འཆི་མེད་ཀྱི་ལྷུག་རྩོམ། སྒམ།

རྩོམ་པ་པོ།:འཆི་མེད།‍‍‍‍‍‍‍‍‍‍‍ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-05-23 08:40:12 ཀློག་གྲངས།:
སྒམ།
འཆི་མེད།

       ང་རང་ཐེ་བའི་མི་རབས་ལྔའི་རིང་གི་སྒམ་ཆུང་འདི། ད་ནས་མུ་མཐུད་མི་རབས་དུའི་རིང་བོར་སྟོར་དང་གད་སྙིགས་སུ་མ་གྱུར་པར་གནས་ཐུབ་བམ། ཟ་འགྲམ་སེ་མདས་ཟོས་པའི་ངས་ད་ཚོད་ཅིག་ལ་དེ་ལྟར་བསམ་བློ་བཏང་།
       རྒྱ་སྒོ་ཁྲོག་སེ་ཕྱེས་པ་དང་ཨ་མ་ཀས་སླེ་བོའི་ནང་དུ་ས་རྡུལ་དང་ཚི་དྲེག་གིས་ཟིན་པའི་སྒམ་ཆུང་ཞིག་ཁུར་ནས་བསླེབས།མོས་སྒམ་ཆུང་དེ་སར་འཇོག་ཞོར་ངའི་ཨ་མ་ལ་ཞི་མོར་ཟི་ལིང་ཏཱ་ཞོའོ(སློབ་ཆེན)ལ་འཁྱེར་རྒྱུའི་སྒམ་མེད་ན་འདི་ཁྱེར། སྒམ་འདི་ཡིན་པ་ཁྱོད་ཚང་གི་ཡིན་ཏེ། ཁྱོད་ཀྱིས་ང་ལ་ཅ་ལག་འཇོག་སྣོད་དུ་བྱིན་པ་དེ་རེད་ཟེར།
       སྒམ་དེ་ཡིན་པ་གྲུ་བཞི་ནར་མོ་ཞིག་ཡིན་ནའང་ལོ་ཟླའི་གཙུབ་བརྡར་གྱིས་སྟེང་འོག་གི་གྲུ་བརྒྱད་པོ་ཟད་དེ་ད་ལྟ་གྲུ་བཞི་ནར་མོ་ཞེས་པའི“གྲུ་བཞི”སྤྱོད་ཡུལ་མེད་པ་འདྲ།
       སྒམ་དེའི་ནང་དུ་བཟའ་དཔོན་ཞིག་གི་འཚོ་ཚིས་སྒྲུབ་བྱེད་དེ་ལྷམ་ཁྱིའུ། འདྲ་སྟེའུ། འབིག གསོ་མ། ཀོ་མཐེབ་སོགས་ཆ་ཚང་ཡོད་ཅིང་།  མེད་མུག་དང་བསྲི་ཚགས་ཀྱིས་བུ་ལའི་དྲ་རས་རེ་དང་སྲུབས་ཟན་གྱི་སྣ་སྣེ་རེ་ཡང་བསགས་ཡོད།
       རྗེས་ལ་ངའི་ཨ་མས་སྒམ་དེ་ཨ་མ་ཀར་ཅ་ལག་གི་སྣོད་དུ་བྱིན་པ་རེད་མོད། ཨ་མ་ཀས་ཟས་ཅོག་ཏུའང་སྤྱད་པ་ཡིན་ཟེར།
       ང་རང་སློབ་ཆེན་དུ་ཡིག་ཚད་ལོན་པ་དང་ཨ་མས་ང་ལ་མལ་གོས་གསར་བ་ཞིག་བཟོས་ནའང་དངོས་པོ་ཙག་ཙིག་བསྡུ་སའི་སྒམ་ཞིག་མེད་པའི་སྐབས་དེར། ཨ་མ་ཀས་ངེད་ཚང་གི་སྒམ་དེ་ཕྱིར་སྤྲད།
       གྲུ་བཞི་མ་མ་ཡིན་ལ་གྲུ་བཞི་ནར་མོའང་མ་ཡིན་པའི་སྒམ་དེའི་ཁ་ལེབ་ནི་སྟེང་གི་ཕྱེད་ཀ་དབྱེ་དགོས་པ་དེ་འདྲ་ཞིག་ཡིན་པས། ཕུ་བོས་དངོས་པོ་ཕར་འཇོག་ཚུར་ལེན་ལ་སྟབས་བདེ་མིན་པར་དམིགས་ནས་ཁ་ལེབ་ཕྱེད་ཀ་དེར་ཡང་འཛེར་མ་བརྡབས་ཤིང་། སྒམ་གྱི་སྟེང་ཆ་དང་བསྡུར་ན་ཞབས་ལ་ཚི་དྲེག་དེ་འདྲ་ཆགས་མེད་པ་སོགས་ཀྱིས་སྒམ་གྱི་སྟེང་འོག་བརྗེས་ཏེ་སོག་ལེ་སྤྱད་ནས་གསར་དུ་ཁ་ལེབ་བཏོད། སོག་ལེ་རྣོན་པོ་མིན་པའམ་ཕུ་བོར་ཤེད་ཤུགས་མེད་པ་ཅི་ཆ་མོད། སྒམ་གྱི་ཁ་ལེབ་ནི་མི་རྒན་ཞིག་གིས་སོ་ཤད་བྱས་ཏེ་བཟོས་པ་དང་འདྲ།
       ཁ་ལེབ་དྲས་པ་ན་དེ་འཛིན་བྱེད་ཀྱི་འཛེར་མ་མེད་པས། ཨ་མས་གང་ཞིག་ནས་བཙའ་སྐོགས་སུ་གྱུར་པའི་འཛེར་མ་ཆེ་ཆུང་མི་མཉམ་པ་གཉིས་བཙལ་ཡོང་ཞིང་། དེ་ལས་འཛེར་མ་ཆེ་བ་དེ་སྒམ་ཤིང་གི་མཐུག་ཚད་དང་དོ་མི་མཉམ་པས་ཆུང་བ་དེ་བརྡབས། ཡིན་ནའང་བཙའི་དབང་གིས་འཛེར་མས་ཁ་ལེབ་འཛིན་ཐུབ་ཀྱི་མེད་པས། ཨ་མས་རས་སྣེ་སྔོ་ནག་ཅིག་ལག་བཙེམས་བྱས་ཏེ་སྲིད་ལ་མཐོ་དོ་དང་ཞེང་ལ་སོར་གང་ཡོད་པ་ཞིག་སྒམ་གྱི་ནང་ངོས་ཀྱི་སྣེ་གཉིས་ལ་པར་འཛེར་གྱིས་མནན།
       དུས་དེ་ནས་སྒམ་ཁ་དལ་མོར་ཕྱེས་ན་ཁ་ལེབ་སར་མི་ལྷུང་།
       སྒམ་ལ་ཁ་ལེབ་གསར་དུ་བཏོད་པ་ན་སྟེང་གི་ཚི་དྲེག་དེ་རན་པོ་མེད་པས། ཕུ་བོས་སྒམ་ཧྲིལ་བོར་ལེན་བརྒྱབ་ནས་སྐྱ་བོར་བཟོས།
       ཕུ་བོས་སྒམ་སྐྱ་བོར་བསྐྱུར་ན་ཡག་པོ་མེད་པར་བསམས་པ་ལོས་ཡིན། མཚལ་ཞིག་བསྒྲུངས་ནས་སྒམ་ལ་བྱུགས་པ་ན། མ་གཞི་ནས་ཉུང་ཙམ་ལས་མེད་པའི་མཚལ་དེ་སྒམ་ལས་ཁོའི་ལག་པར་འགོས་པ་མང་བས། སྒམ་ནི་མདོག་གང་ལའང་མི་ཐེ་བའི་ཁྲ་ཁྲ་རིག་རིག་ཅིག་ཏུ་བསྒྱུར།
       ད་ནི་སྒམ་ལ་ཟྭ་ཞིག་ངེས་པར་མཁོ།
       ཕ་ལོ་ལགས་སྐུ་འཚོ་དུས་ངེད་ཚང་གི་སྦུག་ཁང་ནང་མའི་གྱང་ངོར་སྤྲད་ཡོད་པའི་རྨ་འབྲུག་ཁ་སྤྲོད་གསེར་ཚོན་ཅན་གྱི་སྒམ་ཞིག་ཡོད་པ་དེར་ནང་རྡིག་བཅུག་ཡོད་པས་ནམ་རྒྱུན་ཟྭ་བརྒྱབ་ཡོད་ལ། རྗེས་ལ་སྒམ་དུ་རླུང་ཆེན་ཡང་ཡང་གཡུགས་ཏེ་ཅི་ཡང་ལྷག་མེད་ནའང་། ཨ་མ་ལགས་ཀྱིས་སྔར་བཞིན་སྒམ་དེར་ཟྭ་བརྒྱབ་ནས་ཡོད།        ཉིན་ཞིག་ངས་ཨ་མར་ཟྭ་དེ་ང་ལ་སྤྲད་རོགས། ངའི་སྒམ་ལ་ཟྭ་ཞིག་མཁོ་རབས་ཞུས་པ་ན། ཨ་མས་ཁྱོད་ཀྱི་སྒམ་ལ་ཟྭ་ཡིས་ཅི་བྱ། ཁྱོད་ལ་སྒམ་ཁར་ཟྭ་བརྒྱག་དགོས་པའི་དངོས་པོ་ཅི་ཞིག་ཡོད་ཟེར།
       བདེན་ཡང་བདེན་ཏེ། ང་ལ་སྒམ་ཁར་ཟྭ་བརྒྱག་དགོས་པའི་དངོས་པོ་ཅི་ཡང་མེད།
       ཨ་མ་ལགས་བཞུད་རྗེས་ང་ཚོས་སྦུག་ཁང་གྱང་ངོས་ཀྱི་སྒམ་དེའི་ཁ་ཕྱེས་པ་ན། དེའི་ནང་དུ་ཕ་ལོའི་ཇ་ཕོར་སྤྲིན་རིས་མ་ཞུ་བ་གས་ཁ་ཤོར་ཡོད་པ་དེ་ལས་ཅི་ཡང་མི་འདུག
       ཨ་མས་མོའི་མི་ཚེ་གང་བོར་སྒམ་ལ་ཟྭ་བརྒྱབ་ནས་ཕ་ལོའི་ཇ་ཕོར་བསྲུངས་པ་རེད། ཁྲེལ་གཞུང་བསྲུངས་པ་རེད།
       སློབ་གྲྭར་བསླེབས་པའི་བདུན་ཕྲག་འགའི་རྗེས་ལ། ང་རང་ཐེ་བའི་དམའ་འབྲིང་ནས་ཐད་ཀར་སློབ་ཆེན་དུ་འཛུལ་བ་དག་རྒྱ་ཡིག་རྒྱ་སྐད་ལ་ཞན་པར་དམིགས་ཏེ། སློབ་གླིང་གི་བཀོད་སྒྲིག་འོག་ང་ཚོ་བུ་མོ་འགའ་རྒྱ་ཡིག་སྡེ་ཁག་གི་བུ་མོ་ཚོའི་ཉལ་ཁང་དུ་སྡེབ་སྒྲིག་བྱས།
       ང་རང་བགོས་ཡོད་པའི་ཉལ་ཁང་དེའི་བུ་མོ་རྣམས་ང་ལས་ལོ་རིམ་མཐོ་བ་དག་ཡིན་པས་སྔ་མོ་ནས་ཉལ་ཁང་དེའི་བདག་པོ་ལྟ་བུར་ཆགས་ཡོད། དེ་བས་ང་ལ་སྒོ་ཁའི་མལ་ཁྲི་ཐོག་ཆ་དེ་ལས་ལྷག་མི་འདུག
       ངས་མལ་ཁྲིའི་ཐོག་ཉལ་གོས་བཏིངས་ཤིང་ང་རང་གི་སྒམ་དེ་ཡང་སྔས་མགོར་བཞག་པ་ན། བུ་མོ་དེ་ཚོས་འུར་དིར་རེར་སྒམ་དེ་འདྲ་ཞིག་གང་ནས་བཙལ་ཡོང་བ་ཡིན་ནམ། སྒམ་དེར་ཅི་ཞིག་བསྡུས་ཡོད་དམ། སྒམ་དེ་འདྲ་ཞིག་སྔས་མགོར་བཞག་ན་མཛེས་པོ་མེད་ཚུལ་སོགས་གཅིག་གི་ཁ་ནས་གཅིག་གིས་ཕྲོགས་ཏེ་བཤད་པ་ན། སྤྱིར་ན་ང་རང་སློབ་མ་གསར་པ་ཡིན་ཁར་ལོ་ན་ཆུང་བ་དང་། རྒྱ་སྐད་ཡག་པོ་མི་ཤེས་པ་བཅས་ཀྱིས་ལྐུགས་པའི་བརྟུལ་ཞུགས་མི་འཛིན་རང་འཛིན་དང་། ཞོང་ཅི་ཡང་མི་གོ་ཁུལ་བྱས་ཏེ་ཁ་རོག་གེར་བསྡད།
       ཉལ་ཁང་གི་འགན་ཁུར་བ་ཝང་ཨན་ལཱན་ནི་ཁེངས་དྲེགས་ཅན་ཞིག་སྟེ། ནམ་རྒྱུན་སྐད་ཆ་མང་བོ་མི་བཤད་ཅིང་། དུས་རྒྱུན་རླུང་ལངས་ལངས་ལ་ཡོད་པ་ཞིག་ཀྱང་ཡིན་པས། ཉལ་ཁང་དེའི་བུ་མོ་གཞན་རྣམས་མོའི་གཡས་གཡོན་ན་ཕུག་རོན་འཁོར་འཁོར་བྱེད།
       ཉིན་ཞིག་སློབ་ཐུན་གྲོལ་ཏེ་ཉལ་ཁང་དུ་ལོག་པ་ན་ངའི་སྒམ་སྔས་མགོ་ནས་བླངས་ཏེ་མལ་ཁྲིའི་ཞབས་ན་མོ་རང་ཚོའི་ལྷམ་དང་མཉམ་དུ་བཞག་འདུག
       ཝང་ཨན་ལཱན་གྱིས་ཟས་ཕོར་མཆན་ལ་བཅུག་སྟེ་སྒོར་འགྲོ་ཞོར། ང་ཚོས་གྲོས་བྱས་ཏེ་ཁྱོད་ཀྱི་སྒམ་ཐང་ལ་བླངས་པ་ཡིན་ཟེར།
       རྒྱུན་དུ་མིག་ཟུམ་ཟུམ་དང་འཛུམ་དམུལ་དམུལ་ངང་ན་ཡོད་པའི་ཞའོ་སུའུ་རྒྱུགས་མ་འཚབ་ལ་ཝང་ཨན་ལཱན་སོགས་བུ་མོ་ཚོའི་རྗེས་སྙེག་ཞོར། མོ་རང་ཚོའི་གྲོས་གྲལ་དུ་ང་ཞུགས་མེད་ཨ་ཟེར་བཞིན་ང་ལ་ཀ་ར་ཐང་ཆུ་གཅིག་བྱིན་དེ་སོང་།
       དེ་ནས་ངས་ཡང་བསྐྱར་སྒམ་རང་གི་སྔས་མགོར་བཞག་རྗེས་ང་རང་ཡང་གུང་ཟས་བཟའ་བར་སོང་ནས་ཕྱིར་ལོག་པ་ན། མལ་ཁང་དུ་འུར་ཟིང་ཟིང་བྱེད་པ་ཉལ་ཁང་བར་ཁྱམས་ནས་གོ་ཞིང་། ཞའོ་སུའུ་ཡི་བཤད་ཞོར་དགོད་ཞོར་གྱི་སྐད་མགོ་ལྷག་ཏུ་མཐོ།
       ང་ཉལ་ཁང་དུ་ཐོན་པ་དང་མོ་རང་ཚོ་རང་རང་གི་མལ་ཁྲིའི་ཐོག་སོང་ཞིང་། ཚིག་གཅིག་ཀྱང་འཆད་མཁན་མི་འདུག
       ཝང་ཨན་ལཱན་གྱིས་ང་ལ་མིག་ཟུར་གྱིས་བལྟས་འདུག
       དུས་དེ་ནས་མོས་ང་ལ་མིག་ཟུར་ཁོ་ནས་བལྟ།
       ནུབ་ཅིག་ང་ཚོ་གཉིད་དུ་ཡུར་བའི་སྒང་ལ་ཁྲོག་ཁྲོག་གི་སྒྲ་ཞིག་གིས་ང་ཚོའི་གཉིད་སངས་སུ་བཅུག བུ་མོ་ཚོས་སྒྲ་དེ་གང་ནས་གྲག་པ་རེད་དམ་ཞེས་གཅིག་གིས་གཅིག་ལ་འདྲི།
       ཡིན་ནའང་སྒྲ་དེ་ངའི་སྒམ་ནང་ན་གྲག་གིན་པ་ང་ཁོ་ནས་ཤེས་ཤིང་། ངའི་མལ་གོས་སྟེང་གི་ཙིག་རྟུག་དེ་དག་ལས་སྒམ་དུ་ཙི་གུ་འཛུལ་ཡོད་པའང་ང་ཁོ་ནས་ཤེས།
       ཕྱི་ཉིན་ཉིན་གུང་སློབ་ཐུན་གྲོལ་ཏེ་ཉལ་ཁང་དུ་ཡོང་བ་ན། ཡང་བསྐྱར་ངའི་སྒམ་མལ་ཁྲིའི་འོག་ཏུ་བཞག་ཡོད་པར་མ་ཟད། མོ་རང་ཚོས་ང་སློབ་གྲྭར་ཡོང་ཁར་མལ་གོས་སྡོམ་བྱེད་བྱས་པའི་འབྲེང་རིལ་དེ་ཕྱིར་བླངས་ནས་ཧ་ཅང་སྐྲག་ཐག་ཆོད་པའི་བཟོ་བསྟན་དེ་འདི་ཅི་ཞིག་རེད། འདི་ཅི་ཞིག་རེད་ཅེས་ཕན་ཚུན་སྟེང་ལ་གཡུག་རེ་བྱེད་ཀྱིན་འདུག
       དེ་ནས་ཉལ་ཁང་མགོ་བས་ཁྱོད་ཀྱི་སྒམ་དུ་ཙི་གུ་འཛུལ་འདུག ཙི་གུ་དེ་ཡང་ཁྱོད་ཀྱི་སྔས་མགོ་ན་ཡོད་པའི་དྲོད་རླངས་སྦུ་གུ་བརྒྱུད་དེ་ཡོང་ཤག་རེད། ད་ནས་སྒམ་སྔས་མགོར་མ་འཇོག་ཟེར། ངས་ལན་ཅི་ཡང་མ་བཏབ།
       ནུབ་དེར་མལ་ཁྲིའི་འོག་ན་ཡོད་པའི་ངའི་སྒམ་ལས་ཁྲོག་ཁྲོག་གི་སྒྲ་སྔར་བཞིན་གྲགས་ཡོང་།
       མཚན་རེ་རེའི་ཙི་གུའི་ཁྲོག་སྒྲ་དེ་ངའི་སྒམ་སྔས་མགོར་བཞག་མ་བཞག་ལ་འབྲེལ་བ་གང་ཡང་མེད་དེ། གནད་དོན་ནི་ངའི་སྒམ་ནང་དུ་གོ་རེ་རུལ་བ་ཉུང་ཙམ་ཡོད་པ་དེ་ལན་པ་རེད།
       སྐབས་དེར་ངའི་སྣང་བར་ཟི་ལིང་ནི་ཕ་ཡུལ་དང་ཁ་ཐག་ཧ་ཅང་རིང་བའི་ས་མཐའ་ཞིག་ཏུ་བསམས་ཡོད་པས། ཕ་ཡུལ་ནས་ཁྱེར་ཡོང་བའི་ཨ་མའི་ལག་བཟོས་གོ་རེའི་འཕྲོ་མ་ཅུང་ཙམ་ཡོད་པ་དེ་རུལ་ནས་སྔོ་དྲེག་ལྟ་བུ་ཞིག་ཆགས་ཡོད་ནའང་མར་འདོར་མ་ཕོད། རྒྱུ་མཚན་ནི་གོ་རེ་རུལ་བ་དེ་མར་གཡུགས་པ་ནི་ངས་ཨ་མ་གཅིག་པུ་ས་མཐའ་ནས་ག་ཤེད་ཅིག་ཏུ་གཡུགས་པ་དང་འདྲ་བའི་གདུངས་པ་ཡོད་སྟབས། ད་གཟོད་མཚན་མོ་རེ་རེའི་ཙི་གུའི་འཇབ་རྒོལ་དང་སུན་གཙེར་མྱང་དགོས་བྱུང་།
       ནང་གི་གནད་དོན་ཐག་གིས་མ་བཅད་ན་ཕྱི་ནས་འགོག་རྒོལ་དང་འབད་ཐབས་ཅི་ཙམ་བྱས་ཀྱང་ངལ་བ་འབྲས་མེད་རེད།
       རེད་དེ། ད་ནི་ང་ལ་ཟྭ་ཞིག་ངེས་པར་མཁོ།
       སློབ་གྲྭའི་སྒོ་ཁ་ན་ལྕགས་དྲའི་སྟེང་ཟྭ་མང་བོ་བཀལ་ཏེ་འཚོང་གིན་པའི་རྒན་པོ་དེར་རིན་གོང་ཆེས་སླ་བའི་ཟྭ་གང་རེད་ཅེས་དྲིས་པ་ན། རྒན་པ་དེས་ཟངས་ཟྭ་ཞིག་བླངས་ནས་འདི་རེད་ཟེར་བ་དང་། ངའི་མཚར་ཉམས་ལས་ངའི་ཡིད་ལ་ཅི་ཞིག་དྲན་གྱིན་པ་ཕལ་ཆེར་མི་རྒན་དེས་ཤེས་སོང་བ་འདྲ་སྟེ་ཁོ་དགོད་ཞོར། ཟྭ་འདི་བརྒྱབ་རྗེས་ལྡེ་མིག་མི་དགོས། མར་འཐེན་ཙམ་གྱིས་ཁ་ངང་གིས་དབྱེ་ཡོང་། དགོས་ན་སྒོར་ཟུར་གཉིས་བྱིན་ཟེར། ངའི་སེམས་སུ་སྒམ་ནང་ན་འབྲེང་རིལ་དང་ཟས་ཡིག གོ་རེ་རུལ་བ་ཙམ་ལས་ཅི་ཡང་མེད་པས་ཟྭ་གོང་ཆེན་ཞིག་དགོས་དོན་མི་འདུག
       ཟྭ་ཆག་དེས་མ་ཆོག་པ་ཅི་ཡོད་སྙམ་བཞིན་ཟུར་གང་ཡིན་ན་ངས་ཉོ། དེ་མིན་མི་དགོས་ཞེས་པ་ན་ཆོག་དང་མི་ཆོག་མི་ལབ་པར་ཐད་ཀར་ཟྭ་ང་ལ་སྤྲད།
       ཟངས་ཟྭ་དེ་སྒམ་གྱི་ཟུར་ནས་དཔྱངས་པ་ནས། འོ། ཟངས་ཟྭ་ག་ལ་ཡིན། ཟངས་རྩི་བྱུགས་པའི་ཟྭ་རྫིག་པོ་དེ་སྒམ་གྱི་ཟུར་ནས་དཔྱངས་པ་ནས་མལ་གྲོགས་ཚོས་འབྲེང་བ་ཕྱིར་བཏོན་པ་མ་མཐོང་ལ་ཙི་གུའི་ཁྲོག་སྒྲའང་འཇགས་པར་གྱུར།
       དོན་གྱིས་རྫིག་རྫིག་ཐམས་ཅད་རང་བཞིན་གཅིག་པར་མཐོང་ལ། སེམས་ཀྱི་བཀག་རྒྱ་མང་དག་ཅིག་ཀྱང་རྣམ་རྟོག་གིས་བསྐྱེད་པ་དངོས་གནས་རེད།
       དུས་བདེ་ཞོད་འཇགས་ལ་ཞག་འགར་རོལ་རྗེས་ཀྱི་ནུབ་ཅིག མལ་གྲོགས་བུ་མོ་ཞིག་གིས་རྐང་བ་བཀྲུས་པའི་ཆུ་ཅུང་ཙམ་སར་ཕོས་པ་ཨར་འདམ་གྱི་སྲུབས་ཀ་བརྒྱུད་ནས་ཉལ་ཁང་འོག་མའི་ཟས་ཅོག་སྟེང་ཐིགས་པར་རྐྱེན་བྱས། ཉལ་ཁང་དེའི་བུ་མོ་ཚང་མ་རྫིག་རྫིག་ངར་ངར་གྱིས་ང་ཚོའི་མལ་ཁང་དུ་ཤོར་ཡོང་བ་དང་། ཅི་ཡིན་འདི་ཡིན་གང་ཡང་བཤད་ལོང་མེད་པར་ལག་ལ་ཅི་ཚུད་ཀྱིས་སུ་ལའང་བརྡེགས་ཤིང་། ལ་ལའི་སྐྲ་ནས་འཇུས། ལ་ལའི་ལྭ་ནས་འདྲུད། ཟས་ཕོར་དང་ཚ་དེམ། ཇ་ཕོར་དང་ཁྲུས་གཞོང་སོགས་བུ་ཡུག་འཚུབ་འཚུབ་ཀྱིས་ཡར་མར་ལ་གཡུགས་ཏེ་གཡུལ་འགྱེད་དྲག་ཏུ་བྱས།
       ཡིན་ནའང་ང་ཚོའི་ཉལ་ཁང་གི་འགན་འཛིན་མས་མོ་རང་གཉིད་གཏིང་ནས་ཁུགས་པས་ཅི་ཡང་མ་ཐོས་ཟེར།
       དུས་དེ་ནས་འགན་འཛིན་མ་མོ་ཡང་ས་སྙི་ས་ནས་གྲོ་མ་རྐོ་མཁན་ཞིག་ཡིན་པ་ཤེས་པར་གྱུར།
       ཕྱི་ཉིན་ནངས་མོ་ཞའོ་སུའུ་ཡིས་མིག་ཟུམ་ཟུམ་དང་འཛུམ་དམུལ་དམུལ་གྱིས་ངའི་ལག་པར་རེག་རེག མགོ་ལ་བྱིལ་བྱིལ་བྱེད་ཞོར་མདང་ཁྱོད་ལ་ཅང་ཁེལ་མ་སོང་ངམ་ཞེས་ང་ལ་ཀ་ར་ཐང་ཆུ་གཅིག་བྱིན།
       སློབ་མཐར་ཕྱིན་རྗེས་ང་རང་ཕ་ཡུལ་དུ་ལོག་པ་དང་སྒམ་ཡང་ང་དང་མཉམ་དུ་ཕ་ཡུལ་ལ་ལོག
       རྗེས་ལ་ལས་གནས་ཡར་བརྗེས་མར་བརྗེས་དང་སྡོད་ཁང་ཡང་ལན་མང་བརྗེས་པས་ང་རང་སྡོད་ས་རེ་རེར་སྒམ་ཁྱེར་མ་ཐུབ།
       སྡེ་བའི་ནང་ན་ང་ལ་ཡོད་པའི་ཁང་ས་དེའི་སྟེང་ལ་ངས་ཀྱང་ཁང་བ་ཐེབས་ཆག་ཅིག་ལས་ཡོད་ནའང་། བྱ་བའི་དབང་གིས་ང་རང་ཁང་བརྩེགས་ནང་དུ་རྒྱུན་སྡོད་བྱས་ཡོད་པས། སྒམ་དེ་སྡེ་བའི་ནང་གི་ཁང་བ་དེ་ན་བསྐྱུར་ཡོད།
       ལོ་ཤས་གོང་ནས་ཁང་བ་དེ་གཞན་ལ་གླས་པས། འབྲོག་ནས་ཡོང་བའི་དགོན་པར་ཕྱག་སྐོར་བྱེད་མཁན་དང་། ཁ་སྟོད་ནས་ཡོང་བའི་བྱིས་པ་རྫོང་མཁར་གྱི་སློབ་གྲྭར་སྐྱེལ་མཁན། རོང་འབྲོག་གཉིས་ཀྱི་མཚམས་ནས་ཡོང་བའི་ཚོང་ཙག་ཙིག་གཉེར་མཁན་སོགས་དུད་ཁྱིམ་ལྔ་ཙམ་གཅིག་ཏུ་འཚངས་འདུག་པས། ང་རང་ཁྱིམ་དེར་འགྲོ་རྒྱུ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར།
       ད་ལོའི་ལོ་སྟོད་ཀྱི་ཉིན་ཞིག་གློ་བུར་སྒམ་དེ་ཡིད་ལ་དྲན་པས་ང་རང་དེ་མ་ཐག་ཁྱིམ་དེར་སོང་བ་ན། ངའི་སྒམ་སྔར་གྱི་ཁ་མལ་དུ་མི་འདུག་པས་ངས་ཁང་བ་གླ་མཁན་རེ་རེར་སྒམ་གྱི་དབྱིབས་དང་ཆེ་ཆུང་། ཁ་མདོག་བཤད་དེ་དྲིས་མོད་ཚང་མས་མ་མཐོང་ཟེར།
       དེ་ནས་ངས་ཁང་མིག་རེ་རེའི་སྒོ་ཕྱེས་ཏེ་བཙལ་པ་ན་ཁོ་ཚོས་ང་ལ་མ་དགའ་བའི་རྣམ་འགྱུར་སྣ་ཚོགས་སྟོན། ཅི་ཞིག་ཤབ་ཤུབ་སྨྲ།
       བཙལ་བཙལ་མཐར་སྒོ་ཁའི་རྡོ་སོལ་ཁང་ནས་ད་གཟོད་རྙེད་བྱུང་།
       ཁ་ཚ་དང་སྐོམ་ཆུ་སོགས་ཞོར་ཟས་ཙག་ཙིག་བཤམས་པའི་ཚོང་བ་དེ་ཚང་གིས་རྡོ་སོལ་ཁང་དུ་ཨོང་བ་བླུགས་འདུག་ཅིང་། ངས་ཨོང་བ་ཡར་སློག་མར་སློག་བྱས་པ་ན་སྒམ་གྱི་ཟུར་ཞིག་མཐོང་བྱུང་ཡང་། སྒམ་གྱི་སྟེང་དུ་ཨོང་བ་བླུགས་པའི་སྒྱེ་མོ་འགའ་བརྩིགས་ཡོད་པས་སྒམ་ཕྱིར་ལེན་ཐབས་བྲལ།
       ཚོང་བ་བུད་མེད་དེར་ངས་དེ་རིང་སྒམ་གན་འཁྱེར་རྒྱུ་ལབ་པ་ན་མོས་སྒམ་དེ་ང་ལ་དགོས་མཁོ་ཡོད་པ་ཤེས་སོང་བས་ཡིན་ནམ། སྒམ་ནང་དུ་ངེད་ཚང་གི་དངོས་པོ་ཡོད། དེ་དག་གང་དུ་གཞག་དགོས་ཟེར། ངས་དེར་མི་སྐྱོན། ཁྱོད་ལ་ཚབ་ཏུ་སྒམ་ཞིག་ཉོ། ཡང་མིན་ན་སྒོར་འགའ་སྟེར་ཟེར་བ་ན་སྒམ་ངས་ཉོ་ཆོག་ཟེར་བས་ངས་མོར་སྒོར་འགའ་བྱིན།
       ཡང་མོས་སྒམ་ཐོག་གི་ཨོང་སྒྱེ་དེ་དག་ཕྱིར་ལེན་དགོས་ན་ཚེགས་ཆེ་བ་ལ་ཞེས་འཁང་ར་བཏོན།
       ངས་ཀྱང་མོའི་ཧ་གོ་སྟེ་ཡང་བསྐྱར་སྒོར་འགའ་སྤྲད་ནས་སྒམ་ཕྱིར་བླངས་ཏེ་ཁ་ཕྱེས་པ་ན། སྒམ་ནང་དུ་རྐང་རུལ་འཐུལ་འཐུལ་གྱི་ཆ་མི་མཉམ་པའི་ཨ་ཀྲད་གསུམ་ལས་ཅི་ཡང་མི་འདུག
       དེའི་མུར་བུད་མེད་དེས་ཨ་ཙི་ལྷམ་ངན་འདི་དག་སུས་འདིར་བཞག་པ་ཡིན་ནམ་ཟེར་བཞིན་གད་སྙིགས་སུ་གཡུགས།
       ངས་རང་ཁྱིམ་ནས་རང་གི་དངོས་པོ་ལེན་པར་སྒོར་མོ་སྤྲད་དེ་རང་དང་སྐྱིད་སྡུག་མཉམ་ཁུར་བྱས་མྱོང་བའི་ངའི་སྙིང་ཉེ་བའི་སྒམ་ཁྱེར་ནས་ད་ལྟའི་སྡོད་ཁང་དུ་ལོག
       ངའི་ཕ་ལོས་སྒམ་དེ་ལྷམ་འདེབས་ཀྱི་ལག་ཆ་བསྡུ་ས་བྱས། ཨ་མ་ཀས་ཟས་ཅོག་དང་ཀ་ཅའི་སྣོད་མཉམ་དུ་བྱས། ངས་འབྲེང་རིལ་དང་གོ་རེ་གཞག་ས་དང་། སྐབས་སྐབས་སུ་ཟས་ཅོག་དང་ལན་རེར་ཉལ་ཁང་ནས་ལས་བྱ་འབྲི་དུས་སྤྱད།
       སྒམ་ཡིན་ཡང་ངའི་གམ་ནས་གོས་སྒམ་དང་དཔེ་སྒམ་དུ་འགྱུར་མ་ཐུབ་ཀྱང་སྒམ་དེས་སྤྱི་ཚོགས་ཀྱི་ངོས་སྣ་ཚོགས་ཤིག་མངོན་ལྐོག་གང་རུང་ནས་ང་ལ་བསྟན་པས། རྩོམ་འདི་འབྲི་དུས་ཡིད་སེམས་བློང་བློང་བོས་ཅི་འདི་མེད་པར་ཁ་བྱང་ལ་སྒམ་ཞེས་བཏགས། དོན་གྱིས་རྩོམ་འདིར་མིང་ཅི་ཞིག་བཏགས་ན་འཚམ་པ་ངས་ཀྱང་མི་ཤེས།
       ང་རང་ཐེ་བའི་མི་རབས་ལྔའི་རིང་གི་སྒམ་ཆུང་འདི། ད་ནས་མུ་མཐུད་མི་རབས་དུའི་རིང་བོར་སྟོར་དང་གད་སྙིགས་སུ་མ་གྱུར་པར་གནས་ཐུབ་བམ། ཟ་འགྲམ་སེ་མདས་ཟོས་པའི་ངས་ད་ཚོད་ཅིག་ལ་དེ་ལྟར་བསམ་བློ་བཏང་།

༢༠༢༥.༡.༦ཉིན་རེབ་གོང་དུ།

རྩོམ་ཁུངས། ༢༠༢༥ལོའི«གངས་དཀར་རི་བོ»དེབ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།