མི་ཆོས་སློབ་གསོའི་བརྡ་དོན་འཕེལ་རིམ་དང་དེང་རབས་ཀྱི་དོན་སྙིང་ཅུང་ཙམ་གླེང་བ།

རྩོམ་པ་པོ།:ཚེ་རིང་རྗེས་དབང་། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-06-16 09:37:20 ཀློག་གྲངས།:
       མི་ཆོས་སློབ་གསོ་ནི་མི་རྣམས་ལ་ཡང་དག་པའི་ཀུན་སྤྱོད་ཀྱི་ལྟ་བ་དང་ཡ་རབས་ཀྱི་ཀུན་སྤྱོད་གསོ་སྐྱོང་བྱས་ནས་སྤྱི་ཚོགས་ཁྲོད་དུ་མི་ཆོས་ཀྱི་ཚད་གཞི་དང་མཐུན་པའི་ཐབས་ཇུས་དང་བྱ་སྤྱོད་སྟབས་བདེ་བསྐྲུན་རྒྱུ་དེ་རེད་སྙམ། འཚོ་བའི་ཁྱབ་ཁོངས་སུ་མི་ཆོས་སློབ་གསོ་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་པས། ཕྲན་གྱིས་རྩོམ་འདིར་མི་ཆོས་སློབ་གསོའི་བརྡ་དོན་འཕེལ་རིམ་དང་དེང་རབས་སློབ་གསོའི་ཁྲོད་ཀྱི་དོན་སྙིང་སྐོར་ལ་དཔྱད་གླེང་ཅུང་ཙམ་བྱས་ཡོད།
གཅིག མི་ཆོས་སློབ་གསོའི་བརྡ་དོན་འཕེལ་རིམ་མདོར་བསྟན།
       དེ་ཡང་འགྲོ་བ་མིའི་རིགས་འདི་ཉིད་བྱུང་བ་ནས། སྤྱི་ཚོགས་ངེས་ཅན་ཞིག་གི་ནང་དུ་ངེས་པར་དུ་འཚོ་བ་རོལ་དགོས་པར་མ་ཟད། སྤྱི་ཚོགས་གང་རུང་ཞིག་གི་གྲུབ་ཆ་གཙོ་བོ་ཞིག་ཏུ་འགྱུར་རྒྱུ་ནི་སྨྲོས་མ་དགོས་པ་རེད། སྤྱི་ཚོགས་འཚོ་བ་གང་རུང་ཞིག་ལ་མཚོན་ན། ཆེ་ས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཡོད་པ་དང་། ཆུང་ས་ནས་ཡུལ་ལུང་སོ་སོའི་གཏན་ཆགས་རྒྱུན་འབྱམས་སུ་སོང་བའི་གོམས་གཤིས་ཡོད། ད་དུང་གོང་གསལ་དེ་གཉིས་ཀྱི་ཁོངས་སུ་གསལ་པོར་མ་འདུས་པའི་དམིགས་བསལ་གྱི་མི་ཆོས་སོགས་བགྲང་ལས་འདས་པ་ཡོད་རྐྱེན་སྤྱི་ཚོགས་ཀྱི་ཚོགས་པའི་ཁྲོད་ནས་གང་བྱུང་མང་བྱུང་གི་སྤྱོད་པ་ཅི་འདོད་འདོད་ཡོད་མི་ཆོག་པར་རང་གཅུན་བག་ཡོད་དུ་གནས་དགོས། མི་ཆོས་སློབ་གསོ་ནི་མི་ཆོས་རིག་པ་དང་སློབ་གསོ་རིག་པའི་དོན་སྤྱི་དང་ཟུང་འབྲེལ་བྱས་པ་ཞིག་རེད། དེའི་ཚིག་གི་འབྱུང་ཁུངས་ནི་གནའ་བོའི་གྷི་རིག་གི་སྐད་ཀྱི་ཁྲོད“ethos”(དོན་ནི་གོམས་གཤིས་དང་གཤིས་ཀ)དང“ethikos”(དོན་ནི་ཀུན་སྤྱོད)ལ་ཁུངས་འདེད་བྱས་ཆོག
       གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པའི་མཁས་པ་ཨ་རི་སི་ཏོ་ཏལ་གྱིས་མི་ཆོས་ཞེས་པའི་ཐ་སྙད་དངོས་སུ་བཀོལ་ཡོད་པ་དང་། ཁོང་གི་བརྩམས་ཆོས«ཉི་ཀོ་མ་ཁོའི་མི་ཆོས་རིག་པ»ནི་མི་ཆོས་རིག་པའི་རྨང་གཞི་བཏིང་བའི་བརྩམས་ཆོས་ཤིག་ཡིན་པར་འདོད། ཨ་རི་སི་ཏོ་ཏལ་གྱིས་མིའི་རིགས་ཀྱི་བྱ་སྤྱོད་དང་ཀུན་སྤྱོད་ལ་ཞིབ་འཇུག་བྱས་པ་བརྒྱུད་མི་རྣམས་ཀྱིས་འཚོ་བའི་ཁྲོད་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཇི་ལྟར་དོན་གཉེར་བྱ་རྒྱུའི་སྐོར་ལ་དཔྱད་བསྡུར་བྱས་པ་རེད། གནའ་བོའི་གྷི་རིག་གི་མི་ཆོས་རིག་པ་རོམ་གྱི་དུས་སྐབས་སུ་སྔར་ལས་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་སི་ཏུའོ་ཡ་གྲུབ་མཐའ་དང་དབྱི་པི་ཅིའུ་ལུའུ་གྲུབ་མཐའ་ཡི་བསམ་བློས་རྗེས་རབས་པའི་མི་ཆོས་སློབ་གསོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པར་གྲགས།
       མི་ཆོས་སློབ་གསོས་ནུབ་ཕྱོགས་རིག་གནས་ཁྲོད་དུ་གོ་གནས་གལ་ཆེན་ཞིག་བཟུང་ཡོད་མོད། འོན་ཀྱང་དེའི་གོ་དོན་དང་ལག་ལེན་ཡང་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་འོག་འགྱུར་ལྡོག་འབྱུང་བཞིན་ཡོད་དེ། དུས་རབས་བར་མའི་ཡོ་རོབ་གླིང་དུ། ཡེ་ཤུའི་ཆོས་ལུགས་ཀྱི་བསྟན་དོན་གྱིས་མི་ཆོས་སློབ་གསོར་ཤུགས་རྐྱེན་ཟབ་མོ་ཐེབས་ཤིང་། ཀུན་སྤྱོད་ཚད་གཞི་ནི་གཙོ་བོ་ཆོས་ལུགས་དད་མོས་ལས་བྱུང་བ་རེད། ཡང་ཉེ་རབས་ནས་བཟུང་མི་ཆོས་སློབ་གསོ་དེ་རིམ་བཞིན་ཆོས་ལུགས་ཀྱི་འཆིང་རྒྱ་ལས་གྲོལ་ཏེ། མི་སྒེར་གྱི་རྗེས་དཔག་གི་བསམ་གཞིགས་དང་རང་བདག་གི་གདམ་ག་སྔར་ལས་མང་བ་ནན་བཤད་བྱས་ཡོད།
       ཤར་ཕྱོགས་རིག་གནས་ཁྲོད་དུ། དཔེར་ན་ཀྲུང་གོ་ལྟ་བུར་མཚོན་ན། མི་ཆོས་སློབ་གསོར་ཡང་ལོ་རྒྱུས་ཡུན་རིང་ཞིག་ལྡན་ཡོད་དེ། རུའུ་ལུགས་ཀྱི་བྱམས་བརྩེའི་ཀུན་སྤྱོད་འདུ་ཤེས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་མི་ཆོས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་ཀུན་གྱིས་མཁྱེན། བོད་མི་རིགས་ལ་མཚོན་ན། མི་ཆོས་ཞེས་པའི་ཐ་སྙད་དེ་ཏུན་ཧོང་ཤོག་དྲིལ་ནང་དུ་སྔར་ནས་ཐོན་ཟིན་ཏེ། ཕུ་ནུའི་མདོ་ལས“མྱིའི་ཆོས་ནི། དྲང་ཞིང་སྲི་ཞུ་དང་། དེས་ཤིང་མཉེན་བ་དང་། སྙིང་རྗེ་འེ་ཞིང་། དངན་ཆན་མྱེད་རྗེས་དང་ཁྲེལ་ཡོད། སྙིང་ཆུང་ཞིང་བརྩོན་འགྲུས་ཆེ་བ་ཡིན་ཏེ”ཞེས་མེས་པོ་བློ་གྲོས་ཅན་དག་གིས་འགྲེལ་བ་གནད་ལ་འཁེལ་བ་ཞིག་བརྒྱབ་ཟིན། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་དུ་ཐུན་མོང་གི་ཀུན་སྤྱོད་འདུ་ཤེས་སམ་སྤྱི་རྒྱུག་གི་མི་ཆོས་ལྟ་བ་ཞིག་སྔར་ནས་གྲུབ་ཡོད་པ་གསལ་ཏེ། «བཀའ་ཐང་སྡེ་ལྔ»ལས“དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས། །སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང”ཞེས་གསུངས་ཡོད་པ་དང་། དེ་ནས་སྤང་བླང་འཇུག་ལྡོག་གི་འདུ་ཤེས་སམ་བསམ་བློ་ཞིག་རིམ་གྱིས་གྲུབ་པའམ་མ་ལག་ཅན་གྱི་མི་ཆོས་སློབ་གསོ་ཞིག་ཆགས་ཡོད་པ་ཏུན་ཧོང་ནས་ཐོན་པའི«ཕུ་ནུའི་མདོ»དང«སུམ་པའི་མ་ཤགས་ཆེད་པོ» «ལེགས་ཉེས་ཀྱི་དོན་བྱེ་བྲག་ཏུ་བསྟན་པ»སོགས་སུ་གསལ།
       མི་ཆོས་སློབ་གསོ་ནི་མ་ལག་ཅན་གྱི་སློབ་གསོའི་བྱེད་སྒོ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་སློབ་ཁྲིད་དང་ལག་ལེན། ཁྲིད་སྟོན་བཅས་བརྒྱུད་དེ་མི་ཆོས་ཀྱི་སློབ་གསོ་ནི་མི་སྒེར་རམ་ཚོགས་སྤྱིའི་ཡང་དག་པའི་བྱ་སྤྱོད་ཀྱི་ཚད་གཞི་དང་། རིན་ཐང་གི་འདུ་ཤེས། བརྡར་གཅོད་ཀྱི་ནུས་པ་བཅས་བརྒྱུད་སྤྲོད་བྱེད་པ་དང་འབྲེལ་བ་ཡོད་ཅིང་། དེའི་དམིགས་ཡུལ་ནི་མི་རྣམས་ལ་ཡང་དག་པའི་ཀུན་སྤྱོད་ཀྱི་ལྟ་བ་དང་ཡ་རབས་ཀྱི་ཀུན་སྤྱོད་གསོ་སྐྱོང་བྱས་ནས་སྤྱི་ཚོགས་ཁྲོད་དུ་མི་ཆོས་ཀྱི་ཚད་གཞི་དང་མཐུན་པའི་ཐབས་ཇུས་དང་བྱ་སྤྱོད་སྟབས་བདེ་བསྐྲུན་རྒྱུ་དེ་རེད་སྙམ་མོ། །
གཉིས། མི་ཆོས་སློབ་གསོའི་དེང་རབས་ཀྱི་དོན་སྙིང་།
       འཛམ་གླིང་ཡོངས་སུ་ཤེས་རིག་སྣ་ཚོགས་ཀྱི་ཀློང་བརྡོལ་བ་དང་ལྷག་པར་དུ་དཔལ་འབྱོར་འཛུགས་སྐྲུན་གྱི་ཡོ་ལང་རྣམ་པར་རྒྱས་པའི་དེང་གི་དུས་འདིར། མི་རིགས་མང་པོ་ཞིག་གི་སྲོལ་རྒྱུན་གྱི་མི་ཆོས་བསམ་བློ་དང་ཀུན་སྤྱོད་ལྟ་བར་ཤུགས་རྐྱེན་འདྲ་མིན་སྣ་ཚོགས་ཐེབས་ནས་ཉམས་ཉེས་དང་གོད་ཆག་ཚད་མི་འདྲ་བར་བྱུང་དང་འབྱུང་བཞིན་ཡོད་ལ། མི་དང་མིའི་བར་གྱི་འབྲེལ་བ་སོགས་ཀྱང་རིམ་གྱིས་རྒྱང་ཐག་ཇེ་རིང་དུ་གྱུར་ནས་ཡོད་ཚད་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནའི་ཕྱོགས་སུ་དམིགས་པའི་དུས་འདི་ལྟ་བུ་ལ། སྤྱི་ཚོགས་ཡོངས་ཁྱབ་ཀྱི་ཀུན་སྤྱོད་མ་ལག་ཅིག་བསྐྲུན་པའི་དགོས་གལ་ཤིན་ཏུ་ཆེ་སྙམ། མི་ཆོས་སློབ་གསོས་དེང་རབས་ཀྱི་མི་སྒེར་གྱི་ཀུན་སྤྱོད་ཚོད་འཛིན་དང་སྤྱི་ཚོགས་ཀྱི་སྤྱི་དམངས་གསོ་སྐྱོང་། སློབ་གསོ་འདྲ་མཉམ་སོགས་ཡོང་བར་རམ་འདེགས་དང་སྐུལ་འདེད་བཅས་བྱེད་པར་དོན་སྙིང་ཆེན་པོ་ལྡན་སྙམ་ཏེ།
       ༡ མི་སྒེར་གྱི་ངོས་ནས་བཤད་ན། མི་ཆོས་སློབ་གསོ་ནི་མི་སྒེར་གྱི་ཀུན་སྤྱོད་དང་ཀུན་སྤྱོད་ཀྱི་འདུ་ཤེས་བཟང་པོ་འཛུགས་པར་ཕན་ཐོགས་ལ། ཀུན་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་ནུས་པ་ལྡན། མི་སྒེར་གྱི་ཡང་དག་པའི་རིན་ཐང་ལྟ་བ་དང་བཟང་ངན་བརྡར་ཤ་གཅོད་པའི་བློ། ལེགས་པའི་ཐབས་ཇུས་འདོན་པའི་ནུས་པ་སོགས་གསོ་སྐྱོང་བྱས་ཏེ་འཚོ་བའི་དཀའ་ངལ་སྣ་ཚོགས་དང་འཕྲད་སྐབས་གདམ་ག་འོས་འཚམ་ཞིག་བྱེད་ཐུབ་པའི་དོན་སྙིང་ལྡན།
       ༢ སྤྱི་ཚོགས་ཀྱི་ངོས་ནས་བཤད་ན། སྤྱི་ཚོགས་གང་ཞིག་བརྟན་བརླིང་ངང་གནས་ཤིང་འཆམ་མཐུན་སྒོས་འཕེལ་དགོས་ན་ཐོག་མར་མི་དང་མིའི་བར་གྱི་འབྲེལ་བ་ལས་གྲུབ་པའི་མི་ཆོས་ཀུན་སྤྱོད་ལེགས་པོ་ཞིག་བསྐྲུན་དགོས་ཏེ། འབའ་སྟོད་ཚེ་དབང་རྡོ་རྗེ་ལགས་ཀྱིས“སྤྱི་ཚོགས་ཀུན་སྤྱོད་ལེགས་པོ་ཞིག་འབྱུང་བར་རྒྱལ་ཁྲིམས་ཀྱི་བཙན་དབང་དང་ཟིལ་ཤུགས་དགོས་ལ་མི་ཆོས་ཀྱི་ཕྱོགས་སྟོན་དང་སློབ་གསོ་དགོས་པའང་སྨྲས་མེད་རེད”ཅེས་གསུངས་པ་ལྟར་མི་ཆོས་སློབ་གསོས་མི་དང་མིའི་བར་ཕན་ཚུན་བརྩི་འཇོག་དང་རྒྱུས་ལོན། མཉམ་ལས་བཅས་བྱེད་པར་སྐུལ་འདེད་བྱས་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་ཕན་པ་ཆེ་ཞིང་། སྤྱི་དམངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་སྤྱི་དམངས་ལ་ཀུན་སྤྱོད་བཟང་པོ་འཛོམས་སུ་བཅུག་སྟེ། སྤྱི་ཚོགས་ཀྱི་ལས་དོན་ནང་ཧུར་ཐག་གིས་ཞུགས་ནས་སྤྱི་ཚོགས་ཡར་ཐོན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཤིན་ཏུ་ཆེ་སྙམ།
       ༣ སློབ་གསོའི་མ་ལག་གི་ངོས་ནས་སྤྲོས་ན། མི་ཆོས་སློབ་གསོས་སློབ་གསོའི་མ་ལག་གི་མི་སྒེར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད་པས། ཤེས་བྱ་དང་འཇོན་ཐང་གོང་འཕེལ་གཏོང་ཐུབ་པར་མ་ཟད། མི་སྒེར་གྱི་ཀུན་སྤྱོད་དང་རིན་ཐང་ལྟ་བ་བཅས་ལ་ལེགས་བཅོས་བྱེད་པར་དེ་བས་དོ་སྣང་བྱེད་ཀྱི་ཡོད་པས། མི་ཚང་མར་ཀུན་སྤྱོད་ཀྱི་སློབ་གསོ་ལེགས་པོ་དང་ལེན་བྱེད་པའི་གོ་སྐབས་ཐོབ་ནས་མི་གཤིས་ཀྱི་ཁྱད་ཆོས་དང་ལ་རྒྱ་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན།
       སྤྱིར་ཕྱོགས་གང་གི་ངོས་ནས་བལྟས་ཀྱང་མི་ཆོས་སློབ་གསོའི་རིན་ཐང་ནི་དཔག་དཀའ་བ་ཞིག་ཏུ་ཆགས་ཡོད། ལྷག་པར་དུ་དངོས་པོའི་དཔལ་ཡོན་དར་རྒྱས་ཆེ་བའི་དེང་གི་དུས་འདིར་མི་ཆོས་སློབ་གསོའི་རིན་ཐང་ནི་དེ་བས་ཆེ་བར་འདུག་སྙམ་ནས། ཕྲན་གྱི་དཔྱད་རྩོམ་འདིས་དེང་གི་སྤྱི་ཚོགས་དང་སློབ་གསོའི་ཁྲོད་དུ་ཀུན་སྤྱོད་སློབ་གསོའམ་མི་ཆོས་སློབ་གསོར་དོ་སྣང་དང་། མཐོང་ཆེན་རེ་ཙམ་ཡོང་བའི་ཆེད་དུ་མི་ཆོས་སློབ་གསོའི་དེང་རབས་ཀྱི་དོན་སྙིང་རགས་ཙམ་གླེང་ཡོད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།