ཞིང་ཆེན་ཏང་ཨུའི་སྐབས14པའི་ཚང་འཛོམས་གྲོས་ཚོགས་ཐེངས4པ་འཚོགས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-07-25 15:39:20 ཀློག་གྲངས།:
མངགས་བཅོལ་ཡིད་ལ་དམ་འཛིན་དང་དྲིན་ཚོར་མདུན་སྐྱོད། གོ་སྐབས་དམ་འཛིན། དངོས་སྒྲུབ་གཙོར་འཛིན་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཆར་འགོད་ཆེན་མོ་མངོན་འགྱུར་འབྱུང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས།
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཁྲེན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་གཏམ་བཤད།
       ཟླ7པའི་ཚེས21ཉིན་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེད་པ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་འཁེལ་བྱས་པའི་ལས་འགན་སྣ་ཚོགས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། བརྗོད་དོན་སློབ་གསོས་བསླང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་བློ་ངེས་དང་དྲིན་ཚོར་མདུན་སྐྱོད། གོ་སྐབས་དམ་འཛིན། དངོས་སྒྲུབ་གཙོར་འཛིན་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཆར་འགོད་ཆེན་མོ་མངོན་འགྱུར་འབྱུང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་དགོས།
       ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བར་ཕྱོགས་སྡོམ་བྱས་པ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ཝང་ཝའེ་ཏུང་དང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། དབྱང་ཧྥ་སིན། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལ་ཙེ་པེ་ཁེ·རེ་སུའུ་ལི་ཧན། པད་གོ  ཀྲུའུ་ཞང་ཧྥེང་། དབྱི་ཧྲུའུ་ཆང་བཅས་ཚོགས་འདུར་ཞུགས།
       ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། ད་ལོའི་ཚུན་དུ། ཞིང་ཆེན་ཏང་ཨུས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། སྤྱོད་ཚུལ་གྱི་གནད་དོན་འབུར་ཐོན་རྒྱུན་མཐུད་ངང་བཅོས་སྐྱོང་བྱས་ནས་གཏན་འཇགས་གཙོར་འཛིན་པ་དང་བརྟན་ཐོག་ཡར་བརྩོན་ཡོང་བ་རྒྱུན་འཁྱོངས་བྱས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་རང་འགུལ་གྱིས་ཞབས་ཞུ་བསྒྲུབ་པ་དང་འདྲེས་སུ་འཇུག་པ་དང་། གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། གཅིག་གྱུར་གྱིས་བཀོད་འདོམས་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས། “བརྟན་བརླིང”གི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། “གནས་བཞི”འཛུགས་སྐྲུན་ཇེ་དྲག་ཏུ་བཏང་སྟེ། “ཡར་ཐོན”གྱི་བར་སྟོང་ཇེ་ཆེར་བཏང་ཡོད། “ལྗང་མདོག”གི་རང་མདངས་ཇེ་དྲག་ཏུ་བཏང་ཡོད། རིགས་བསྒྱུར་རིམ་སྤར་བྱེད་ཚད་ཇེ་དྲག་ཏུ་བཏང་ནས“གསར་པ”ཡི་འགུལ་ནུས་གཅིག་ཏུ་བསྡུས་ཡོད། བཅོས་བསྒྱུར་སྒོ་འབྱེད་ལ་ཤུགས་སྣོན་བརྒྱབ་པས“བསྒྱུར་བའི”ཕན་འབྲས་མངོན་གསལ་ཐོབ་ཡོད། དམངས་འཚོ་འགན་ལེན་ལ་ཤུགས་སྣོན་བྱས་པས“ཕན་འབྲས”ཇེ་ཆེར་སོང་ཡོད་པ་བཅས་ཀྱིས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོའི་ཁྲོད་ཇེ་ལེགས་དང་ཁྱོན་ཡོངས་ནས་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཁོར་རྒྱུག་དེ་ལུགས་མཐུན་ཁྲོད་གཉིས་ཀ་ཕྱེད་བརྒལ་ཡོང་བ་མངོན་འགྱུར་བྱུང་ཡོད།
       ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་ཞིང་ཆེན་དེ་ཧ་ཅང་གལ་འགངས་ཆེ་ལ་འགག་རྩའི་འཕེལ་རྒྱས་ཀྱི་དུས་སྐབས་སུ་གནས་ཡོད་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་འབྲི་བ་དང་། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་རེ་བ་གསར་པ་བཅས་ལ་དམིགས་ཏེ་འཐབ་ཇུས་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་ཐོག་ནས་དུས་བབ་ལ་ཚོད་དཔག་བྱེད་མཁས་པ། ཁྱོན་ཡོངས་ལ་ཇུས་འགོད་བྱེད་མཁས་པ། ལོ་རྒྱུས་ཀྱི་རང་འགུལ་ཁྲོད་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགན་འཁྲིའི་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། དཀའ་ཁག་འགྲན་སློང་དང་འཐབ་ཇུས་ཀྱི་གོ་སྐབས་མང་པོར་འཕྲད་སྐབས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་མཚོ་སྔོན་གྱི་འཐབ་ཇུས་གནས་བབ་ཉིན་རེ་བཞིན་འབུར་ཐོན་དུ་འགྲོ་བཞིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དེ་སྤྱིའི་བྱེད་ཕྱོགས་དང་སྤྱིའི་རྩ་དོན། སྤྱིའི་སྲུང་བྱ་བཅས་སུ་བརྩིས་ནས་དུས་ཚོད་ཀྱིས་རང་ལ་མི་སྒུག་པའི་དགོས་གཏུགས་ཀྱི་འདུ་ཤེས་དང་ཧུར་ཐག་སྒོས་བྱ་བ་སྒྲུབ་པ། མཉམ་ཤུགས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་མཐོ་སྒང་གི་ས་གཞི་འདིར་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་ང་ཚོས་ཤེས་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་སྣ་མང་ཕུན་སུམ་ཚོགས་པས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་རང་འགུལ་ངང་འདྲེས་པ་དང་ཞབས་འདེགས་ཞུས་ཏེ། སྲིད་ཇུས་ཀྱི་གོ་སྐབས་དེ་འཕེལ་རྒྱས་ཀྱི་མ་རྩ་རུ་འགྱུར་བར་འབད་དགོས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ནུས་པ་ཆེན་པོ་ཐོན་པར་དམིགས་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། མཚོ་སྔོན་གྱི་ཁྱད་སྟོབས་དང་ཁྱད་ཆོས་ལ་རྐང་བཙུགས་ཏེ། གྲུ་གཟིངས་གཡར་ནས་མཚོ་ཐོག་ཏུ་སྐྱོད་པ་དང་སྐས་གཡར་ནས་མཐོ་སར་འཛེགས་དགོས། ཚན་རྩལ་གསར་གཏོད་བྱེད་པའི་འགག་རྩ་དེ་བེད་སྤྱོད་གང་ལེགས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས། མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་བབ་བསྟུན་ལས་སྒྲུབ་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ཏེ་མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་དང་ནུས་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་ཀྱི་དགེ་མཚན་དང་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་ནས་ཁྱབ་ཁོངས་སྐོར་ཞིག་ནས་མདུན་གྲལ་དུ་སྐྱོད་ཐུབ་པར་བྱེད་དགོས། མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་དང་ཞབས་ཞུ་བྱེད་པའི་ཐད་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་ཟབ་ཞུགས་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་ནང་ཧུར་ཐག་སྒོས་ཞུགས་ཏེ་ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱེད་དགོས། མཚོ་སྔོན་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པའི་རིན་ཐང་དེ་ཁྱད་ཆོས་ལྡན་པ་ཞིག་ཡིན་པས། མཚོ་སྔོན་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་བྱེད་སའི་མཐོ་ས་ཞིག་ཏུ་འཛུགས་སྐྲུན་བྱས་ནས། ལྷད་མེད་ཐཱན་ཉུང་གི་རིགས་སྒྱུར་འཕེལ་རྒྱས་ཐད་མིག་དཔེ་བཟང་པོ་འདོན་པ་དང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྒྲིག་ཁྲོད་སྔོན་ལ་ཚོད་ལྟ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས།
       ཚང་འཛོམས་གྲོས་ཚོགས་ཀྱིས་བལྟས་ན། ལོ་རྒྱུས་ཀྱི་འགག་གནད་གསར་པར་འགྲེངས་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་པ་དང་། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་གོ་བ་ཟབ་མོ་བླངས་ནས། མི་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པར་བསམ་ཡོད། “གནས་ཐིག་གསུམ”འཛུགས་སྐྲུན་གྱིས་མཚོ་སྔོན་གྱི་དབུལ་ཕོངས་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བཟོ་བ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད་ལ་ཆ་རྐྱེན་གལ་ཆེན་ཡང་བཏོད་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་པས་མཚོ་སྔོན་གྱི་འཕེལ་རྒྱས་ཇེ་མགྱོགས་བཏང་ཡོད།  དུས་རབས་གསར་པར་སླེབས་པ་ནས་བཟུང་། མཚོ་སྔོན་གྱི་བྱ་གཞག་ཚང་མ་དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་པར་སྐྱོད་བཞིན་ཡོད། མཚོ་སྔོན་གྱི་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་དང་། མཚོ་སྔོན་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ནང་འདྲེས་སུ་འཇུག་པ། རྒྱལ་ཁབ་ཀྱི་སྤྱི་་ཡོངས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་བཅས་བྱས་ན་གཞི་ནས་རང་ངོས་འཕེལ་རྒྱས་དེ་བས་ཀྱང་ཇེ་ལེགས་སུ་གཏོང་ཐུབ་པ་ལོ་རྒྱུས་ཀྱིས་ང་ཚོར་བདེན་དཔང་བྱས་ཡོད། མཚོ་སྔོན་གྱི་འཕེལ་རྒྱས་ནི་ནམ་ཡང་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པའི་བྱ་བ་ཞིག་གཏན་ནས་མིན་པས། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱས་ནས་བརྟན་པོ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་འཆར་གཞི་བརྟན་པོ་འདིང་བ་དང་། མི་རབས་མང་བོས་གཅིག་རྗེས་གཉིས་མཐུད་ཀྱིས་བྱ་བ་བསྒྲུབས་ཚེ་གཞི་ནས་བྱ་གཞག་སོ་སོ་རྒྱུན་ཆད་མེད་པར་མདུན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། མཚོ་སྔོན་གྱི་འཕེལ་རྒྱས་དེ་ངེས་པར་དུ་དུས་རབས་དང་འཚམ་པོ་ཡོང་དགོས་ཤིང་། གོ་སྐབས་དམ་འཛིན་བྱེད་མཁས་པ་དང་། གོ་སྐབས་དམ་འཛིན་ནན་པོ་བྱས་ཚེ་གཞི་ནས་བྱ་བ་འགྲུབ་ཐུབ། མཚོ་སྔོན་གྱི་འཕེལ་རྒྱས་ལ་ད་ལྟའི་རྣམ་པ་བཟང་པོ་ཞིག་ཡོད་པ་དེ་ནི་ནམ་མཁའ་ནས་ལྷུང་བ་ཞིག་མ་ཡིན་པར་མཚོ་སྔོན་པས་མི་རབས་ནས་མི་རབས་བར་འབད་བརྩོན་ལྷོད་མེད་བྱས་པ་ལས་ཐོན་པ་ཡིན་པས། ལྷོད་གཡེང་སྤུ་ཙམ་མེད་པར་ཐོག་མཐའ་བར་གསུམ་དུ་ཞུམ་མེད་མདུན་སྐྱོད་དང་འབད་འཐབ་ལྷོད་མེད་བྱས་ཚེ་གཞི་ནས་རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་ཐོག་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བྱེད་ཐུབ།
       ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། དུས་རབས་ནི་རྒྱུགས་ཤོག་འདོན་མཁན་ཡིན་པ་དང་།ང་ཚོ་ནི་རྒྱུགས་སྤྲད་མཁན་ཡིན་ལ། མི་དམངས་ནི་རྒྱུགས་ཤོག་ལྟ་མཁན་ཡིན། མཚོ་སྔོན་གྱི་སྔོན་བྱོན་པ་ཚོས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་བཞག་ཡོད་པས། ང་ཚོའི་མི་རབས་འདིའི་མཚོ་སྔོན་པ་རྣམས་ཀྱིས་མཐུད་རྒྱུག་དབྱུག་པ་ལེགས་པོར་ལེན་ཐུབ་མིན་དང་། གྲུབ་འབྲས་ཡག་པོ་ཐོབ་མིན། རྒྱུགས་ལན་ཡག་པོ་ཞིག་སྤྲོད་ཐུབ་མིན་བཅས་ཀྱི་འགག་རྩ་ནི་སྒྲུབ་འདོད་ཡོད་མེད་དང་། སྒྲུབ་ཕོད་མིན། སྒྲུབ་ཤེས་མིན་བཅས་ལ་ཐུག་ཡོད། བྱ་བ་སྒྲུབ་འདོད་པ་ལ་རང་འགུལ་ངང་བྱ་བ་སྒྲུབ་པ་དང་། སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱ་བ་བསྒྲུབ་དགོས་པ་ལས། རྗེས་སུ་ལུས་འདོད་དང་ད་ཡོད་ཀྱི་གནས་ཚུལ་ལ་ཡིད་ཚིམས་ནས་གཏན་ནས་འདུག་མི་རུང་། ང་ཚོས་རྗེས་ལུས་ཡིན་པ་ཁས་བླངས་ཀྱང་རྗེས་སུ་ལུས་མི་འདོད།  གཤོག་རྩལ་གཉོམ་པའི་བྱེའུ་སྔོན་ལ་འཕུར་བའི་འདུ་ཤེས་དང་། མི་གཅིག་གིས་གཅིག་བྱེད་ན་ང་ཡིས་བཅུ་བྱེད་པ་བཅས་ཀྱི་འབད་བརྩོན་ལ་བརྟེན་ནས། འགྲན་ལམ་ཡང་དག་བདམས་ཏེ་མགྱོགས་མྱུར་ངང་རྒྱུག་པ་དང་། རང་ཉིད་ལ་གནོན་ཤུགས་སྤྲོད་པ་དང་སྔོན་ཐོན་གྱི་གནས་བབ་བརྩོན་ལེན་བྱེད་པའི་ཁྲོད་ཁྱད་སྟོབས་ཐོབ་པ་དང་། རང་འགུལ་ཐོབ་པ། འབྱུང་འགྱུར་ཐོབ་པ་བཅས་བྱེད་དགོས། སྒྲུབ་ཕོད་པ་ལ་དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། འགག་སྒྲོལ་ཁག་སེལ་བྱེད་དགོས་ལ་བྱས་རྗེས་འཇོག་པར་བརྩོན་དགོས་ཀྱང་སྐྱོན་མི་འབྱུང་བ་བྱེད་དགོས། མཚོ་སྔོན་དུ་སྐྱེ་ཁམས་བདེ་འཇགས་ཐད་ནོར་འཁྲུལ་མ་བྱུང་ན་བྱས་རྗེས་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་མ་ཐུབ་ན་ནོར་འཁྲུལ་ཡིན།  ང་ཚོས་འགན་འཁྲི་ལྗིད་མོ་ཕྲག་ཏུ་ཁུར་ཕོད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཡིད་ཆེས་དང་རྣམ་འགྱུར་ཇེ་ལེགས་སུ་བཏང་སྟེ། དཔའ་ངར་ཆེར་བསྐྱེད་ཀྱི་བློ་སྟོབས་ལ་བརྟེན་ནས་བྱ་གཞག་གསར་གཏོད་ཀྱི་སྤོབས་པ་ཆེན་པོ་འགྲིལ་བར་བྱེད་དགོས། བྱ་བ་སྒྲུབ་མཁས་པ་ལ། མཐོ་སར་འཛེགས་ནས་རྒྱང་ལྟ་དང་ཏན་ཏན་ཏིག་ཏིག་བྱེད་དགོས་པ་ལས། དོན་དངོས་དང་ཁ་བྲལ་བའི་བྱ་བའི་རིགས་གཏན་ནས་སྒྲུབ་མི་རུང་། མཚོ་སྔོན་གྱི་རི་ཆུའི་མཛེས་པ་ནི་འཛམ་གླིང་ཐོག་འགྲན་ཟླ་བྲལ་བའི་མཛེས་སྡུག་རྣམ་པར་བཀྲ་བའི་གཡང་ཊི་ལྟ་བུ་ཞིག་ཡིན། ང་ཚོས་དོན་དངོས་གཙོ་བོར་འཛིན་པ་དང་། སྒྲུབ་པ་གནད་སར་འཛིན་དགོས་ལ། ཞན་ཆ་དང་། དྲག་ཞན། གཞི་བརྟན་པོ། དགེ་མཚན་སྤེལ་བ་བཅས་བྱས་ཏེ་འཐབ་ལམ་གསར་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ་པར་བྱེད་དགོས། ལམ་ཐག་རིང་ཡང་སོང་ན་བསླེབ་སྲིད་ལ། བྱ་བ་དཀའ་ཡང་བསྒྲུབ་ན་འགྲུབ་ངེས་ཡིན། དེ་ལྟར་བྱས་ཚེ་གཞི་ནས་མཚོ་སྔོན་གྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ནས་གོ་སྐབས་དེ་ཁེ་སྤོགས་དང་། ཐོན་ཁུངས། ཐོན་སྐྱེད་ནུས་ཤུགས་བཅས་སུ་འགྱུར་བར་བྱེད་དགོས། བྱ་བ་བསྒྲུབ་ན་གཞི་ནས་ས་ཁུལ་གཞན་དག་བར་གྱི་ཁྱད་པར་ཟམ་མི་ཆད་པར་ཇེ་ཆུང་དུ་སོང་ནས་གོམ་སྟབས་ཆེན་པོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་གྱི་རྗེས་ཟིན་ཐུབ། བྱ་བ་བསྒྲུབ་ན་ད་གཟོད་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བར་རླབས་ཆེན་གྱི་དུས་རབས་གདོང་གིས་བསུས་ནས་མཚོ་སྔོན་མི་དམངས་ལ་དྲིན་ལན་འཇལ་བ་དང་རྐང་འོག་གི་ས་གཞི་གཤིན་པོ་འདིར་དྲིན་གཟོ་བྱེད་ཐུབ་ངེས་ཡིན། འགན་འཁྲིས་འབོད་སྐུལ་གཏོང་བཞིན་ཡོད། མི་དམངས་ཀྱིས་རེ་སྒུག་བྱེད་བཞིན་ཡོད། དངོས་སྒྲུབ་བྱ་བ་དེ་མཚོ་སྔོན་གསར་པའི་མཚོན་རྟགས་མངོན་གསལ་ཞིག་ཏུ་འགྱུར་བར་བྱས་ནས་དངོས་སྒྲུབ་བྱ་བ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐད་གསང་མཐོན་པོའི་དུང་བརྡ་ལྟ་བུར་འགྱུར་བར་བྱེད་དགོས།
       ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་དུ། འགན་འཁྲི་ཏན་ཏིག་འཁུར་བ་དང་བྱས་རྗེས་འཇོག་པའི་སྲོག་ཤིང་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཞུགས་ཏེ། མི་དམངས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་རྒྱུགས་ཡག་པོ་ཞིག་སྤྲོད་རྒྱུ་དེ་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་གཏིང་ཟབ་དང་། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ།“ ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བཅས་བྱེད་པའི་འགན་འཁྲི་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཁུར་ནས། ཆོད་སེམས་སྔར་ལས་བརྟན་པོའི་སྒོ་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས། མཐོ་སྒང་ལ་ཁྱད་དུ་མངའ་བའི་ཐོན་ཁུངས་ཀྱི་ལེགས་ཆར་རྐང་ཚུགས་པར་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་དང་དགེ་སྤེལ་སྐྱོན་སྤོང་གིས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་འབད་པས་བསྐྱོད་དེ། མཚོ་སྔོན་གྱི་འཕེལ་རྒྱས་སྟོབས་ཤུགས་སྔར་ལས་ཆེ་བ་དང་འབད་འབུངས་ཡར་བརྩོན་གྱི་གདིང་ཤུགས་སྔར་ལས་ཆེ་བ་ཞིག་གྲུབ་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ནས། མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་། “མཉམ་གནས་བཞི”ཡི་ཐུན་མོང་འདུ་ཤེས་བརྟན་པོ་བཙུགས་ནས།“ངོས་འཛིན་ལྔ”ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མི་རིགས་སོ་སོ་རྒྱ་ཁྱབ་ངང་འགྲོ་འོང་དང་ཕྱོགས་ཡོངས་ནས་བརྗེ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ནས། སྲ་ཞིང་བརྟན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་པོར་བསྐྲུན་དགོས། དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ནས། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། དམངས་འཚོའི་ཞན་ཆ་གང་མགྱོགས་ངང་གསབ་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། བློ་གཅིག་སེམས་གཅིག་གིས་ལས་ཞུགས་དང་སྨན་བཅོས། སྡོད་ཁང་སོགས་མང་ཚོགས་ཀྱི་དཀའ་ཁག་དང་རེ་སྨོན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། འབད་འཐབ་བྱས་པ་བརྒྱུད། མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་དགོས། ཏང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཐད་ནས། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། “ནམ་ཡང་ལམ་དུ་ཡོད་པ་གཉིས”བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་བྱེད་ཕྱོགས་གཟབ་ནན་བཅངས་ནས། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་དེ་མཚོ་སྔོན་གྱི་བྱ་བའི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། ལྷུ་ཚིགས་སོ་སོ་བཅས་ཀྱི་ཁྲོད་ནས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། འཐབ་ལམ་གསར་པའི་སྟེང་དུ་རྒྱལ་ཁ་གསར་པ་གཅིག་རྗེས་གཉིས་མཐུད་ངང་ལེན་དགོས།
       ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། གུང་ཁྲན་ཏང་མིའི་ལག་ལེན་གྱི་རྣམ་བཤད་ནི་ཡང་དག་པའི་ཤེས་རྟོགས་རྣམ་བཤད་ཀྱི་རྨང་གཞིའི་སྟེང་དངོས་སུ་བཙུགས་པ་ཞིག་ཡིན། དངོས་གཉེར་བདེན་འཛིན་བྱས་ནས་ངོས་འཛིན་གསལ་པོ་མེད་པའི་གནས་སྟངས་སྔར་ལས་ཇེ་གསལ་དུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་འཕེལ་རྒྱས་གཏོང་མི་དགོས་པ་ཞིག་མིན་པ་དང་། འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ཆེ་བསྒྲུབ་མགྱོགས་བསྒྲུབ་བྱེད་པ་ཞིག་མིན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བ་ཞིག་མིན་པ། ཆ་རྐྱེན་ཞན་པ་དེ་ཅི་ཡང་མི་བསྒྲུབ་པའི་ཁ་གཡར་ས་ཞིག་མིན་པ་བཅས་བྱེད་དགོས། འབྲེལ་བ་བཞི་ཁོང་དུ་ཡག་པོ་ཆུད་པར་བྱས་ནས། ས་ཁོངས་གཅིག་དང་སྤྱི་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས། མིག་མདུན་དང་རྒྱང་རིང་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངསཔ། ནང་ངོས་ཀྱི་སྟོབས་ཤུགས་དང་ཕྱི་རོལ་གྱི་སྟོབས་ཤུགས་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས། བསྒྲུབ་དགོས་པ་དང་བསྒྲུབ་མི་དགོས་པ་གཉིས་ཀ་ཤེས་པར་བྱེད་དགོས།
       ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། “དགོས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། གཏིང་ཟབ་དང་ཏན་ཏིག་ངང་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་ཁྲོད་བླ་སྲོག་བརྟན་པོ་འཛུགས་པ་དང་འགན་འཁྲི་ཏན་ཏིག་སྒྲུབ་པ། ཇེ་ལེགས་སུ་གཏོང་བའི་ཁྲིད་ཕྱོགས་དང་ལས་སྒྲུབ་ཀྱི་སྒུལ་ཤུགས། ལས་སྒྲུབ་ཀྱི་མཉམ་ཤུགས་བཅས་ཆེ་རུ་བཏང་ནས། ལས་དོན་སྒྲུབ་མཁན་གྱི་ཆེད་དུ་རྒྱབ་སྐྱོར་དང་ལས་དོན་སྒྲུབ་མཁན་ལ་སྐུལ་མ་གཏོང་བ་དང་། ཕན་ཚུན་འགྲན་རྩོད་ངང་བྱ་གཞག་གཏོད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས། ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས། མི་དམངས་མང་ཚོགས་ལ་ཕན་པའི་ཁ་ཡོད་ལག་ཡོད་ཀྱི་དོན་དངོས་སྒྲུབ་དགོས་པར་མ་ཟད། མི་རབས་ཕྱི་མར་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་འདོགས་པ། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བྱ་བ་བཟང་པོ་སྒྲུབ་དགོས། མི་རྒྱུ་གཉིས་ཀ་འཕྲོ་བརླག་གཏོང་བའི་བཟོ་འགོད་དང་སྣང་བརྙན་བཟོ་འགོད། སྲིད་འབྲས་བཟོ་འགོད་བཅས་དག་ཐེར་མཐའ་གཅིག་ཏུ་བྱས་ནས། བསྡོམས་རྩིས་རྫུན་བཟོ་བྱེད་རིགས་ལ་དག་ཐེར་མཐའ་གཅིག་ཏུ་བྱེད་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་གོང་རིམ་གྱིས་འོག་རིམ་ལ་དཔེ་སྟོན་བྱེད་པ། མགོ་ཁྲིད་ཀྱིས་ལས་ཁུངས་ཀྱི་ཁོངས་མིར་མིག་དཔེ་སྟོན་པ། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱས་ནས། ཁྲུང་ཁྲུང་རུ་བསྟར་གྱི་ནུས་པ་ཐོན་པར་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་བདེན་རྫུན་ཆེན་པོའི་གནད་དོན་ལ་དམིགས་ཏེ་བདེན་དོན་རྒྱུན་འཁྱོངས་དང་། འཐབ་རྩོད་བྱེད་ཕོད་པར་བྱེད་དགོས། རྙོག་འཛིང་ཆེ་བའི་འགལ་ཟླའི་གནད་དོན་ལ་ཁ་གཏད་འཇལ་སྐབས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འཐབ་རྩོད་བྱེད་ཕོད་དགོས། བྱ་ངན་སྤྱོད་ངན་གྱི་མདུན་དུ་ལངས་ཕྱོགས་གསལ་སྟོན་དང་འཐབ་རྩོད་བྱེད་མཁས་པོ་བྱེད་དགོས། ནུས་པ་ཆེར་གཏོང་ལ་སྐུལ་འདེད་བཏང་ནས།“དགོངས་པར་སློབ་སྦྱོང”བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གཏིང་ཟབ་དང་ནང་དུ་ཕྱོགས་པ། རིགས་སྒྱུར་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་།  སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀའི་འཇོན་ཐང་དང་བསམ་ཕྱོགས། བྱེད་ཐབས། ལག་ལེན་བཅས་སུ་འགྱུར་བར་བྱས་ཏེ། ཆབ་སྲིད་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ། ལག་ལེན་གྱི་ནུས་པ་བཅས་ཆེ་རུ་གཏོང་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། གྱོད་གཞིར་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་དང་སྤྱོད་ལམ་འཛུགས་སྐྲུན་གྱི་གནད་དོན་འབུར་ཐོན་ལ་ཆེད་དོན་དག་ཐེར་བྱེད་པར་དམ་པོར་དམིགས་ཏེ། དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་མཉམ་སྡེབ་ཀྱི་བྱེད་ཐབས་ཆ་ཚང་ཞིག་སྤྱོད་པ་དང་ཉམས་སྣང་གསར་པ་ཞིག་ཐོན་པར་བྱེད་དགོས།
       ཚང་འཛོམས་གྲོས་ཚོགས་ཀྱིས་བསྟན་དོན། བརྗིད་རྔམ་ལྡན་པའི་དུས་རབས་ཀྱི་རླབས་རྒྱུན་མདུན་དུ་མཚོ་སྔོན་གྱི་མི་ཚང་མས་མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ་བཅས་བྱེད་དགོས། མཚོ་སྔོན་ཤེས་རྟོགས་བྱེད་པར་དུས་བསྟུན་འཕེལ་རྒྱས་བཏང་ནས་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། མཚོ་སྔོན་ལ་དགའ་ཞེན་བྱེད་པ་ནི་ལྷག་བསམ་ཟོལ་མེད་ངང་གཡའ་དག་པའི་ནམ་མཁའ་དང་རྔམ་མཐུག་པའི་ས་གཞིར་སྲུང་སྐྱོབ་བྱེད་པ་དེ་ཡིན་ལ། མཚོ་སྔོན་དར་རྒྱས་གཏོང་བར་ཞིང་ཆེན་དར་རྒྱས་དང་མི་དམངས་ཕྱུག་པོར་འགྱུར་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཡོངས་ལ་བླང་བྱ་གསལ་པོ་བཏོན་པ་སྟེ། འགན་འཁྲི་འཁུར་ཕོད་པ་དང་བྱ་བ་སྒྲུབ་མཁས་པའི་ལས་བྱེད་པ་ཚོས་བློ་རྒྱ་ཆེར་བསྐྱེད་ཀྱིས་སྒྲུབ་དགོས། ཁྱོད་ཚོ་ནི་རྒྱུགས་ལེན་དུ་འགྲོ་བའི་བགྲོད་ལམ་སྟེང་གི“དཔའ་བོ་ཁེར་རྐྱང”མ་ཡིན་པར། ཞིང་ཆེན་ཏང་ཨུ་ནི་དུས་ནམ་ཡང་ཁྱོད་ཚོའི་འགྱུར་བ་མེད་པའི་རྒྱབ་རྟེན་ཆེན་པོ་ཡིན་པ་དང་། མི་དམངས་དང་རྩ་འཛུགས་ཀྱིས་ཁྱོད་ཚོའི་འབད་བརྩོན་མཐོང་ཡོད་པ་དང་འབད་བརྩོན་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ད་རུང་ཐེ་ཚོམ་གྱིས་གནས་བབ་ལ་ལྟ་བ་དང་། ཐེ་ཚོམ་གྱིས་མདུན་བསྐྱོད་མེད་པའི་ལས་བྱེད་པ་ཚོས་གོམ་སྟབས་ཆེན་པོས་རྗེས་ཟིན་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྣེ་ཁྲིད་དེ་འཕེལ་རྒྱས་དོན་གཉེར་བྱེད་པའི་བློ་སྟོབས་བརྟན་པོ་ཡིན་ལ། སྤྱོད་ཚུལ་བཅོས་སྐྱོང་བྱེད་པའི་རྣམ་འགྱུར་ཀྱང་བརྟན་པོ་ཡིན་པ་དང་། དངོས་འཛིན་དངོས་སྒྲུབ་ཀྱི་སྟོན་ཕྱོགས་གསལ་པོ་ཡིན་པས། ཁྱོད་ཚོས་གོམ་སྟབས་ཀྱི་རྗེས་ཟིན་ཐུབ་པ་དང་། དཔའ་ངར་ཆེན་པོས་ཡར་བརྩོན་བྱས་ནས་མ་འོངས་པར་ཁ་ཕྱོགས་དགོས། ཡར་རྒྱས་བརྩོན་ལེན་བྱེད་འདོད་མེད་པ་དང་ཉི་མ་འཁྱོལ་ཐབས་བྱེད་པའི་ལས་བྱེད་པ་ཚོ་རྨོངས་གཉིད་ལས་སད་ཐུབ་དགོས། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཏང་ནན་ནན་གྱིས་སྐྱོང་བ་དང་དཔོན་རིགས་ནན་གྱིས་སྐྱོང་བའི་ཆོད་སེམས་ལ་གཡོ་འགུལ་ཐེབས་མི་སྲིད། ཁྱོད་ཚོ་ཡང་དག་པའི་ཁ་ཕྱོགས་སུ་སླར་ཡང་ལམ་དུ་ཆས་ཏེ། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་གནོང་འགྱོད་མེད་པའི་འབད་འཐབ་ཀྱི་ཞབས་རྗེས་འཇོག་དགོས།
       ཚང་འཛོམས་གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། འགན་འཁྲི་འཁུར་ཕོད་པ་དང་བདེན་འཛིན་དངོས་སྒྲུབ་བྱེད་པར། ཐོག་མར་མིག་སྔའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཧུར་ཐག་གིས་ཞུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕར་བ་དང་། ལས་ཞུགས་བརྟན་པོ་ཡོང་བ། དངོས་གོང་བརྟན་པོ་ཡོང་བ། ཞབས་ཞུའི་གཙོ་ཤུགས་ལ་དམ་འཛིན་བྱེད་པ། བཟོ་ལས་བརྟན་པོ་ཡོང་བར་དམ་འཛིན་བྱེད་པ། དངུལ་གཏོང་བསྐྱར་འཕར་ལ་དམ་འཛིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་འགན་སྲུང་བྱེད་པ། གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་པ། བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ། “ཕྱེད་བརྒལ་གཉིས”ཀྱི་དུས་དང་བསྟུན་པ། རྫོགས་ལྡན་དུས་ཚིགས་སུ་འབད་འཐབ་བྱེད་པ། ལོ་ཧྲིལ་པོའི་རྒྱལ་ཁ་ལེན་པར་འགན་ལེན་བྱེད་པ། མུ་མཐུད་དུ་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་ཁྱོན་ཡོངས་ནས་རྒྱུན་མཐུད་ལེགས་པོ་ཡོང་བར་འབད་བརྩོན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་ཤུགས་སྣོན་བརྒྱབ་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། ཐཱན་རྩེར་སོན་དང་ཐཱན་སྙོམས་འཛིན་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་སྣོན་སྲ་བརྟན་དུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བཟོ་ལས་བརྟན་པོ་ཡོང་བར་བྱེད་པ། ནུས་ཤུགས་ཡོད་རྒུས་དངུལ་གཏོང་རྒྱ་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐབས་མང་མཉམ་སྤྱོད་ཀྱིས་ཚོང་འགུགས་ལ་དམ་འཛིན་བྱེད་པ། བརྩེ་སེམས་ལ་བརྟེན་ནས་གཙོ་ཤུགས་སྐྱེད་སྲིང་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཐོན་ལས“གནས་བཞི”འཛུགས་སྐྲུན་བྱས་ནས་ཚྭ་མཚོའི་ཐོན་ཁུངས་ཀྱི་ལེགས་ཆ་གསར་པ་གཏོད་པ་དང་། ནུས་ཁུངས་གཙང་མའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། སྐྱེ་ཁམས་ཡུལ་སྐོར་གྱི་ནང་དོན་གསར་པ་མཐོར་འདེགས་གཏོང་བ། ལྗང་མདོག་གི་སྐྱེ་ལྡན་བར་སྟོང་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བྱེད་པ་དང་། སྲ་བརྟན་དང་འབྲེལ་མཐུད་ཀྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པ། རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམངས་འཚོར་འགན་སྲུང་དང་ལེགས་སྒྱུར་ལ་ཕྱོགས་ཞེན་བྱེད་པ་དང་། ལས་ཞུགས་དམ་འཛིན་བྱས་ནས་འགན་ལེན་ཤུགས་ཆེན་བྱེད་པ། ཀུན་ཕན་དམ་འཛིན་བྱས་ནས་ཞབས་འདེགས་ཤུགས་ཆེན་ཞུ་བ། བརྟན་བརླིང་འགན་སྲུང་བྱས་ནས་འཆམ་མཐུན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས།
       ཚང་འཛོམས་གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། ངོས་འཛིན་གཅིག་གྱུར་ཁྲོད་འགན་འཁྲི་འཁུར་སེམས་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་རྒྱག་པ། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་དགོས་གཏུགས་ཀྱི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཐིག་དང་གཙོ་གནད་ལ་དམ་འཛིན་བྱེད་པ། ཏང་དང་དཔོན་རིགས་བཅོས་སྐྱོང་ནན་མོ་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་ཕྱོགས་ཡོངས་ནས་ཇེ་བརྟན་དུ་གཏོང་བ། དུས་རབས་གསར་བ་དང་འཐབ་ལམ་གསར་བའི་སྟེང་བདེན་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཁྲོད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཚང་འཛོམས་གྲོས་ཚོགས་ལས་ཐོབ་པའི་གྲུབ་འབྲས་གལ་ཆེན་བེད་སྤྱོད་དང་རྒྱ་བསྐྱེད་གང་ལེགས་བྱས་ཏེ། ལས་སྒྲུབ་ལས་སྐྲུན་གྱི་བསམ་པའི་སྒུལ་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་མ་རུ་བསྒྱུར་ཅི་ཐུབ་བྱེད་དགོས། ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་དུ་དམ་པ་དོན་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་བ། གསལ་པོར་བསྟན་ཡོད་པའི་སྲིད་ཇུས་གལ་ཆེན་དང་གཏན་ཁེལ་བྱས་ཡོད་པའི་དོན་དག་གལ་ཆེན། ཞིབ་འཇུག་གི་རྣམ་གྲངས་གལ་ཆེན་བཅས་ལ་དམ་པོར་དམིགས་པ། གནད་དོན་ཐག་གཅོད་དང་ལས་དོན་ལེགས་བཅོས་བྱེད་པའི་ཁྲོད་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་མུ་མཐུད་ནས་དམ་འཛིན། དམ་འཛིན་ནན་མོ་བྱེད་པ། གནད་དོན་ལ་དམིགས་ནས་དམ་འཛིན་བཅས་བྱས་ཏེ། ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པའི་ངར་ཤུགས་ལྷོད་མི་རུང་། གནད་དོན་གལ་ཆེན་གྱི་མདུན་དུ་དངོས་སུ་འགན་འཁྲི་འཁུར་ཕོད་པ་དང་། ཐབས་ཇུས་ཐག་གཅོད་བྱེད་ཕོད་པ། ལྷག་པར་དུ་ཆུ་འབྲུབ་པའི་དུས་སྐབས་སོགས་དཀའ་ཁག་དང་ཉེན་ཁ་ཆེ་བའི་ལས་ཀའི་མདུན་དུ་མགོ་ཁྲིད་ལས་བྱེད་པས་དངོས་སུ་འདྲི་རྟོག་དང་། མདུན་གྲལ་དུ་བཀོད་འདོམས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྒྱུད་སྐུད་འདི་ལྷོད་གཡེང་དུ་མི་གཏོང་བར་འགན་ལེན་ཏན་ཏིག་བྱེད་པ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱེད་དགོས།
       ཚང་འཛོམས་གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། སྒྲུབ་བཞིན་པའི་ཚ་རླབས་འཕྱུར་བར་བྱེད་པ། བྱ་གཞག་གསར་པ་ཞིག་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་ཆེད་ལེགས་སྐྱེས་གསར་པ་འབུལ་ཅི་ཐུབ་བྱེད་དགོས་པའི་འབོད་སྐུལ་བཏང་།
       ཚང་འཛོམས་གྲོས་ཚོགས་སྟེང«ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཧྲི་ཚུན་ཝུའུ་ཏང་ནང་ནས་ཕྱིར་ཕུད་རྒྱུ་དང་། ལི་ཆིན་ཁྲོན་ལ་ཏང་ནང་ནས་ལྟ་ཞིབ་ལོ་གཉིས་བྱེད་རྒྱུ། ཝང་ཞུའེ་ཝུན་གྱི་ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུ་བཅས་ཀྱི་ཆད་པ་རྗེས་སུ་ཁས་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས»ལ་གྲོས་འཆམ་བྱུང་།
       ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་ཨུ་ཡོན་ནམ་རྗེས་སྣོན་ཨུ་ཡོན་མ་ཡིན་པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོའི་འགན་འཁུར་བློ་མཐུན་དང་།ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ། མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བློ་མཐུན་གཙོ་བོ། རང་རེའི་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་སུ་ཟུར་ཞུགས་བྱས། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།