འཐེན་སྒྲོག སྲུབས་མེད་ལྭ་བ་ཨེ་མ་མཚར།

རྩོམ་པ་པོ།:སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2025-06-05 09:12:36 ཀློག་གྲངས།:
       དུས་རབས20པའི་ནང་དུ། གསར་གཏོད་ཆུང་ཆུང་ཞིག་གིས་བྱས་རྗེས་ངོ་མཚར་ཆེ་བ་བསྐྲུན། ཕར་བལྟས་ན་གསར་གཏོད་ཆུང་ཆུང་ཡིན་པ་དེ་དང་ཐོག“ཡར་འཐེན་མར་འཐེན་བྱས་ཆོག་པའི་སྒྲོག་གུ”ཙམ་ཞིག་ཡིན་པའི་ཆ་ནས། དེར་ཡིད་འཇོག་བྱེད་མཁན་མང་པོ་མེད། དུས་ད་ལྟ་དེ་མཁའ་སྐྱོད་དང་དབྱིངས་སྐྱོད། དམག་དོན། སྨན་བཅོས། དམངས་སྤྱོད་ལ་སོགས་པའི་ཁྱབ་ཁོངས་སོ་སོ་ཡོངས་སུ་ཁྱབ་མེད་ས་མེད། གསར་གཏོད་དེ་ནི་འཐེན་སྒྲོག་ཡིན་ཏེ། གོན་ཆས་དང་སྒམ་ཁུག དེ་མིན་ཉིན་མཁོའི་དངོས་རྫས་ཡོད་དོ་ཅོག་གི་སྟེང་ནས་དངོས་པོ་ཆུང་ཆུང་དེ་མཐོང་ཐུབ་ཅིང་། དེས་འགྲོ་བ་མིའི་འཚོ་བར་ཤུགས་རྐྱེན་ཧ་ཅང་ཆེན་པོ་བསྐྱེད་ཅིང་མུ་མཐུད་དུ་སྐྱེད་ངེས་ཡིན་ནོ། །
       དེང་གི་དུས་འདིར། འཐེན་སྒྲོག་ནི་ནུ་ཁེབས་དང་སྙུ་གུ་རྩེ་རིལ་ལ་སོགས་པའི་གསར་གཏོད་ཆུང་ཆུང་དེ་དག་དང་འདྲ་བར་འཛམ་གླིང་ཡོངས་སུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་ཀྱིན་ཡོད་པར་མ་ཟད། དེང་རབས་ཀྱི་ཚན་རྩལ་གྱིས་ད་རུང་འཐེན་སྒྲོག་གིས་བྱ་བ་ཀུན་ཐུབ་ཡིན་པ་གསལ་སྟོན་བྱེད་ཀྱིན་མཆིས—ཨོ་སི་ཐྲི་ཡའི་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་གིས་འཐེན་སྒྲོག་སྐྱེས་པ་ཞིག་གི་ཕོ་བའི་སྟེང་དུ་བཙེམས་པ་དང་། ད་རུང་འཐེན་སྒྲོག་ཅིག་ཡང་དང་འོར་གྱིས་གཤག་བཅོས་བྱེད་དགོས་པའི་ནད་པ་ཞིག་གི་གསུས་པའི་སྟེང་དུ་སྤྲད་འདུག བཤད་ཚུལ་ལྟར་ན། གཤག་བཅོས་འཐེན་སྒྲོག་དེས་དུས་ཚོད་སྐར་མ་གཉིས་ཙམ་གྱི་ནང་དུ་རྨ་ཁ་རུབ་པར་བྱེད་ཐུབ་མོད། འོན་ཀྱང་སྲོལ་རྒྱུན་གྱི་ཤ་བཙེམས་པའི་ཐབས་ལ་སྤྱིར་བཏང་དུ་དུས་ཚོད་སྐར་མ30དགོས་པ་རེད། དེའི་སྟབས་ཀྱིས་འཐེན་སྒྲོག་བུད་དེ་དུས་ཡུན་ཐུང་ཐུང་མི་ལོ་བདུན་ཅུ་ནས་བརྒྱད་ཅུ་ཙམ་མ་གཏོགས་འགོར་མེད་ཀྱང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། དེང་འདིར་ཁོ་བོས་འཐེན་སྒྲོག་གཏན་ནས་བཀོལ་སྤྱོད་བྱས་མ་མྱོང་ཞེས་ཤོད་ཐུབ་པའི་མི་ཞིག་ཡོད་མི་དཔེ།
       1893ལོར། ཨ་རིས་མཚོ་སྐྱོད་པ་སྐད་གྲགས་ཅན་གྱིས་གླིང་ཆེན་ཨ་རིའི་སྐམ་ས་ཆེན་པོ་རྙེད་པར་དྲན་གསོ་ཞུ་ཆེད། གྲོང་ཁྱེར་ཀྲི་ཅ་ཀོ་ནས་ཁོ་ལོམ་པུའུ་འཛམ་གླིང་བཤམས་སྟོན་འདུ་ཚོགས་བསྡུས། ཚོགས་ཐོག་ཏུ་མིང་ལ་ཅ་ཏི་སིན་ཟེར་བའི་ཨ་རིའི་བཟོ་བཀོད་པ་ཞིག་གིས་རང་ཉིད་ཀྱི་གསར་གཏོད་གསར་པ—ཡར་འཐེན་མར་འཐེན་བྱས་ཆོག་པའི་སྒྲོག་གུ་ཀུན་ལ་བསྟན། དེ་ནི་དེང་སང་གི་འཐེན་སྒྲོག་གི་ཐོག་མའི་རྣམ་པ་རེད།
       ཡིན་ནའང་དང་ཐོག་ཐོན་སྐྱེད་བྱས་པའི་འཐེན་སྒྲོག་ནི་སྤུས་ཀ་ཅུང་ཞན་པས། འཐེན་ནས་བརྒྱབ་ཚེ་ཡང་བསྐྱར་ཁ་ཤོར་སླ་བ་མིན་ན། ཡར་འཐེན་མར་འཐེན་བྱེད་ཚེ་ཐོགས་ནས་མི་རྒྱུག་པ་ཞིག་ཡིན་པས། “འཐེན་ན་འཕྲོད”ཅེས་པའི་ཚོང་རྟགས་ཐོ་རུ་བཀོད་པའི་འཐེན་སྒྲོག་ཐོན་སྐྱེད་སྤྱི་གཉེར་ཁང་དང་པོ་དེ་ཚོང་མ་རྒྱུག་པ་དང་མ་རྩ་ཆག་པས་མྱུར་མོར་གུད་ནས་སྒོ་བརྒྱབ་སོང་། 1905ལོར། འཐེན་སྒྲོག་བཟོ་སྐྲུན་འཕྲུལ་འཁོར་དེ་འཁོར་སྐྱོད་བྱེད་མགོ་ཚུགས་ན་ཡང་ཐོན་རྫས་ཀྱི་སྤུས་ཀ་སྔར་མུས་བཞིན་ཞན་པ་རེད། 1912ལོར་སི་ཝེས་དན་གྱི་བཟོ་བཀོད་པ་སིན་ཏི་པ་ཁིས་ཅ་ཏི་སིན་གྱི་གསར་གཏོད་ལ་ལེགས་བཅོས་བྱས་པ་སྟེ། སྒྲོག་སོའི་ལྟག་རྒྱབ་ཏུ་གཅིག་གིས་གཅིག་ལ་སོ་འདེབས་ཐུབ་པ་ཞིག་བཟོས་པས། འཐེན་སྒྲོག་འཐེན་ཟིན་ཚེ་ཁ་འཕྲོད་པོ་ཡིན་ལ་སྲ་མོ་ཡང་ཡིན་པར་མ་ཟད། སྔོན་དང་བསྡུར་ན་ཤིན་ཏུ་ཞིབ་ཚགས་མཐོང་སྣང་མཛེས་པོ་ཞིག་འདུག སིན་ཏི་པ་ཁིས་མ་གཞིར་རང་ཉིད་ཀྱིས་ལེགས་བཅོས་བྱས་པའི་འཐེན་སྒྲོག་དེ་བུད་མེད་ཚོའི་ལྭ་བའི་སྟེང་དུ་སྤྲོད་འདོད་པ་ཡིན་ཡང་། བུད་མེད་སྤུན་ཟླ་ཚོ་འཐེན་སྒྲོག་རང་ཤུགས་སུ་ཁ་ཤོར་ནས་ངོ་ཚ་ཉོ་བར་དོགས་པས། འཐེན་སྒྲོག་ཅན་གྱི་ལྭ་བ་ཡུན་རིང་ལ་ཁྱབ་གདལ་དུ་གཏོང་མ་ཐུབ།
       དེ་ཡང་དུས་སྐབས་དེ་ཏག་ཏག་ལ། སྟེས་དབང་གིས་བྱུང་བའི་དོན་རྐྱེན་ཞིག་གིས་འཐེན་སྒྲོག་གི་ཚེ་སྲོག་གི་འཕེལ་རིམ་བསྒྱུར་འབྲི་བྱས—གྲོང་ཁྱེར་ཕེ་རིས་ཀྱི་གནམ་གྲུའི་ཁ་ལོ་པ་ཞིག་གིས་གནམ་གྲུ་བསྐོར་ནས་འཕུར་སྐྱོད་འཁྲབ་སྟོན་བྱེད་སྐབས། སྒྲོག་གུ་ཞིག་ཆད་ནས་འཕྲུལ་འཁོར་ནང་དུ་ལྷུང་བས་གནམ་གྲུ་དང་མི་ཚང་མ་བརླགས་པའི་ཆག་སྒོ་བྱུང་། བྱུར་རྐྱེན་ཚབས་ཆེན་དེའི་སྟེང་ནས་སིན་ཏི་པ་ཁིས་ཡངས་ཤིང་ཆེ་བའི་མདུན་ལྗོངས་ཚད་མེད་པ་ཞིག་མཐོང་བས། ཁོང་གིས་ལམ་སང་དམག་དོན་སྡེ་ཁག་དང་འབྲེལ་གཏུག་བྱས་ཏེ་འཕུར་སྐྱོད་ཀྱི་དམག་ལྭ་འཐེན་སྒྲོག་ཅན་གསར་པ་འཚེམ་བཟོ་བྱེད་རྒྱུའི་གྲོས་གཞི་བཏོན། ཚོད་ལྟས་བཀོལ་སྤྱོད་བརྒྱུད་དེ་དམག་ལྭ་དེ་རིགས་ལ་དགའ་བསུ་ཆེན་པོ་ཐོབ་པར་ར་སྤྲོད་བྱུང་། དེ་ནས་མཚོ་དམག་དང་སྐམ་དམག་གིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་དེའི་ལད་མོ་བྱས་སྟབས། དུས་དེ་ནས་བཟུང་འཐེན་སྒྲོག་གིས་འཆི་ཁར་གསོན་ལམ་རྙེད་པ་ནང་བཞིན་ཆགས་ཏེ། དེ་ཤེས་མཁན་ཉིན་རེ་བཞིན་ཇེ་མང་དུ་སོང་ལ། མི་རྣམས་དེར་ཞེ་ལོག་སྟེ་སྤངས་པ་ནས་ཉིན་རེ་བཞིན་ངོ་སོ་བསྟོད་པར་གྱུར།
       1924ལོར། ཨ་རིའི་ཀུའུ་ལི་ཆི་སྤྱི་གཉེར་ཁང་གིས་སིན་ཏི་པ་ཁིའི་ལག་ནས་ཆེད་ཕན་ཉོས་ཏེ་འཐེན་སྒྲོག་ཐོན་སྐྱེད་བྱེད་མགོ་ཚུགས་པ་ལས་གཞན། ད་རུང་དེ་ཡར་འཐེན་མར་འཐེན་བྱེད་ཚེ་སི་སྒྲ་གྲགས་པ་གཞིར་བཟུང་ནས“zipper”ཞེས་པའི་མིང་བཏགས་པ་དང་། དེ་ནི“འཐེན་སྒྲོག”གི་དོན་ཡིན་ལ། ZIPPERཡི་འཐེན་སྒྲོག་གི་ཚོང་རྟགས་ཇུས་འགོད་བྱས་སྟབས། ཐོན་རྫས་དེར་བཅའ་ཁྲིམས་ཀྱི་འགན་སྲུང་ཐོབ།
       1931ལོར། འཐེན་སྒྲོག་མི་རྣམས་ཀྱིས་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་མགོ་ཚུགས་ཤིང་། སྣ་ཁའང་འཛད་མེད་རིམ་བྱུང་གིས་ཇེ་མང་དུ་སོང་། 1953ལོར། འཇར་མན་གྱི་ཨོ་ཕུའུ་ཐིས་སྤྱི་གཉེར་ཁང་གིས་སྤོས་འགྱིག་འཐེན་སྒྲོག་གིས་ལྕགས་རིགས་འཐེན་སྒྲོག་གི་ཚབ་བྱེད་པ་ལེགས་འགྲུབ་བྱུང་བས། འཐེན་སྒྲོག་བཟོ་བའི་མ་གནས་ཆེས་ཆེར་གྲོན་ཆུང་བྱས། དུས་ད་ལྟ། བཤད་ཚུལ་ལྟར་ན་འཛམ་གླིང་ཡོངས་སུ་ལོ་རེར་གསར་དུ་བཟོས་པའི་འཐེན་སྒྲོག་གཅིག་ལ་གཅིག་མཐུད་ན། དེའི་རིང་ཚད་ཀྱིས་སའི་གོ་ལར་དཀྲི་བཅུ་ཕྲག་ཕོག་པ་ཡིན་སྐད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།