༄༅། །དཔལ་ལྡན་རྒྱུད་བཞི་ལས་སྤྲུ་འབུ་ནི་སྤྲུ་འབྲུ་རེད་སྙམ་པའི་དོགས་དཔྱོད། ཧྲོང་བོ་ཚེ་བརྟན་རྒྱལ།

རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-23 08:51:54 ཀློག་གྲངས།:
༄༅། །དཔལ་ལྡན་རྒྱུད་བཞིའི་སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ་ཞེས་པའི་སྤྲུ་འབུ་ནི་སྤྲུ་འབྲུ་རེད་སྙམ་པའི་དོགས་དཔྱོད།
ཧྲོང་བོ་ཚེ་བརྟན་རྒྱལ།
 
ནང་དོན་གནད་བསྡུས། དམིགས་ཡུལ། བཤད་རྒྱུད་ཀྱི་སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ། ཞེས་པའི་སྤྲུ་མའི་འབུ་དེ་སྨན་ངོ་ངོས་འཛིན་དང་ལག་ལེན་སྨན་སྦྱོར་གང་གི་སྐབས་སུའང་། སྤྲུ་འབུ་མ་ཡིན་པར་སྤྲུ་དཀར་གྱི་འབྲུ་ཡིན་པ་ངོས་ཟིན་གསལ་པོ་ཡོང་ཆེད།
ཐབས་ལམ། དཔལ་ལྡན་རྒྱུད་གཞིའི་མག་ངག་རྒྱུད། ཕྱི་མ་རྒྱུད། མཇུག་དོན་ཡོངས་གཏད་བཅས་དང་། ཕྱིས་ཀྱི་མཁས་པའི་ཉམས་ཡིག །དེང་དུས་ཀྱི་སྨན་པ་མཁས་མའི་སྤྲུ་འབྲུ་སྦྱར་བའི་སྨན་གྱི་སྦྱོར་སྡེ། ད་དུང་ཡུལ་དངོས་ནས་སྤྲུ་དཀར་གྱི་རྩ་བ་གཤགས་ནས་བལྟས་པའི་མཐོང་སྣང་དངོས་ལ་དཔྱད་ན། འབྲས་བུ། བཤད་རྒྱུད་ཀྱི་སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ་ཞེས་པའི་སྤྲུ་མའི་འབུ་དེ་དོན་དངོས་སུ་སྤྲུ་མའི་འབྲུ་ཡི་ཡིག་ནོར་རྒྱུན་འབྱམས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད། མཇུག་སྡོམ། བཤད་རྒྱུད་ཀྱི་སྤྲུ་མའི་འབུ་ཞེས་པ་དེ་མན་ངག་རྒྱུད་སོགས་རྒྱུད་རང་ཉིད་དང་། མཁས་པའི་ཉམས་ཡིག །ལག་ལེན་སྨན་སྦྱོར། ཡུལ་དངོས་རྩད་ཞིབ་བཅས་ལ་གཞིགས་ཚེ། དེ་ནི་སྤྲུ་དཀར་གྱི་འབྲུ་ཡིན་པ་ཤ་སྟག་འདུག་པས། བཤད་རྒྱུད་ཀྱི་སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ།།ཞེས་པའི་ཚིག་དེ། སྤྲུ་མའི་འབྲུ་ཡིས་རྩ་ཁྲག་ཤོར་བ་སྡོམ།།ཞེས་པར་བཅོས་དགོས་ཚུལ་བཤད་ཡོད།
གནད་ཚིག སྤྲུ་མའི་འབུ། སྤྲུ་མའི་འབྲུ། རྩ་ཁྲག་གཅོད།

གླེང་གཞི།
       དེ་ཡང་དཔལ་ལྡན་རྒྱུད་བཞིའི་བཤད་རྒྱུད་སྦྱོར་བ་སྨན་གྱི་སྐབས་སུ། སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ་ཞེས་པའི་ངོས་འཛིན་ལ།མཁས་པ་མང་པོ་བཞེད་པ་མི་མཐུན་པར། འགའ་ཤས་ཀྱིས་སྤྲུ་འབུ་ལ་ངོས་འཛིན་ཅིང་། ཡང་སྐོར་ཞིག་གིས་སྤྲུ་འབྲུ་ལ་དགོངས་པ་རེད། རང་ཉིད་ལ་མཚོན་ན་ཡང་། རྒྱུད་དང་ཉམས་ཡིག་མང་པོའི་ལག་ལེན་ཉམས་མྱོང་དང་། རང་གིས་རྩད་གཅོད་བསམ་གཞིགས་ཙམ་བྱས་པའི་འབྲས་བུ་ལ་གཞིགས་ན། དེ་ནི་དོན་དུ་སྤྲུ་འབུ་མ་ཡིན་པར། སྤྲུ་འབྲུ་ལོས་ཡིན་སྙམ་པའི་དོགས་པ་ཞིག་མཆིས་པས། རྩོམ་ཐུང་འདི་འབྲི་ཁུལ་བྱས་པའོ། །
དང་པོ། སྤྲུ་འབྲུ་ལ་བཞེད་པའི་སྨན་གཞུང་དང་སྨན་པ་གང་ཡོད་བཤད་པ།
       ཁོ་བོའི་བློ་ངོར་བཤད་རྒྱུད་ཀྱི་སྦྱོར་བ་སྨན་ལས། སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ།།[1]75ཞེས་པ་ནི། ཉམས་ཡིག་ཁག་ཏུ་སྤྲུ་འབུ་ཁྲག་གཅོད་ཀྱི་སྨན་དུ་སྦྱར་ཏེ་ལག་ལེན་མཛད་པ་ཞིག་མཐོང་དཀོན་པས། དེ་ནི་སྤྲུ་འབུ་མ་ཡིན་པར་སྤྲུ་འབྲུ་རེད་སྙམ་པ་དང་། སྤྲུ་འབྲུ་ཁྲག་གཅོད་སྨན་དུ་སྦྱར་བ་རྒྱུད་དང་ཉམས་ཡིག་རྣམས་སུ་མང་པོ་འདུག་པ་བཅས་ལ་གཞིགས་ཏེ། སྦྱོར་བ་སྨན་གྱི་ནུས་པ་རྐྱང་སེལ་གྱི་སྐབས་སུ་སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་སྡོམ་ཞེས་པར། སྤྲུ་མའི་འབྲུ་ཡིས་རྩ་ཁྲག་ཤོར་བ་སྡོམ། ཞེས་པ་ཞིག་མཆིས་མིན་ལ་རང་གི་ལག་ལ་ཚུད་ཚད་ཀྱི་སྨན་གཞུང་མི་ཉུང་བ་ཞིག་བལྟ་ཀློག་བྱས་པ་ཡིན། མང་ཆེ་བའི་དགོངས་པ་རྒྱུད་བཞི་དང་ཆུ་ལ་ཆུ་བཞག་རེད་འདུག་མོད། ཡིན་ན་ཡང་། དེ་ལས་རྒྱུད་བཞི་དང་མི་འདྲ་བར་སྤྲུ་མའི་འབྲུ་ལ་བཞེད་མཁན་གྱི་གཞུང་གཅིག་འདུག་སྟེ། དེ་ནི་གསོ་རིག་འབུམ་བཞི་རེད་དེ། དེ་ལས་ཇི་སྐད་དུ། སྤྲུ་མའི་འབྲུ་ཡིས་རྩ་ཁྲག་གཅོད།[2]202ཅེས་སྤྲུ་མའི་འབུ་མ་ཡིན་པར་སྤྲུ་མའི་འབྲུ་ཡིན་པ་གསལ་པོར་བཀོད་འདུག། མཁས་དབང་མཛོད་དགེ་ཉི་མ་ཚང་གིས་ཀྱང་། སྤྲུ་འབྲུས་ཁྲག་ཤོར་སྡོམ།[3]188ཞེས་འཁོད། གཞན་ཡང་། མདོ་སྨད་ཀྱི་སྨན་རམས་པ་རྒན་ཚེ་བཀྲ་ཚང་གིས་ཀྱང་། སྤྱི་ལོ2018ལོའི་ཟླ5པའི་ཚེས30ཉིན་འགོ་བརྩམས་ཏེ་རྗེ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་གི་གསུང་ཟིན་བྲིས་སུ་བཀོད་པ་གསོ་རིག་མན་ངག་བདུད་རྩིའི་སྙིང་བོ་ལུང་ཁྲིད་མཛད་སྐབས་སུ། རྒྱུད་ལས། སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ། །ཞེས་པ་ནི། དོན་དུ་སྤྲུ་མའི་འབུ་མ་ཡིན་པར་སྤྲུ་མའི་འབྲུ་ཨེ་ཡིན་སྙམ་བྱུང་། ཞེས་གསུངས་བྱུང་ངོ་། །
གཉིས་པ། སྤྱིར་སྤྲུ་དཀར་གྱི་འབྲུ་དང་རྩ་བ་སོགས་ལ་ཁྲག་གཅོད་ཀྱི་ནུས་པ་ལྡན་ཚུལ་འགོད་པ།
       སྤྱིར་སྤྲུ་དཀར་ལ་ཁྲག་གཅོད་ཀྱི་ནུས་པ་ལྡན་པ་ནི། འཁྲུངས་དཔེ་རྣམས་སུ་མང་དུ་གསུངས་འདུག་སྟེ། གཡུ་ཐོག་སྔོ་འབུམ་ལས། སྤྲུ་མ་དཀར་པོ་ཞིང་ཚིགས་སྐྱེ། །རིང་ཐུང་ཁྲུ་རེ་མདའ་རེ་ཙམ། །འདབ་མ་ཆེ་ཞིང་དྲི་མ་དུགས། །ངར་བ་འཁྱོག་ཅིང་མེ་ཏོག་དཀར། །ཁྲག་གཅོད་སྐྲངས་འདུལ་གཉན་སྲིན་འཇོམས། །[4]9ཞེས་སྤྲུ་དཀར་གྱིས་ཁྲག་གཅོད་པ་གསུངས་འདུག་པ་དང་། སྨན་མིང་རྒྱ་མཚོ་ལས་ཀྱང་། སྤྲུ་དཀར་ཁྲག་གཅོད། །[5]213ཅེས་གསུངས་ཡོད།
       མདོ་དབུས་མཐོ་སྒང་གི་སྨན་རིས་གསལ་བའི་མེ་ལོང་དུ། སྤྲི་དཀར་མཆོག་གི་ནུས་པ་ནི། རོ་ཚ་ཞིང་ཅུང་ཟད་མངར་བ་དང་། ནུས་པ་བསིལ་བ་ཡིན། བྱེད་ལས་ནི་ཁྲག་གཅོད་ཅིང་རྨ་འདྲུབ།[6]295ཅེས་པ་དང་། ཡང་དེ་ལས་སྤྲུ་དཀར་དམན་པའི་ནུས་པ་ནི། རོ་ཁ་བ་དང་ནུས་པ་བསིལ་བ་ཡིན། བྱེད་ལས་ནི་གློ་ཚད་སེལ་ཞིང་རྨ་འདྲུབ། མཛེ་ནད་གསོ། ཕྱི་ལ་བྱུགས་ན་ཁྲག་གཅོད།[7]299ཅེས་ཁོང་དུ་བསྟེན་པ་མ་ཟད་ལུས་ཕྱིའི་རྨ་ལ་བཏབ་ན་ཁྲག་གཅོད་པ་ཡང་བཤད་འདུག །སྒྲོལ་མ་སྔོ་འབུམ་ལས། སྤྲུ་བ་དག་ལ་རྣམ་པ་གསུམ། །དཀར་པོ་ནག་པོ་སྔོན་པོའོ། །ཉིན་སྲིབ་གཉིས་ཀྱི་རི་ལ་སྐྱེས། །ལོ་མ་ནག་རྩུབ་སྡོང་བུ་འཐུག །སྤྲུ་བ་ནག་པོ་ཞེས་ཀྱང་བྱ། །ལྷོག་པའི་ནད་ལ་འདི་ཉིད་བསྔགས། །སྤྲུ་བ་སྔོན་པོ་ལོ་མ་དང་། །མེ་ཏོག་སྡོང་བོ་སྔོ་ལ་མཉེན། །སྲིན་འདུལ་ཕྱིར་ནི་ཁོང་དུ་བཏང་། །སྟེང་ནས་ལུམས་བྱས་བདེ་བར་འགྱུར། །བ་སྤྲུ་དཀར་པོ་ཞེས་བྱ་བ། །ལོ་མ་སྔོ་སྐྱ་མཉེན་པ་ལ། །སྡོང་བུ་རིང་ལྡེམ་མེ་ཏོག་དཀར། །འབྲས་བུ་བྲེ་གའི་འབྲས་བུ་འདྲ། །རོ་ནི་ཁ་ལ་དྲི་མི་ཞིམ། །རང་གི་ནུས་པས་ཁྲག་གཅོད་ཅིང་། །ལྷོག་པ་འདུལ་ལ་སྐྲངས་པ་འཇོམས། །བ་སྤྲུ་དཀར་པོའི་རྩ་བ་ནི། །སྣུམ་བཙོས་རྨ་ནང་གདབ་བྱས་ན། །རྨ་སྐོར་རྣམ་གསུམ་གང་ཡིན་ཡང་། །ཁྲག་གཅོད་གདོན་ལྷོག་སྲུང་བར་བྱེད། །[8]177ཅེས་སྤྲུ་དཀར་ལ་བ་སྤྲུ་ཞེས་པ་དང་། སྤྲུ་དཀར་ཀྱི་འབྲས་བུ་སོགས་ཀྱིས་ཁྲག་གཅོད་པ་མ་ཟད། འདི་རུ་སྤྲུ་དཀར་གྱི་རྩ་བས་ཁྲག་གཅོད་པ་ཡང་གསལ་པར་གསུངས་འདུག་གོ །ཤེལ་གོང་ཤེལ་ཕྲེང་དུ། སྤྲུ་མས་གཉན་ཚད་སྲིན་དང་འབྲས་ནད་དང་། །མཛེ་ནད་འཇོམས་ཤིང་ཁྲག་ཤོར་གཅོད་པའི་མཆོག །ཅེས་པར། ལྗོན་ཤིང་ལས། སྤྲུ་ལོ་རྩ་བས་ཁྲག་གཅོད་བྱེད། །ཁྲག་ཤོར་རྩ་ཁར་བཏབ་ན་ཆོད། །[9]294ཅེས་སྤྲུ་དཀར་གྱི་རྩ་བ་རྩ་ཁའི་ཁྲག་ཤོར་བར་བཏབ་ན་ཕན་ཚུལ་བཀོད་འདུག །སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་ལས། ཟླ་གཉིས་པ་དང་བརྒྱད་པར་རྩ་བ་བརྐོ་བར་བྱ་ཞིང་།[10]214ཞེས་ཀྲུང་ལུགས་ཀྱིས་སྤྲུ་དཀར་ཆུང་བའི་རྩ་བ་ཁོ་ན་སྨན་དུ་སྦྱོར་བ་བསྟན་པ་དང་། སྨན་པ་ཀྲེན་ཆོན་གྱིས། རྨའི་རུལ་མྱགས་གཅོད་ཅིང་ཟུག་གཅོག །བུད་མེད་ཀྱི་མཁལ་རྐེད་ན་བར་ཕན། མངལ་ཁྲག་ཤོར་བ་གཅོད་དོ། །[11]215ཅེས་དེའི་ནུས་པས་མངལ་ཁྲག་ཤོར་བ་གཅོད་པ་བསྟན་པ་དེས་ནི། བོད་སྨན་དུ་བཤད་པའི་སྤྲུ་དཀར་གྱི་འབྲས་བུ་དང་ལོ་སྡོང་སོགས་ཀྱིས་ཁྲག་གཅོད་པ་ཕུད། ཀྲུང་ལུགས་ཀྱིས་སྤྲུ་དཀར་རྩ་བ་ཁོ་ན་སྨན་དུ་སྦྱར་བས་ཀྱང་ཁྲག་གཅོད་པ་གསལ་པོར་བསྟན་པ་རེད། ཡང་དེ་རུ་མན་ངག་ཟབ་བཏུས་ལས། རྒྱུ་མ་ཁྲག་བཅས་བཤལ་ན་སྤྲུ་དཀར་ཆུང་བ་ཕྱེ་མ་ཞོ་དོ་རེ་འབྲས་བསྡུས་ཁུ་བས་དབུལ་བར་བྱའོ། །[12]217ཞེས་ཀྲུང་ལུགས་ཀྱིས་སྤྲུ་དཀར་གྱི་རྩ་བར་ཁྲག་གཅོད་ཀྱི་ནུས་པ་ལྡན་པ་ལག་ལེན་ཁྲོད་ར་སྤྲོད་མཛད་འདུག་པ་དང་། དེས་ནི་བོད་སྨན་གྱི་རྒྱུད་འགྲེལ་རྣམས་སུ། སྤྲུ་དཀར་གྱི་རྩ་བར་གནས་པའི་འབུ་ཞིག་ཡོད་པ་དེས་རྩ་ཁྲག་ཤོར་བ་སྡོམ་ཟེར་ཡང་། འབུ་མ་ཡིན་པར་སྤྲུ་དཀར་གྱི་རྩ་བ་ཁོ་ནས་ཀྱང་རྩ་ཁྲག་ཤོར་བ་སྡོམ་པ་ནི་ཀྲུང་ལུགས་མཁས་པ་ལི་ཧྲི་ཀྲེན་གྱིས་ཀྱང་ར་སྤྲོད་ཟབ་མོ་མཛད་འདུག་གོ །
གསུམ་པ། མན་ངག་རྒྱུད་དང་ཕྱི་མ་རྒྱུད་མཇུག་དོན་བསྡུས་པ་གསུམ་དུ་ཁྲག་གཅོད་སྨན་ལ་སྤྲུ་འབྲུ་སྦྱར་ཚུལ་འགོད་པ།
       དེ་ཡང་སྤྲུ་འབུ་དངོས་སུ་ཁྲག་གཅོད་སྨན་དུ་སྦྱར་བ་ཞིག་མཐོང་དཀོན་ཡང་། སྤྲི་འབྲུ་ཁྲག་གཅོད་སྦྱོར་བར་སྡེབ་ཡོད་པ་མན་ངག་རྒྱུད་དུ་ཡང་གསལ་པོར་གསུངས་འདུག་སྟེ། འབྲས་ནད་ཀྱི་བཅོས་སྐབས་སུ། རྩ་ཁ་ཤོར་ན་དོམ་མཁྲིས་ཐལ་བ་གཉིས། །སྤྲུ་འབྲུ་བུ་རམ་རིལ་བུས་རྩ་ཁ་བགག །[13]350ཅེས་ལྷན་སྐྱེས་རྨ་ལས་རྩ་འབྲས་བཅོས་པའི་སྐབས་སུ་རྩ་ཁ་ཤོར་ནས་ཁྲག་རྡོལ་ན་སྤྲུ་འབྲུ་ཁྲག་གཅོད་སྨན་དུ་བསྡེབས་ནས་གཏོང་བ་ཁ་གསལ་ཁུངས་དག་ཡིན་པ་དང་། འགྲེལ་བ་བེེ་སྔོན་དུའང་། ཤ་རོ་བཅད་པས་རྩ་ཁ་ཤོར་ན་དོམ་མཁྲིས་ཟ་འོག་ཅེས་གོས་ཆེན་དང་འགྲོན་བུའི་ཐལ་བ་གཉིས། སྤྲུ་འབྲུ། བུ་རམ་གྱི་རིལ་བུ་བྱས་པས་རྩ་ཁ་བགག །[14]136ཅེས་སྤྲུ་འབྲུ་ཡིན་པ་སྡེ་སྲིད་རིན་པོ་ཆེས་ཀྱང་བཞེད་འདུག །གསོ་བ་རིག་པའི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་རྣམ་བཤད་ཉུང་ངུ་གསལ་བའི་སྒྲོན་མེ་རུ་ཡང་། ཤ་རོ་བཅད་པས་རྩ་ཁ་ཤོར་ན་དོམ་མཁྲིས་དང་ཟ་འོག་དང་འགྲོན་བུའི་ཐལ་བ་གཉིས་དང་སྤྲུ་མའི་འབྲུ་རྣམས་བུ་རམ་གྱིས་རིལ་བུར་བྱས་པས་རྩ་ཁ་འགག་ཅིང་།[15]302ཞེས་སྤྲུ་འབྲུ་རྩ་ཁ་ཤོར་བའི་ཁྲག་གཅོད་བྱེད་ཡིན་པ་རྒྱུད་དང་ཆུ་ལ་ཆུ་བཞག་རེད། ཤིང་བཟའི་རྒྱུད་བཞིའི་མཆན་འགྲེལ་དུ་ཡང་། རྩ་ཁ་ཤོར་ན་དོམ་མཁྲིས་ཐལ་བ་གཉིས(ཟ་འོག་ཐལ་བ་དང་འགྲོན་ཐལ)། །སྤྲུ་འབྲུ་བུ་རམ་རིལ་བུས་རྩ་ཁ་བགག །[16]550ཅེས་གསུངས་འདུག་པ་དང་། མན་ངག་རྒྱུད་ཀྱི་མགོ་རྨ་གསོ་བ་ལས། རྩི་གསུམ་སྔོ་གསུམ(གུར་ཀུམ་དོམ་མཁྲིས་སྤྲུ་འབྲུ། གཉན་ཐུབ་རྟ་རྨིག་སྤྱི་ཞུར)ཁོང་ནས་སྡོམ་པའི་མཆོག །[17]424ཅེས་སྤྲུ་འབྲུ་བསྟན་འདུག །མན་ངག་རྒྱུད་ཀྱི་བྱང་ཁོག་སྟོད་སྨད་གསོ་བ་ལས། ར་ཁྲག་བསྲོས་པའི་ནང་དུ་སྤྲུ་འབྲུ་བསྡུས། །[18]447ཞེས་གསུངས། མན་ངག་རྒྱུད་ཀྱི་ཡན་ལག་གི་རྨ་གསོ་བ་ལས། སྨན་ནི་རྩ་ཆད་ཁད་སྤུ་འཛུད་པའི་སྨན(ལ་དབྱར་སྤྲུ་ལོ་དགུན་རྩ་བའི་རེང་བུ་ལ་གུར་ཀུམ་དོམ་མཁྲིས་ཉ་མཁྲིས་སྤྲུ་འབྲུ་བྱུགས་ལ་བརྫང་)། །[19]480ཞེས་པ། ཡང་མན་ངག་རྒྱུད་ཀྱི་ཡན་ལག་གི་རྨ་གསོ་བ་ལས། རྩ་ཡི་ཁྲག་ཤོར་གཅོད་སྐབས་སུ། ཁཎྜ་མཁྲིས་པ་གསུམ་དང་སྤྲུ་མའི་འབྲུ། །[20]491ཞེས་པ། ཡང་དེ་རུ་གུར་ཀུམ་སྤྲུ་འབྲུའི་ལྡེ་གུ་བྱུགས་ལ་བརྫང་། །[21]491ཞེས་ཁྲག་གཅོད་ཀྱི་སྦྱོར་བ་མང་པོར་སྤྲུ་འབྲུ་རབ་དང་རིམ་པ་ཡང་དང་བསྐྱར་དུ་གསུངས་འདུག་པ་མ་ཟད། ཕྱི་མ་རྒྱུད་ཀྱི་ཐང་གི་སྡེ་ཚན་དུའང་། སྤྲུ་རྩ་སྐྱེར་བ་མཁན་སྐྱ་རམ་པ་ཚོས། །བསྡུས་ཁུར་གུར་ཀུམ་དོམ་མཁྲིས་མི་མཁྲིས་དང་། །སྤྲུ་མའི་འབྲུ་དང་སྲན་མའི་མེ་ཏོག་བཏབ། །ཁྲག་ཤོར་མ་ལུས་ཁོང་དུ་སྦེད་པའི་མཆོག །[22]574ཅེས་ཁྲག་གཅོད་ཀྱི་ཐང་སྦྱོར་འདིར་ཡང་སྤྲུ་འབྲུ་དངོས་སུ་བསྟན་པ་མ་ཟད། རྒྱུད་བཞིའི་མཇུག་དོན་བསྡུས་པ་རུ་ཡང་། ཁྲག་གཅོད་སྤྲུ་འབྲུ་རྨ་ལ་དོམ་མཁྲིས་མཆོག །[23]654ཅེས་ཁྲག་གཅོད་ཀྱི་མཆོག་ནི་སྤྲུ་འབུ་མ་ཡིན་པར་སྤྲུ་འབྲུ་ཡིན་པ་ནི་གསོ་རིག་དཔལ་ལྡན་རྒྱུད་བཞིའི་མན་ངག་རྒྱུད་དང་། ཕྱི་མ་རྒྱུད། མཇུག་དོན་བསྡུས་པ་གསུམ་གྱི་དགོངས་པ་ཡིན་པ་ཁ་གསལ་གསུངས་འདུག་གོ །
བཞི་པ། ཕྱིས་ཀྱི་མཁས་པའི་སྨན་སྦྱོར་དུ་སྤྲུ་འབྲུ་སྡེབ་པ་འགོད་པ།
       ཁྲག་གཅོད་ཀྱི་སྦྱོར་བ་གཞན་དུ་ཡང་སྤྲུ་འབྲུ་སྡེབ་ཡོད་པའི་དཔེ་མཚོན་འདུག་སྟེ། མདོ་སྨད་ཀྱི་སྨན་རམས་པ་རྒན་ཚེ་བཀྲ་ཚང་གི་བོད་ཀྱི་གསོ་རིག་ལས་རྒྱུན་མཐོང་ནད་ཀྱི་རྟགས་དང་བཅོས་ཐབས་བཤད་པ་བློ་གསར་དགྱེས་པའི་དགའ་སྟོན་ལས། སྤྲུ་རྩ་བཅུ་བའམ་རྡོ་རྗེ་ཁྲག་གཅོད། སྤྲུ་ནག་རྩ་བ། སྐྱེར་ཤུན། རམ་པ། རྒྱ་སྐྱེགས། གུར་ཀུམ། དོམ་མཁྲིས། མི་མཁྲིས། སྤྲུ་མའི་འབྲུ། སྲན་མའི་མེ་ཏོག[24]143ཅེས་རྡོ་རྗེ་ཁྲག་གཅོད་དུ་སྤྲུ་མའི་འབྲུ་སྦྱར་ཡོད་པ་དང་། ལབ་སྐྱབས་མགོན་སྐུ་ཕྲེང་བཅུ་གཉིས་པ་དཔལ་དབང་ཆེན་གར་གྱི་དབང་ཕྱུག་དགྱེས་རབ་རྡོ་རྗེའི་སྨན་ཡིག་ཏུ་ཡང་། སྤུ་རྩ་དཀར་པོ་སྐྱེར་བའི་བར་ཤུན་དང་། །མཁན་སྐྱ་རམ་པ་རྒྱ་ཚོས་བསྡུས་ཁུ་ལ། །གུར་གུམ་དོམ་མཁྲིས་མི་མཁྲིས་སྤྲུ་དཀར་འབྲུ། །སྲན་མའི་མེ་ཏོག་ལྔ་བཏགས་བསྡེབས་པ་ཡིས། །སྤྲུ་རྩ་བཅུ་ཐང་ཁྲག་ཤོར་མ་ལུས་གཅོད། །[25]29ཅེས་ཁྲག་གཅོད་སྤྲུ་རྩ་བཅུ་ཐང་གི་སྦྱོར་བ་རུ་སྤྲུ་དཀར་གྱི་འབྲུ་བཏང་བ་ཁ་གསལ་གྱིས་གསུངས་འདུག །གསོ་རིག་མཁས་དབང་རྗེ་བསྟན་འཛིན་དོན་གྲུབ་ཚང་གི་སྤྲུ་རྩ་བཅུ་ཐང་ངམ་རྡོ་རྗེ་ཁྲག་གཅོད་དུའང་། སྤྲུ་རྩ(སྤྲུ་དཀར་རྩ་བ)། སྐྱེར་བ། འཁན་སྐྱ། རམ་པ། ཚོས། གུར་ཀུམ། དོམ་མཁྲིས། མཁྲིས་སྣའི་ཁཎཌ།(འདི་གཉིས་འཐུང་ཁར་འདེབས)སྤྲུ་མའི་འབྲུ། སྲན་མའི་མེ་ཏོག །[26]103ཅེས་དངོས་སུ་སྨན་སྦྱོར་དུ་སྤྲུ་འབྲུ་གསུངས་འདུག་གོ །
ལྔ་པ། རང་གིས་སྤྲུ་དཀར་གྱི་རྩ་བར་འབུ་མཆིས་མིན་བལྟས་པ།
       བཤད་པ་བརྒྱ་ལས་ལག་ལེན་གཙོ་བོ་རེད་སྙམ་སྟེ། ད་ལོའི་ཟླ་བརྒྱད་པར་བརྐོས་པའི་སྤྲུ་དཀར་གྱི་རྩ་བ་གྲིས་གཤགས་ནས་དེ་རུ་འབུ་མཆིས་མིན་ལ་བལྟས་པ་ཡིན། སྤྲུ་རྩ་ར་ལག་དྲུག་ཙམ་ལེགས་པར་གཤགས་ཏེ་འགོ་ནས་མཇུག་བར་ཞིབ་མོར་བལྟས་ཀྱང་། འབུ་ཆེ་བ་ལྟ་ཅི་ཆུང་ངུ་ཙམ་ཡང་མིག་ལམ་དུ་མཐོང་མ་བྱུང་བ་དང་། སྤྲུ་རྩ་དེ་དག་ཁོང་བ་དཀར་པོ་དཀར་གཙང་དུ་འདུག་པ་ནི། པར་རིས་ཇི་བཞིན་རེད། ཡིན་ན་ཡང་། མ་མཐོང་ཕྱིར་ན་མེད་མ་ཡིན་ཞེས་པ་ལྟར། ད་དུང་སྤྲུ་རྩ་གཞན་པ་མང་པོར་ཞིབ་བརྟག་བྱས་ན་དེ་རུ་འབུ་ཡོད་པ་ཡང་སྲིད་མོད། གང་ལྟར་ཐེངས་འདིར་རང་གིས་གཏུབས་གཤགས་བྱས་པའི་སྤྲུ་དཀར་གྱི་རྩ་བ་འདི་དག་ཏུ་འབུ་མཐོང་མ་བྱུང་ངོ་། །
དཔེ་རིས།༡ སྤྲུ་དཀར་གྱི་རྩ་བ།
དཔེ་རིས།༢ སྤྲུ་དཀར་གྱི་འབྲུ།
དཔེ་རིས།༣ སྤྲུ་དཀར་གྱི་རྩ་བ།
དཔེ་རིས།༤ སྤྲུ་དཀར་གྱི་རྩ་བ།
       གོང་གསལ་གྱི་པར་རིས་དག་ནི2022ལོའི་ཟླ8ཚེས12ཉིན་སྤྲུ་དཀར་གྱི་རྩ་བར་འབུ་མཆིས་མིན་རང་ཉིད་ཀྱིས་དངོས་སུ་པར་བརྒྱབ་པ་ཡིན།
མཇུག་བསྡུ་པ།
       འདི་ལྟར་མན་ངག་རྒྱུད་དང་། ཕྱི་མ་རྒྱུད། རྒྱུད་བཞིའི་མཇུག་དོན་བཅས་སུ་ཁྲག་གཅོད་ཀྱི་སྨན་དུ་སྤྲུ་དཀར་གྱི་འབྲུ་སྦྱར་ཡོད་པ་དང་། འབུམ་བཞི་རུ་སྤྲུ་འབྲུ་ཞེས་འཁོད་པ། འཁྲུངས་དཔེ་དང་། མཁས་པའི་ཉམས་ཡིག་སྣ་ཚོགས་སུ་ཡང་སྤྲུ་འབུ་མི་ཡིན་པར་སྤྲུ་དཀར་དང་སྤྲུ་དཀར་གྱི་རྩ་བ་སོགས་ཀྱིས་ཁྲག་ཤོར་གཅོད་པ། རང་གི་རྩད་གཅོད་ཉམས་ཞིབ་ཏུའང་སྤྲུ་དཀར་གྱི་རྩ་བར་འབུ་མ་མཐོང་བ། ཁྱད་པར་དུ་བོད་སྨན་གྱི་ཁྲག་གཅོད་ཀྱི་སྦྱོར་བ་སྤྲུ་རྩ་བཅུ་ཐང་སོགས་སུ་སྤྲུ་འབྲུ་དངོས་སུ་བསྡེབས་ཡོད་པ་བཅས་ལ་གཞིགས་ནས། བཤད་རྒྱུད་ནུས་པ་རྐྱང་སེལ་གྱི་སྤྲུ་མའི་འབུ་ཡིས་རྩ་ཁྲག་ཤོར་བ་སྡོམ། ཞེས་པ་དོན་དུ་དཔར་སྐྱོན་གྱིས་སྤྲུ་མའི་འབྲུ་ཡི་ར་བཏགས་ཆད་དེ་ཕྱིས་སུ་ནོར་བ་རྒྱུན་འབྱམས་ཀྱིས་སྤྲུ་མའི་འབུ་ཞེས་བྲིས་པ་གོར་མ་ཆག་སྙམ་མོ། །

དཔྱད་གཞིའི་ཡིག་ཆ།
[1] གཡུ་ཐོག་ཡོན་ཏན་མགོན་པོ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000.05 
[2] དཔྱད་བུ་ཁྲི་ཤེས། གསོ་རིག་འབུམ་བཞི། [M] མི་རིགས་དཔེ་སྐྲུན་ཁང་། 2005.06
[3] མཛོད་དགེ་ཉི་མ། ཕྱུགས་སྨན་གསལ་སྟོན་ཀུན་ཕན་བདུད་རྩིའི་འབྱུང་གནས། [M] མི་རིགས་དཔེ་སྐྲུན་ཁང་། 1987.09  
[4] བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན། སྔོ་འབུམ་སྨན་གྱི་གཏེར་མཛོད། [M] མི་རིགས་དཔེ་སྐྲུན་ཁང་། 2006.06
[5] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྒྲིག་སྒྱུར། མདོ་དབུས་མཐོ་སྒང་གི་སྨན་རིས་གསལ་བའི་མེ་ལོང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2009.01
[6] དེའུ་དམར་བསྟན་འཛིན་ཕུན་ཚོགས། ཤེལ་གོང་ཤེལ་ཕྲེང་། [M] མི་རིགས་དཔེ་སྐྲུན་ཁང་། 2001.05
[7] ལི་ཧྲི་ཀྲེན་གྱིས་བརྩམས། རྣམ་རྒྱལ་ཐར་གྱིས་བསྒྱུར། སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2020.12
[8] རྒྱུད་བཞིའི་གསལ་བྱེད་བེེཌཱུརྱ་སྔོན་པོ། སྨད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 2005.08
[9] རྩོམ་སྒྲིག་པ་གཙོ་བོ་ཚེ་བརྟན་འཇིགས་མེད། གསོ་བ་རིག་པའི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་རྣམ་བཤད་ཉུང་ངུ་གསལ་བའི་སྒྲོན་མེ། [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2015.08
[10] ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། ཤིང་བཟའི་རྒྱུད་བཞིའི་མཆན་འགྲེལ། [M] མི་རིགས་དཔེ་སྐྲུན་ཁང་། 2017.12
[11] སྨན་པ་ཚེ་བཀྲ། བོད་ཀྱི་གསོ་རིག་ལས་རྒྱུན་མཐོང་ནད་ཀྱི་རྟགས་དང་བཅོས་ཐབས་བཤད་པ་བློ་གསར་དགྱེས་པའི་དགའ་སྟོན། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2016.08
[12] མཁན་པོ་པདྨ་བཛྲ་སོགས། ལབ་སྐྱབས་མགོན་གྱི་སྨན་ཡིག། [M] མི་རིགས་དཔེ་སྐྲུན་ཁང་། 2007.12
[13] བཤེས་གཉེན་དམ་པ་ཤཱ་སའི་མཚན་ཅན་ནམ་བསྟན་འཛིན་དོན་གྲུབ། རྒྱ་བོད་ཀྱི་གཞུང་ཚད་ལྡན་རྣམས་ལས་བཏུས་པའི་ཉེར་མཁོའི་སྨན་སྦྱོར་འདོད་དགུའི་འབྱུང་གནས་གཞན་ཕན་རིན་ཆེན་བང་མཛོད། [M] མི་རིགས་དཔེ་སྐྲུན་ཁང་། 2017.05

རྩོམ་མཁན་ངོ་སྤྲོད།
       ཧྲོང་བོ་ཚེ་བརྟན་རྒྱལ། མཚོ་སྔོན་ཞིང་ཆེན་དར་མཚོ་རྫོང་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ།

རྩོམ་ཁུངས། ༢༠༢༤ལོའི«གངས་ལྗོངས་སྨན་རྩིས»དུས་དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།