༄༅།།རྒྱལ་ཡོངས་སྒྲུང་ཐུང་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར། དུས་ཚོད།:2020-11-27 16:40:45 ཀློག་གྲངས།:
      ཟླ11པའི་ཚེས27ཉིན་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གསུམ་པ་དེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་པར་གཟབ་རྒྱས་ངང་བསྡུས། མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་གཞོན་པ་ལྕགས་ཐར་རྒྱལ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན་སྟོབས་ལྡན་སོགས་མགོ་ཁྲིད་པ་དང་། དཔྱད་འདེམ་པ། བྱ་དགའ་ཐོབ་པའི་རྩོམ་པ་པོ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་མ་སོགས་མི་བརྒྱ་ཕྲག་ཙམ་ཞུགས་ཡོད།
ཚོགས་རའི་ཟུར་ཞིག
མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན།
མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་ཀྲུའུ་རེན་སྟོབས་ལྡན།
      ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་བླང་བྱ་ནི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཟུང་དུ་འབྲེལ་བ་དཔྱད་འདེམ་གྱི་ཚད་གཞི་དང་། འདྲ་མཉམ་དང་དྲང་བདེན་སྲོག་ཏུ་འཛིན་པ་དེ་ཡིན་ལ། འགྲན་སྡུར་དུས་ཡུན་རྫོགས་རྗེས་རྩོམ་སྒྲིག་པ་དག་གིས་ཡང་ཡང་གྲོས་མོལ་བྱས་མཐར། རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་མི་ལྔ་སྟེ་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་རྡོ་དཀར་ཚེ་དཔལ་སྟོབས་ལྡན་དང་།  གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འབྲོང་བུ་རྡོ་རྗེ་རིན་ཆེན།《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྡོ་སྦིས་ཆོས་སྐྱོང་། 《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་གི་ཚེ་རྒྱལ།  མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་འགྱུར་མེད་རྡོ་རྗེ་བཅས་ཀྱིས་གྲུབ་པའི་དཔྱད་འདེམ་ཚན་ཆུང་རྩ་འཛུགས་བྱས་ཤིང་།《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད་ཟིན་པའི་རྩོམ་ཡིག་རྣམས་དཔྱད་འདེམ་པ་ལྔ་བོའི་ལག་ཏུ་བཞག་སྟེ་ཟླ་ངོ་གཅིག་གི་རིང་ལ་ཁོ་ཚོས་རང་རང་ས་ནས་ཞིབ་ཀློག་བྱས་པ་རེད།
བྱ་དགའ་ཨང་དང་པོ་ཐོབ་མཁན་བསོད་ནམས་ལེགས་བཤད།
བྱ་དགའ་ཨང་གཉིས་པ་ཐོབ་མཁན་ཚྭ་རྡེའུ་དང་རྟ་མགྲིན་འཚོ་གཉིས།
བྱ་དགའ་ཨང་གསུམ་པ་ཐོབ་མཁན་མ་ཅིག་འཚོ་དང་བུ་ཁྱུང་། ཉྭ་སྲིན་པོ་གསུམ།
      ཟླ11པའི་ཚེས19ཉིན་དཔྱད་འདེམ་ཚོགས་པས་དྲང་པོ་དྲང་གཞག་སྒོས་དཔྱད་འདེམ་གནང་རྗེས་འགྲན་སྡུར་གྱི་ཨང་རིམ་གསལ་བསྒྲགས་བྱས། ཐེངས་འདིའི་བྱ་དགའ་ཨང་དང་པོ་ནི་བསོད་ནམས་ལེགས་བཤད་ཀྱི《ང་རང་བྱིས་པ་ཡིན་དུས》དང་།  ཨང་གཉིས་པ་ནི་ཚྭ་རྡེའུ་ཡི《སྤྱོད་ཁང》དང་།     རྟ་མགྲིན་འཚོའི《རྒྱང་འགྲིམས་ཀྱི་ལོ་ཟླ་དང་ཨ་ཅག་སྤེན་སྒྲོན》   ཨང་གསུམ་པ་ནི་བུ་ཁྱུང་གི《སྒོ་ཐེམ》དང་།   མ་ཅིག་འཚོའི《གཟི》 ཉྭ་སྲིན་པོའི《ང་ཚོ་གང་དུ་འགྲོ》བཅས་ཡིན།
      རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་ནི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་དང་། མཚོ་སྔོན་དགེ་འོས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གཉིས་ཀྱིས་རོགས་སྒྲུབ་གནང་བའི་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་འགྲན་སྡུར་ཞིག་ཡིན་ལ། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་རྩོམ་ཡིག་སྤེལ་ཡུན་ནི2020ལོའི་ཟླ1པའི་ཚེས1ཉིན་ནས2020ལོའི་ཟླ10པའི་ཚེས31ཉིན་བར་ཏེ་བསྡོམས་པས་ཟླ་ངོ་བཅུ་ཡིན། སྐབས་ཐོག་ཏུ་བོད་ལྗོངས་ཉིན་རེའི་ཚགས་པར་དང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བདེ་ཆེན་བོད་ཡིག་སྨྱན་སྦྱོར། ཁམས་པའི་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་བོད་ཀྱི་སྨྱན་སྦྱོར་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས། ཟླ་ངོ་བཅུའི་རིང་དུ་ཀན་སུའུ་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་སོགས་ཡུལ་གྲུ་སོ་སོ་ནས་སྒྲུང་ཐུང147ལྷག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་རྩོམ་ཡིག་འབྱོར་བའི་སྔ་གཞུག་ལྟར་བསྡོམས་པས་རྩོམ་ཡིག45སྤེལ།
      འདིར་འབྱོར་བའི་རྩོམ་ཡིག་ཁག་ཅིག་རྗོད་བྱེད་སོགས་ཀྱི་ཐད་ནས་འབུར་དུ་ཐོན་ཡང་། 《མཚོ་སྔོན་བོད་ཡིག་གསར་འགྱུར》གྱི་རྩོམ་ཡིག་འགྲན་སྡུར་གྱི་བླང་བྱ་དང་མི་མཐུན་པས། རྩོམ་སྒྲིག་པས་ཁ་པར་དང་གློག་རྡུལ་ཡིག་ཟམ་གྱི་ལམ་ནས་ཕ་རོལ་པོར་དུས་ཐོག་ཏུ་གསལ་བཤད་བྱས་ཏེ་རྩོམ་ཡིག་བསྐྱར་དུ་བྲིས་ནས་བསྐུར་བའི་རེ་བ་བཏོན། ཐེངས་འདིའི་སྒྲུང་ཐུང་མང་ཆེ་བ་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་དུས་རབས་ཀྱི་དབྱངས་འགྲོས་དང་མཐུན་ལ་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་དོད་པའི་དགེ་མཚན་དུ་མས་ཕྱུག 
      དཔྱད་འདེམ་གནང་སྐབས་དཔྱད་འདེམ་ཚན་ཆུང་གི་ཚན་གཙོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་བྱ་དགའ་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཁོས་བྱ་འགུལ་འདི་ནི་བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་མ་འོངས་འཕེལ་རྒྱས་ཐད་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཕྱིས་སུ་བྱ་འགུལ་འདི་འདྲ་སྤེལ་བའི་རེ་བ་བཏོན་ལ། དཔྱད་འདེམ་པ་གཞན་རྣམས་ཀྱིས་ཀྱང་དེར་མཐུན་གྱི་བསམ་ཚུལ་བཏོན།
      ཐེངས་འདིའི་བྱ་དགའ་ཐོབ་མཁན་ཨང་དང་པོར་དམངས་སྒོར10000དང་། ཨང་གཉིས་པར་སོ་སོར་དམངས་སྒོར8000དང་། ཨང་གསུམ་པར་སོ་སོར་དམངས་སྒོར6000བཅས་གནང་།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།