལེན་བྱས་ཏེ། དབུལ་ཐར་དཀའ་གནད་ཆེ་བའི་རྫོང་དང་སྡེ་བར་སྒོ་བྱང་བཀལ་ནས་དམག་འཐབ་ལ་ལྟ་སྐུལ་བྱེད་དགོས། ཐོན་ལས་དང་ལས་ཞུགས། སྐྱེ་ཁམས། སློབ་གསོ། བདེ་ཐང་། སྤྱི་ཚོགས་འགན་སྲུང་སོགས་ཀྱི་རོགས་སྐྱོར་ལག་བསྟར་གཏིང་ཟབ་དང་། གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་ལ་ཤུགས་སྣོན། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་བཅད་ཅིང་། དབུལ་ཐར་མང་ཚོགས་ལ་ལྟོ་གོས་གཉིས་ཀྱི་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས། འཐུང་ཆུའི་བདེ་འཇགས་བཅས་ལ་འགན་ལེན་ཡོད་པར་བྱས། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་མངོན་གསལ་བྱུང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་མངོན་གསལ་བྱུང་ཡོད།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད། བར་བརྒལ་དུས་སྐབས་སུ་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་སྲུང་འཛིན་བྱས་ཏེ།“མི་ཕུད་པ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རིམས་ནད་དང་གནོད་ཐེབས་གནས་ཚུལ་སོགས་ཀྱི་ཤུགས་རྐྱེན་ངན་པ་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་པོར་བསྐྱར་ལོག་མི་འབྱུང་བ་འགན་ལེན་བྱས་ཡོད། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང160གཏན་འཁེལ་དང་གཅིག་སྡུད་ཀྱིས་རྒྱབ་སྐྱོར་བྱས་ནས། གནས་སྤོས་གཅིག་སྡུད་བཀོད་སྒྲིག་ཁུལ་སོགས་གཙོ་གནད་ས་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤར་ནུབ་རོགས་ལས་དང་ཁ་གཏད་རོགས་སྐྱོར། དམིགས་འཛུགས་རོགས་སྐྱོར་སོགས་ཀྱི་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ཞིང་། སྨན་བཅོས་དང་སློབ་གསོའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་དང་ཚན་རྩལ་ཆེད་མངགས་པ་བདམས་ནས། དབུལ་ཐར་ས་ཁུལ་འཕེལ་རྒྱས་མགྱོགས་མྱུར་ཡོང་བ་དང་མང་ཚོགས་ལ་བརྟན་འཇགས་ངང་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་ཡོད།
(གསུམ།) གཙོ་གནད་ཁྱབ་ཁོངས་དང་གནད་འགག་གི་རིམ་པར་དམིགས་ནས་ བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་བྱེད་ཕྱོགས་རྒྱུན་འཁྱོངས་དང་། སྲིད་གཞུང་དང་ཁྲོམ་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཁྲོམ་རར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ། ཕན་ནུས་ལྡན་པའི་ཁྲོམ་ར་དང་སྲིད་གཞུང་ལ་ཕན་ཐོགས་ཡོད་པ་གཉིས་ཟུང་འབྲེལ་སྔར་ལས་ལེགས་པར་བྱས།
སྲིད་གཞུང་གི་འགན་ནུས་སྒྱུར་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ས་གནས་སྲིད་གཞུང་གི་སྒྲིག་གཞི་བཅོས་སྒྱུར་ལེགས་འགྲུབ་བྱས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཡོད། གནས་ལུགས་ཆེན་པོ་གོ་བདེ། བཀའ་རྒྱ་བསྡུས་གསལ་སྒྲུབ་བདེ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྲིད་གཞུང་རང་ཉིད་ཀྱི་ཁེ་ཕན་ལ་ཕོག་ཐུག་གཏོང་བའི་བཅོས་སྒྱུར་ལ་སྐུལ་འདེད་བཏང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་བསྡུ་དབང་གཏོང་བྱེད་པ་དང་།ཁྲོམ་རར་འཇུག་འཁྲོལ་རྒྱ་ཆེར་བཏང་ཞིང་། ཕྱོགས་ཡོངས་ནས་ཁྲོམ་རར་འཇུག་འཁྲོལ་བཀག་རྒྱ་གསལ་ཐོའི་ལམ་ལུགས་ལག་བསྟར་བྱས་ཡོད་པ་དང་། རྩིས་ཐོ་དོ་དམ་བྱེད་ཐབས་དེ་ལམ་ལུགས་འཛུགས་པའི་ཐོག་མའི་གནོན་ཤུགས་ལས64%ཇེ་ཉུང་དུ་བཏང་བ་དང་། སྲིད་འཛིན་ཆོག་འཐུས་དོན་ཚན་ཚང་མ་རྩིས་ཐོ་དོ་དམ་ནང་བཅུག་ཡོད་པ་རེད། ལོ་ངོ་མང་པོའི་རིང་སྲིད་འཛིན་བཀའ་འཁྲོལ་དོན་ཚན1000ལྷག་མེད་པར་བཟོས་པ་དང་གཤམ་སྤྲོད་བྱས་ལ། ཀྲུང་དབྱང་སྲིད་གཞུང་རིམ་པས་ཞིབ་མཆན་མ་འཇོག་ལས་གཞི90%ཡན་ཇེ་ཉུང་དུ་བཏང་བ་དང་། བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་རིགས60ནས་རིགས10བར་ཇེ་ཉུང་དུ་བཏང་ཞིང་། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་ཞིབ་མཆན་འགོད་པའི་དུས་ཚོད་དེ་བྱ་བའི་ཉིན་གྲངས120ལས་མི་བརྒལ་བར་བྱས་ཡོད། ཚོང་དོན་ལམ་ལུགས་བཅོས་སྒྱུར་དང་། “ལག་ཁྱེར”བཅོས་སྒྱུར་ཁྱབ་གདལ་དུ་བཏང་ནས་ཁེ་ལས་འཛུགས་པའི་དུས་ཡུན་ཟླ་གཅིག་ཡན་ནས་མིག་སྔའི་བྱ་བའི་ཉིན་གྲངས4ཡི་ནང་ཚུན་ལ་ཇེ་ཐུང་དུ་བཏང་ཡོད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་སྟབས་བདེའི་ཐོ་ཁོངས་ནས་བསུབ་པའི་ལམ་ལུགས་ལག་བསྟར་བྱེད་དགོས། གློད་སྡོམ་ཟུང་འབྲེལ་རྒྱུན་འཁྱོངས་དང་། ལས་དོན་གྱི་དངོས་རྗེས་གཉིས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། ལྟ་སྐུལ་དོ་དམ་གྱི་ལས་གནས་སྟོང་པར་ལུས་པ་དང་། གཤམ་སྤྲོད་ལ་མཐོང་ཆེན་དང་དོ་དམ་ལ་མཐོང་ཆུང་བྱེད་པའི་རིགས་སྔོན་འགོག་བྱས་ལ། ཟས་རིགས་དང་སྨན་རྫས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། “སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དྲང་གཞག་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྲིད་འཛིན་གཅོད་འཇལ་དབང་ཆ་ཚད་ལྡན་དུ་བཏང་། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། འགྲན་རྩོད་དྲང་གཞག་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྒེར་སྡེམ་ལ་རྒོལ་བའི་ཁྲིམས་བསྟར་སྒྲིག་སྲོལ་བཅོས་སྒྱུར་བྱས། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་ཁྲིད་སྟོན་བྱེད་པ་དང་། མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་གཏོང་བར་ཁྲིམས་ལྟར་དོ་དམ་དང་ཚོད་འཛིན་མཐའ་གཅིག་ཏུ་བྱས། རྒྱུན་ཆད་མེད་པར་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་སྲིད་དོན་ཞབས་ཞུ་གཅིག་བསྡུས་སྒོས་སྒྲུབ་པར་སྐུལ་འདེད་བཏང་བ་དང་། དཔང་ཡིག་སྣ་ཚོགས་ཉུང་འཕྲི་བྱེད་པ་དང་། གཞི་གྲངས་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ།སྲིད་དོན་ཞབས་ཞུ90%ཡན་དྲ་ཐོག་ནས་སྒྲུབ་ཐུབ་པར་བྱས་ཡོད། ཁྱིམ་ཐོའི་དཔང་རྟགས་དང་སྤྱི་ཚོགས་འགན་སྲུང་གི་སྤོ་སྒྱུར་སོགས་རིགས་སྣ200ལྷག་ཙམ་གྱིས་མང་ཚོགས་ལ་རྒྱུན་དུ་ལས་དོན་སྒྲུབ་པའི་བྱ་བ་ཞིང་ཆེན་བརྒལ་ནས་བདེ་བླག་ངང་སྒྲུབ་ཐུབ་པ་དང་། ཞིང་ཆེན་རིམ་པའི་མྱུར་བགྲོད་གཞུང་ལམ་གྱི་གྲོན་བསྡུའི་ས་ཚིགས་ཚང་མ་མེད་པར་བཟོ་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་དང་། ཚོང་རའི་གྲུབ་ཆ་གཙོ་བོ་ཐོ་འགོད་དོ་དམ། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་འཕེལ་རྒྱས་ཡོང་བར་སྐུལ་འདེད། ཁེ་ལས་ཆུང་འབྲིང་གི་གྲོན་དངུལ་གཏོང་སྤྲོད་འགན་སྲུང་སོགས་ཀྱི་སྲོལ་ཡིག་གཏན་འབེབས་དང་ལག་བསྟར་བྱས། བཅོས་སྒྱུར་གྱིས་མི་རྣམས་ལ་ཚོང་གཉེར་དང་ཁེ་ལས་གཉེར་བར་མཐུན་རྐྱེན་དང་བར་སྟོང་སྔར་ལས་མང་བ་བསྐྲུན་པ་དང་། ན་ནིང་ལོ་མཇུག་ཏུ་ཁེ་ལས་ཀྱི་གྲངས་ཀ་བྱེ་བ་ལྔ་དང་ས་ཡ་གཉིས་ལས་བརྒལ་བ་དང་། ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལས་བརྒལ་བས། ཁྲོམ་རའི་བྱེད་པོའི་སྤྱི་འབོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལས་བརྒལ་བ་དང་། ལོ་བཅུའི་སྔོན་གྱི་ལྡབ3ཡིན་པས། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།
དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས”རྒྱུན་འཁྱོངས་བྱེད་དགོས། གཞུང་ཁོངས་ཁེ་ལས་བཅོས་སྒྱུར་ཀྱི་ལོ་གསུམ་བྱ་སྤྱོད་ལས་འགན་ལེགས་པོར་བསྒྲུབས་པ་དང་། དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོར་དམིགས་ནས་སྤུས་ཚད་དང་ལས་ཆོད་མཐོར་འདེགས་ལ་སྐུལ་འདེད་བཏང་ཡོད། དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ་དང་། རྐྱེན་ངན་སྣ་ཚོགས་སེལ་ནས་ཕྱོགས་རིས་མེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཏེ། དམངས་ཁྲོད་ཀྱིས་མ་དངུལ་གཏོང་བའི་ཡིད་ཆེས་ཇེ་མཐོར་བཏང་།ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་བཏང་ཡོད།
ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། སྔོན་རྩིས་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དང་། སྔོན་རྩིས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་མ་ལག་འཐུས་ཚང་དུ་བཏང་ཡོད། ཕྱོགས་བསྡུས་དང་རིགས་དབྱེ་ཟུང་དུ་སྦྲེལ་བའི་སྒེར་གྱི་ཐོབ་ཁྲལ་ལམ་ལུགས་བཙུགས་ནས་ཁྲལ་བསྡུ་དོ་དམ་གྱི་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱས་ཡོད། དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དང་། དངུལ་ཁང་འབྲིང་ཆུང་གི་ཁ་གསབ་མ་དངུལ་དང་བཅོས་སྒྱུར་གྱི་ཉེན་ཁར་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་བཏང་བ་དང་། མ་རྐང་འཛིན་ཤོག་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཏང་། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་དངུལ་ལོར་བརྟན་འཇགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་ཡོད།
(བཞི།) གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་ལས་གྲུབ་ཚུལ་ལེགས་འགྱུར་རིམ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བ་དང་། རྒྱལ་ཁབ་དང་ས་གནས་ཀྱི་གསར་སྐྲུན་མ་ལག་འཐུས་ཚང་དུ་བཏང་བ། ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་བཏང་བ། གསར་སྐྲུན་ལ་བརྟེན་ནས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་བ། ཕྱི་ཕྱོགས་ཀྱི་གནོན་འགོག་ཐད་ཚོད་འཛིན་ནུས་ལྡན་བྱས།
ཚན་རྩལ་གསར་སྐྲུན་གྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་གྱི་ལས་གཞི་གལ་ཆེན་ཁག་ཅིག་ལག་བསྟར་བྱས་ལ། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ཡོད། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྣམ་པ་གསར་བའི་ཞིབ་འཇུག་གསར་སྤེལ་ལས་ཁུངས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས། རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལྟེ་གནས་བཀོད་སྒྲིག་དང་འཛུགས་སྐྲུན་བྱས། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་སུ་རྨང་གཞིའི་ཞིབ་འཇུག་གྲོན་དངུལ་ལོ་ལྔའི་ནང་ལྡབ་གཅིག་འཕར་ཡོད། ཚན་རིག་ཞིབ་འཇུག་གི་ལས་གཞི་དང་གྲོན་དངུལ་དོ་དམ་ལམ་ལུགས་བཅོས་སྒྱུར་བྱས་ནས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་ཚན་རིག་ཞིབ་འཇུག་མི་སྣར་རང་བདག་དབང་ཆ་སྔར་ལས་ཆེ་བ་སྤྲོད་རྒྱུ་དང་། རྒྱ་ཆེའི་ཚན་རྩལ་མི་སྣ་རྙོག་དྲ་ཆེ་བའི་སྲིད་འཛིན་ལས་དོན་ཁྲོད་ནས་ཐར་བར་བྱས་ཡོད། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་བརྒྱབ་ནས་གསར་སྐྲུན་གྱི་སྒུལ་ནུས་ལ་སྐུལ་སྤེལ་བྱས་ཡོད། རྒྱལ་སྤྱིའི་ཚན་རྩལ་བརྗེ་རེས་དང་མཉམ་ལས་བྱེད་པར་སྐུལ་འདེད་བཏང་། ཁྲོམ་ར་ཅན་གྱི་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་སྐུལ་མ་བཏང་སྟེ། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་ཁག་སོ་སོར50%དང་75%ནས100%ལ་འཕར་བ་མ་ཟད། དུས་རིམ་རང་བཞིན་གྱི་སྒོ་ནས་སྤྱོད་གོ་ཆོད་པའི་ལས་རིགས་ཚང་མར་རྒྱ་སྐྱེད་བཏང་སྟེ། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས། གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ཀྱི་ལོ་འཁོར་གྱི་གཞི་ཁྱོན་སྒོར་མོ་ཁྲག་ཁྲིག་ཆེན་མོ་ལས་བརྒལ་ཡོད། གསར་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་སྲིད་ཇུས་ཀྱི་ལག་ཆ་གསར་འཛུགས་བྱས་ནས་ལས་སྐྲུན་མ་འཇོག་སོགས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་གྲངས་གནས་གཉིས་འཕར་རྒྱུ་སྲུང་འཛིན་བྱས་ཏེ། གསར་སྐྲུན་ཁེ་ལས་འབོར་ཆེན་ཞིག་འབུར་དུ་ཐོན་ཡོད།
ཐོན་ལས་རིམ་གྲས་མཐོ་འབྲིང་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད། བཟོ་སྐྲུན་ལས་རིགས་དེ་དངོས་ཕུང་དཔལ་འབྱོར་གོང་དུ་སྤེལ་བའི་གཙོ་གནད་དུ་བཟུང་སྟེ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཡོང་བར་སྐུལ་འདེད་དང་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་སྲུང་འཛིན་བྱས་ཡོད། ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད། བདེ་འཇགས་སོགས་ཀྱི་ཁྲིམས་སྲོལ་དང་ཚད་གཞི་ལག་བསྟར་ནན་མོ་བྱས་ནས་རྗེས་ལུས་ཀྱི་ཐོན་ནུས་འདོར་བ་བཅས་བྱས། གཙོ་གནད་ཐོན་ལས་ཀྱི་འབྲེལ་ཐག་གསབ་པའི་བྱ་སྤྱོད་སྤེལ་དགོས། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བཟོ་སྐྲུན་ཁག་ཅིག་འགོ་བརྩམས་ཡོད། ཁེ་ལས་ཀྱིས་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བར་བསྔགས་སྐུལ་བྱས་ནས་གཏན་འཇགས་རྒྱུ་ནོར་རྙིང་འགྱུར་ཚབ་ལེན་གྱི་གཟིགས་སྐྱོང་སྲིད་ཇུས་དེ་བཟོ་སྐྲུན་ལས་རིགས་ཡོངས་རྫོགས་སུ་རྒྱ་བསྐྱེད་རྒྱུ་རེད། རྩེར་སོན་སྒྲིག་ཆས་དང་སྐྱེ་དངོས་སྨན་རྫས། འོད་གློག་རྡུལ་ཆ་འཕྲིན། ནུས་ཁུངས་གསར་པའི་རླངས་འཁོར། འོད་ནུས། རླུང་ནུས་གློག་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་དང་གླ་རིན་ཇེ་དམའ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང“དྲ་སྦྲེལ”འཕེལ་རྒྱས་སུ་བཏང་། སྤོ་སྒུལ་དྲ་སྦྲེལ་སྤྱོད་མཁན་དུང་ཕྱུར14ལྷག་ཟིན་ཡོད། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་བཟོ་སྐྲུན་ལས་རིགས་གཞི་གྲངས་ཅན་དང་རིག་ནུས་ཅན་དུ་འགྱུར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཆེད་ལས་ཅན་དང་ཁྱད་ཆོས་ཅན་གྱི་ཁེ་ལས་ཆུང་འབྲིང་ཁྲི་བདུན་ལྷག་ལ་བསླེབས་ཡོད། ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་དེས་ལས་ཞུགས་ལས་སྐྲུན་ལ་སྐུལ་ཁྲིད་དང་། འཛད་སྤྱོད་ཁྲོམ་ར་རྒྱ་སྐྱེད་པ། ཐོན་སྐྱེད་བྱེད་སྟངས་གསར་སྐྲུན་སོགས་ཀྱི་ནུས་པ་འདོན་སྤེལ་བྱས། ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་པ། ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་བཏང་། ཕྱོགས་ཡོངས་ནས་སྤུས་ཚད་དོ་དམ་དང་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། ཀྲུང་གོའི་བཟོ་སྐྲུན་གྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ཡོད།
(ལྔ།) རྒྱལ་ནང་གི་ཕན་ནུས་ལྡན་པའི་དགོས་མཁོ་རྒྱ་སྐྱེད་བཏང་སྟེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་རྣམ་པ་གསར་བའི་མཁར་གྲོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་དམིགས་པ་དང་། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ཁྱད་སྟོབས་ལ་གཞི་ཚུགས་པ། ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སྔར་ལས་མང་བ་སྐྱེད་སྲིང་བྱས།
འཛད་སྤྱོད་དང་ཕན་ནུས་ལྡན་པའི་མ་དངུལ་འཇོག་ཁྱོན་ཆེ་རུ་གཏོང་གང་ཐུབ་བྱས་ཡོད། རིམས་ནད་མ་བྱུང་གོང་དུ་འཛད་སྤྱོད་དེ་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། དགོས་མཁོ་མི་འདང་བར་དམིགས་ནས། འཛད་སྤྱོད་གང་མགྱོགས་སྒོས་སླར་གསོ་ཡོང་བར་སྐུལ་འདེད་བཏང་ནས། འཛད་སྤྱོད་ཀྱི་ཐབས་ལམ་མང་པོར་རྒྱབ་སྐྱོར་བྱས་ཏེ། ཡོང་འབབ་དམའ་འབྲིང་ཚོགས་སྤྱིའི་ཡོང་འབབ་མཐོ་རུ་གཏོང་དགོས། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་འབོར་ཆེན་བྱེད་པར་རྒྱབ་སྐྱོར་བྱས་ལ། ཐོ་འགོད་བྱས་ཡོད་པའི་རླངས་འཁོར་དུང་ཕྱུར3ལས་བརྒལ་བ་དང46.7%འཕར་ཡོད། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། ཚོང་རྫས་དྲ་ཐོག་ནས་སིལ་འཚོང་བྱས་ཚད་ཀྱིས་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད15.8%ནས27.2%བར་འཕར་ཡོད། གྲོང་ཁྱེར་གྱི་སྡེ་ཁུལ་དུ་དམངས་ལ་ཕན་པའི་ཚོང་ལས་འཕེལ་རྒྱས་བཏང་བ་དང་། ཞིང་སྡེའི་མྱུར་སྐྱེལ་དངོས་ཟོག་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་བཏང་། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས། ཞན་ཆ་ཁ་གསབ་པ་དང་གྲུབ་ཚུལ་ལེགས་སྒྲིག གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་དམིགས་ཏེ་མ་དངུལ་གཏོང་ཚད་ཕན་ནུས་ལྡན་པའི་སྒོ་ནས་རྒྱ་ཆེར་བཏང་། དངུལ་འཇོག་དང་དངུལ་བསྡུའི་སྒྲིག་སྲོལ་གསར་སྐྲུན་བྱེད་པ་དང་། སྔོན་རྩིས་ནང་གི་མ་དངུལ་གཏོང་བར་ཁྲིད་སྟོན་དང་སྤྱི་ཚོགས་ཀྱི་དངུལ་གཏོང་ལྡབ་འཕར་ཡོང་རྒྱུར་ཁྲིད་སྟོན་བྱས་ནས། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གྱི་གྲངས་ཀ་ཇེ་མང་དུ་བཏང་། འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་དང་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས་ཤིང་། སྤྱི་ཚོགས་ཀྱི་མ་རྩ་དེ་འཛུགས་སྐྲུན་འཁོར་སྐྱོད་ཚོང་གཉེར་ཁྲོད་ཞུགས་པར་སྐུལ་མ་བཏང་བ་དང་།དམངས་ཁྲོད་དངུལ་འཇོག་གི་ཧུར་བརྩོན་རང་བཞིན་ཇེ་ཆེར་བཏང་། ས་ཁོངས་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་བཏང་ཡོད། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་བཅས་གཏོང་བར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་སྤྱིའི་ཆ་ནས་ཤར་རྒྱུད་ས་ཁུལ་ལས་མཐོ་བ་རེད། གསར་བརྗེའི་གནས་རྙིང་བ་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་འབྲེལ་ཡོད་ས་ཁུལ་ལ་ སྤོ་བསྒྱུར་གཏོང་སྤྲོད་བྱེད་པའི་མ་དངུལ་ལོ་ལྔའི་སྔོན་ལས66.8%འཕར་ཡོད། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱས་པ་དང་། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་། དཀའ་ངལ་ཆེ་བའི་ས་ཁུལ་གྱི་འཕེལ་རྒྱས་ལ་དཔལ་འབྱོར་གྱིས་རྒྱབ་སྐྱོར་བྱས་ཏེ། ཐོན་ཁུངས་རྣམ་པའི་ས་ཁུལ་གྱི་རྣམ་པ་བསྒྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱི་སྣེ་ཁྲིད་ནུས་པ་སྔར་ལས་ཆེན་པོ་འདོན་པར་བསྔགས་སྐུལ་བྱས་ཏེ། འཕར་གནས་དང་འཕར་རྒྱུད་གསར་པ་སྔར་ལས་མང་པོ་ཆགས་པར་སྐུལ་འདེད་བཏང་ཡོད།
མི་ལྟེ་བར་འཛིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། རང་རྒྱལ་མཁར་གྲོང་ཅན་གྱི་འཕེལ་རིམ་ཁྲོད་སྔར་བཞིན་གནས་ཡོད་པ་དང་། ལོ་རེར་ཞིང་སྡེའི་མི་གྲངས་ཁྲི་སྟོང་མང་པོ་མཁར་གྲོང་དུ་གནས་སྤོར་བཞིན་ཡོད། གྲོང་ཁྱེར་སྤྱི་དང་ལྷག་པར་དུ་རྫོང་མཁར་གྱི་ནུས་པ་འཐུས་ཚང་དུ་བཏང་བ་དང་། ཕྱོགས་བསྡུས་ཐེག་ནུས་ཆེ་རུ་བཏང་ཡོད། རིགས་དབྱེ་ནས་མཁར་གྲོང་གི་གཞིས་ཆགས་ཚོད་འཛིན་ཇེ་ལྷོད་དུ་གཏོང་བའམ་ཡང་ན་མེད་པ་བཟོས་ནས། ལོ་བཅུའི་ནང་ཞིང་སྡེའི་མི་གྲངས་དུང་ཕྱུར་གཅིག་བྱེ་བ་བཞི་མཁར་གྲོང་དུ་གཞིས་ཆགས་ཡོད། གྲོང་ཁྱེར་ཁྱུ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱ་དགོས། ཁྲིན་ཡུས་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད། ཁང་པ་ནི་སྡོད་ས་ཡིན་པ་ལས་ཚོང་རྫས་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ས་ཁང་བདག་ཁོངས་ཀྱི་ཡུན་ཕན་ལམ་སྲོལ་ལག་བསྟར་བྱས་ནས་འཛུགས་དགོས་པ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འདོན་སྤྲོད་ཚད་རྒྱ་བསྐྱེད་དགོས། ཡུན་རིང་ཁང་བ་གླ་བའི་ཁྲོམ་རའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་གོང་བརྟན་པོ་དང་། ཁང་གོང་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་བྱས་པ་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཁང་བདག་ཁོངས་ཀྱི་ཐོན་ལས་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་གི་ལམ་ཐག་སྤྱི་ལེ4500ལྷག་ཙམ་ནས་སྤྱི་ལེ་ཁྲི1ཙམ་བར་ཇེ་མང་དུ་ཕྱིན་པ་དང་། ཆུ་འབུད་སྦུག་ལམ་སྤྱི་ལེ་འབུམ་དྲུག་དང་ཁྲི་གསུམ་ནས་སྤྱི་ལེ་འབུམ་བརྒྱད་དང་ཁྲི་དགུ་བར་ཇེ་མང་དུ་ཕྱིན་ཡོད། མཁར་གྲོང་གི་གཞིས་ཁུལ་རྙིང་པ་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་བསྒྱུར་བཀོད་བྱས་པས། ཁྱིམ་ཚང་བྱེ་བ་གཉིས་དང་ས་ཡ་དགུ་ལྷག་ལ་ཕན་པ་ཐོབ་ཡོད།
(དྲུག) རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཏང་ཡོད། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་མུ་མཐུད་དུ་དམ་འཛིན་ལེགས་པོ་བྱས་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོ་གཏོང་དགོས།
ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་བཏང་ཡོད། འབྲུ་རིགས་འདེབས་ཁྱོན་བརྟན་འཇགས་དང་རྒྱ་བསྐྱེད་ཡོད། སྲན་ཆེན་དང་སྣུམ་རྒྱུ་འདེབས་ཁྱོན་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་གྲུབ་ཚུལ་གྱི་གནས་སྟངས་ཇེ་ལེགས་སུ་གཏོང་བ། ཐོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་བ་དང་། འབྲུ་རིགས་འདེབས་པའི་ཞིང་པའི་ཁ་གསབ་ཇེ་བརྟན་དུ་གཏོང་བ་དང་། འབྲས་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་གཏན་འཁེལ་ལུགས་མཐུན་ཡིན་པ། འབྲུ་རིགས་ཐོན་འབབ་ཆེ་བའི་རྫོང་ཆེ་གྲས་ལ་བྱ་དགའ་སྤྲོད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་ཞིང་ལས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། རྨོ་ཞིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་ནག་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཆུ་བེད་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཚད་གཞི་མཐོ་བའི་རྨོ་ཞིང་མུའུ་དུང་ཕྱུར་བཞི་བྱེ་བ་ལྔ་ས་ཡ་དྲུག་གསར་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། འདེབས་འཛུགས་ལས་རིགས་དང་ཞིང་ལས་འཕྲུལ་ཆས་སོགས་ཚན་རྩལ་གསར་སྐྲུན་དང་ཁྱབ་གདལ་བེད་སྤྱོད་ཇེ་མགྱོགས་སུ་བཏང་བ་དང་། ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད67%ནས73%བར་མཐོ་རུ་བཏང་ཡོད། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་བརྟན་མཁོ་འདོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་འབད་པ་ལྷོད་མེད་ཀྱིས་ཀྲུང་གོ་བ་དུང་ཕྱུར14ལྷག་གི་ཟས་ཕོར་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད།
ཞིང་སྡེའི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ཞིང་སྡེའི་གཞི་རྩའི་ཚོང་གཉེར་ལམ་ལུགས་འཐུས་ཚང་དང་སྲ་བརྟན་དང་བཏང་ནས། འགན་གཙང་ལེན་ས་ཆའི་དབང་ཆའི་ཐོ་འགོད་དཔང་ཡིག་དང་ཞིང་སྡེའི་གཅིག་བསྡུས་ཐོན་དབང་ལམ་ལུགས་བཅོས་སྒྱུར་དུས་རིམ་རང་བཞིན་གྱི་ལས་འགན་ཡོངས་འགྲུབ་བྱས་ཏེ། རྣམ་པ་སྣ་མང་དང་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་ལེགས་པོ་བྱས་ནས། ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་སྤེལ་འགོ་ཚུགས་པ་དང་། ཞིང་སྡེའི་སྡོད་གནས་ཁོར་ཡུག་མུ་མཐུད་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བ། ཆུ་གློག་ལམ་དང་། སོལ་རླངས། འཕྲིན་གཏོང་། སྦྲག་སྲིད་སོགས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཆ་རྐྱེན་འཛོམས་པའི་ཡུལ་ཚོ་དང་གྲོང་རྡལ། འཛུགས་སྐྲུན་སྡེ་བ་བཅས་ལ་ཨར་འདམ་ལམ་དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱས་ནས། ཞིང་སྡེའི་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད80%ནས87%བར་མཐོ་རུ་བཏང་ཡོད། ལོ་མང་རིང་རིམ་རྩིས་བརྒྱབ་པ་ལྟར་ན་ཞིང་སྡེའི་ཉེན་ཁང་བྱེ་བ་གཉིས་དང་ས་ཡ་བཞི་ལྷག་བསྒྱུར་བཀོད་བྱས་ཡོད། ཕྱིར་འཚོང་གཞི་གཅིག་ཅན་གྱི་མཉམ་ལས་ཁང་དང་གཅིག་བསྡུས་ནགས་ཚལ་གྱི་དབང་ཆ། ཞིང་རྨོ་འདེབས་བྱེད་པ་སོགས་བཅོས་སྒྱུར་ཟབ་མོ་བྱས། ཁྱད་ལྡན་ཐོན་ཁུངས་འཕེལ་རྒྱས་ཀྱི་ཞིང་སྡེའི་ཐོན་ལས་ལ་རྐང་བཙུགས་ནས།ཞིང་པའི་ལས་ཞུགས་ལས་སྐྲུན་གྱི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་བཏང་། ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་ཐོག་ཏུ་ལེན་ཐུབ་པར་འགན་སྲུང་བྱས་ནས། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་འགྱངས་གཙང་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བའི་འགན་སྲུང་སྲོལ་ཡིག་བཏོན་ནས་ལག་བསྟར་བྱས་པ་དང་།བསམ་བཞིན་དུ་འགྱངས་ཆད་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།