ནང་བསྟན་ཆོས་ལུགས་ཀྱི་རིན་ཐང་གླེང་བ།

རྩོམ་པ་པོ།:མཁན་པོ་བསོད་ནམས་དར་རྒྱས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-18 09:52:00 ཀློག་གྲངས།:
                                             མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དྲི་བ་དྲི་ལན།
1 དྲི་བ། ང་རང་ནི་སློབ་གྲྭའི་དགེ་རྒན་ཞིག་ཡིན། ད་ལྟ་དཔལ་འབྱོར་སྤྱི་ཚོགས་ཀྱི་དབང་གིས། ང་ཚོ་བོད་ཀྱི་རྒན་དར་གཞོན་གསུམ་གྱི་གཤིས་ཀ་དེ་གནའ་སྔ་མོ་ལྟར་མ་ཡིན་པར། ཇེ་ངན་དུ་འགྲོ་བཞིན་ཡོད་པ་དང་། ཁྱད་པར་ན་གཞོན་ཚོས་རྒན་པ་ལ་བཀུར་བཟོ་དང་རང་ལས་གཞོན་པ་ལ་བྱམས་སྐྱོང་སོགས་ཀྱི་ཐད་ཡ་རབས་ཀྱི་བྱ་སྤྱོད་དེ་འགྱུར་ལྡོག་བྱུང་ནས། ཇེ་ངན་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་དག་གང་ཡིན་པ་དང་། ཁྱད་པར་ཁྱེད་ཀྱི་བསམ་བློ་བཏང་ན་བསམ་སྤྱོད་ངན་པ་འདི་རིགས་ཇི་ལྟ་བུའི་སྒོ་ནས་བསྒྱུར་བཅོས་བྱས་ཏེ་བོད་པའི་གཤིས་ཀ་ཡག་པོ་ཞིག་རྒྱུན་འཛིན་བྱེད་པའི་ཐབས་ལམ་སྐོར་བཀའ་སློབ་གནང་བར་ཞུ།
ལན། ད་དགེ་རྒན་ཁོང་གིས་དྲི་རྒྱུ་དེ་ནི་ཁ་སང་དེ་རིང་གི་དུས་ཚོད་ལ་མཚོན་ན་གནད་དུ་སྨིན་པའི་དྲི་བ་ཞིག་རེད། དེང་སྐབས་ཀྱི་གཞོན་པ་ཚོའི་གཤིས་ཀ་དེ་དངོས་གནས་འགྱུར་བཞིན་ཡོད་པ་རེད། གཤིས་ཀ་འགྱུར་བའི་རྒྱུ་མཚན་གཙོ་བོ་དེ་ནི་ངས་བལྟས་ན། རྒྱུན་གྱི་སློབ་གསོ་དང་རང་ཉིད་དགའ་ཕྱོགས་ཀྱི་ཆོས་ལུགས་ལ་འབྲེལ་བ་ཡོད་སྙམ།
      དཔེར་ན་རྒྱ་ནག་གི་དབང་དུ་བྱས་ན། སྔོན་ཆད་ཡ་རབས་བཟང་པོ་རྣམས་ཀྱིས། གོང་མ་ལ་གུས་པ་དང་འོག་མ་ལ་བྱམས་སྐྱོང་གི་ལུགས་སྲོལ་དེ་ཉིད་རྒྱ་ནག་གི་ཁུང་ཙི་དང་མོང་ཙི། ཤིན་ཙི་ཟེར་བ་སོགས་ཀྱི་དུས་སྐབས་ན་ཡོད་པ་དེ་རོའུ་ལུགས་ཀྱི་གྲུབ་མཐའ་ལས་བྱུང་བ་རེད། དེང་སང་འདྲ་མཉམ་གྱི་ལྟ་བ་ཟེར་ནས། རྒན་གཞོན་དང་དགེ་སློབ་སོགས་ཐམས་ཅད་ནང་ཕན་ཚུན་བརྩི་བཀུར་མེད་པའི་ལུགས་སྲོལ་ངན་པ་ཆགས་དང་ཆགས་བཞིན་པ་ཡིན། བོད་པར་མཚོན་ན་ཡང་དེའི་ཤན་ཞུགས་ཏེ་སྲོལ་ངན་དེ་ཚོ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། འདི་དག་ནི་རིག་གནས་གསར་བརྗེ་ཆེན་པོའི་གནས་སྐབས་སུ་གནའ་ནོན་སོགས་སུ་ཁ་གཡར་ཏེ་ཡ་རབས་སྲོལ་བཟང་རྣམས་བསྣུབས་ཏེ་གཅིག་གིས་གཅིག་ལ་གུས་བཀུར་བྱེད་པ་དེ་ཡག་པོ་མ་རེད་ཟེར་ཞིང་། གྲལ་རིམ་འཐབ་རྩོལ་ཡུན་རིང་བྱས་པ་དང་། ནུབ་ཕྱོགས་ཀྱི་ཚང་མ་འདྲ་མཉམ་ཟེར་བའི་ལྟ་བ་གསར་བ་མང་པོ་ཞིག་རྒྱ་ནག་དང་བོད་ཁམས་སུ་དར་བ་དང་། དེ་བཞིན་དུ་རྒྱ་ནག་གི་དངོས་གཙོ་སྨྲ་བ་དེ་རིགས་ཀྱི་ཤུགས་རྐྱེན་གྱིས་ང་ཚོ་བོད་ཡུལ་གྱི་ཁ་སང་དེ་རིང་གི་ལོ་ཆུང་མང་པོ་ཞིག་གི་སེམས་རྩ་དེ་འགྱུར་ནས། གཅིག་ནས་དཀོན་མཆོག་གསུམ་ལ་དད་པ་མེད་པ་དང་གཉིས་སུ་རྒན་པ་ལ་གུས་བཀུར་མི་བྱེད། གསུམ་དུ་ངོ་ཚ་དང་ཁྲེལ་མེད་ཀྱི་བྱ་བ་མང་པོ་ཞིག་དར་ཡོང་བཞིན་ཡོད། འདིའི་ཐད་ལ་ཐབས་ཚུལ་ཅི་ཞིག་ཡོད་པ་རེད་ཟེར་ན། ངས་བལྟས་ན་ཐབས་ཚུལ་གཅིག་སྟེ་སློབ་གྲྭ་ཆེན་མོ་ཚོས་སློབ་གསོའི་ཁ་ཕྱོགས་འདི་ལ། བོད་ཀྱི་སྲོལ་རྒྱུན་ཐད་ནས་དགེ་རྒན་ཚོས་སློབ་གསོ་ཡག་པོ་གཏོང་རྒྱུ་དེ་དང་། ང་ཚོ་རབ་ཏུ་བྱུང་བའི་སྡེ་ཁག་གིས་རབ་བྱུང་གི་སྡེ་ཁག་གཙོ་བོར་བྱས་ནས་ཚང་མ་ལ་སློབ་གསོ་བྱེད་རྒྱུ། གཞན་ཡང་ཕྱོགས་སོ་སོར་སོང་ནས་ཞིང་འབྲོག་མི་དམངས་ལ་སློབ་གསོ་གཏོང་རྒྱུ་དེ་གལ་ཆེ་བར་འདུག སློབ་གསོའི་ནང་དོན་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་སམ་ལུགས་ཀྱི་བསྟན་བཅོས་དང་། ཆོས་ཀྱི་ནང་དོན་སྐོར་གཞིར་བཟུང་ན་ཧ་ཅང་ཡག་པོ་འདུག་སྙམ།  དེ་ལྟར་བྱས་ན་རིམ་གྱིས་མི་རྣམས་ཀྱི་རྒྱུད་ལ། དད་པ་དང་སྙིང་རྗེ་སོགས་བསམ་པ་བཟང་པོ་ཞིག་ཆགས་ཏེ་བོད་འདི་བོད་ངོ་མ་ཞིག་བྱས་ནས་ཡུན་རིང་གནས་ཐུབ། ཡིན་ན་ཡང་ཁོར་ཡུག་གི་ཤུགས་རྐྱེན་འདི་ཧ་ཅང་ཚབས་ཆེ་བས་མི་རིགས་ཆུང་ཆུང་འདི་མི་རིགས་ཆེན་པོས་ཁེབས་འོང་ན། དེ་ནི་འཛམ་གླིང་སྤྱི་འགྲོས་ལྟར་རིམ་གྱིས་རིམ་གྱིས་ང་ཚོའི་མི་རིགས་ལ་ཉམས་རྒུད་ཆེན་པོ་ཐེབས་ནས་གཅིག་གིས་གཅིག་ལ་བྱམས་སྙིང་རྗེ་ལ་སོགས་པ། དེ་ཇེ་ཞན་ཇེ་ཞན་དུ་འགྲོ་རྒྱུའི་ཉེན་ཁ་དེ་ནི་བོད་མ་ཟད་འཛམ་གླིང་གི་གྱོང་རྒུད་ཅིག་རེད། ཉེན་ཁ་འདི་ཅི་ལྟར་སྲུང་དགོས་ཟེར་ན། རང་ངོས་ནས་བཤད་ན། ང་ཚོའི་ཆོས་ཀྱི་ནང་དུ་མ་ལག་རྡུམ་མའི་བུ་ཆུ་ཡིས་ཁྱེར་བ་བཞིན་ཞེས་པའི་དཔེ་ལྟར།  འདི་ན་མི་འགྲིག་གི  འདི་ན་ཡང་མི་འགྲིག་གི་བསམ་རྒྱུ་མང་པོ་ཞིག་ཡོད་ཀྱང་། ཐབས་ཚུལ་ཞིག་བྱེད་དགོས་ཟེར་ན་ང་ལ་ཡང་དེ་རིང་འདི་ཡོད་གི་ཟེར་རྒྱུ་ཅང་མི་འདུག  དཔེར་ན་མ་ལག་པ་མེད་པའི་བུ་ཆུ་ཡིས་ཁྱེར་སོང་བ་ན། ལག་པས་སྐྱོབ་ཐབས་ཡོད་པ་མ་རེད། སྐྱོབ་འདོད་ཀྱི་བསམ་པ་ནི་ཡོད་པ་རེད་དེ། རང་ལ་ཐབས་ཤེས་ཟད་འདུག  དེ་ནང་བཞིན་དུ་ང་ཚོས་ཀྱང་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་མང་པོ་ཞིག་གིས་ཁ་སང་དེ་རིང་ང་ཚོའི་གཤིས་ཀ་འདི་སྒྱུར་བཅོས་ཡག་པོ་ཞིག་མྱུར་དུ་ཡོང་དགོས་ཟེར་ན་ཧ་ཅང་དཀའ་མོ་རེད།  ཡིན་ན་ཡང་ཚང་མ་ཡིད་མི་ཆད་རྒྱུ་དེ་རྩ་བ་རེད། ང་ཚོ་བན་དེ་རྣམས་ཀྱིས་ཀྱང་། དཀའ་ཚེགས་དཀའ་ལས་མང་པོ་ལ་མ་བལྟས་ནས་ས་ཕྱོགས་གང་དང་གང་ཡིན་སར་སོང་ནས། ནུས་པ་གང་ཡོད་ཀྱི་སྒོ་ནས་སློབ་ཁྲིད་དང་སློབ་གསོ། ཐ་ན་ཡིག་རྨོངས་སེལ་བ་སོགས་ལ་འབད་བརྩོན་བྱེད་བཞིན་ཡོད། ཁྱེད་རྣམ་པ་དགེ་རྒན་དང་སློབ་མ་སུ་ཡིན་ནའང་འདྲ། འུ་ཅག་ཚང་མ་བོད་མི་ཞིག་ཡིན་པའི་ཆ་ནས་ཤ་རུས་གཅིག་པའི་བོད་ཀྱི་མ་འོངས་པའི་མདུན་ལམ་ལ་བསམ་བློ་བཏང་སྟེ། བྱ་བ་རེ་སྒྲུབ་དགོས་ཀྱི་རེད་བསམ་བཞིན་འདུག  ཐ་ན་བོད་ཀྱི་སློབ་མ་བཅུ་ལྷག་ལས་མེད་ན་ཡང་། དེ་ཚོ་ལ་སློབ་གསོ་ཡག་པོ་ཞིག་བཏང་ནས་གཤིས་ཀ་དེ་ཡར་ལེགས་པའི་ལམ་དུ་བསྒྱུར་ཐབས་ལ་འབད་བརྩོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཞིག་རེད།
2 དྲི་བ། ང་རང་གིས་རྣམ་པ་ཚོའི་ཚབ་བྱས་ནས་མཁན་པོ་ལགས་ཀྱིས་འདི་ལྟ་བུའི་འཆད་ཁྲིད་གནང་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན། ཐོག་མར་ངས་འདྲི་རྒྱུ་དེ་དམ་པའི་ལྷ་ཆོས་ཀྱི་ནང་བསྟན་འདི་ལ་བོད་ཀྱི་མཁས་པ་དང་རྒྱའི་མཁས་པ་དེ་བཞིན་དུ་ཕྱི་གླིང་པའི་མཁས་པ་སོགས་ལ་བཤད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད། ནང་བསྟན་འདི་ལ་ལས་སེམས་གཙོ་དང་ལ་ལས་དངོས་གཙོ། ལ་ལས་ལྷ་ཡོད་དང་ལ་ལས་ལྷ་མེད་སྨྲ་བ་སོགས་ཟེར་སྲོལ་དུ་མ་ཡོད་ན། ཁྱེད་ཀྱིས་བལྟས་ན་དེ་འདི་བཞིའི་ནང་ནས་གང་ལ་གཏོགས་པ་དང་གཏོགས་པའི་རྒྱུ་མཚན་གང་ཡིན་གསུང་རོགས་ཞུ།
ལན། བོད་བརྒྱུད་ནང་བསྟན་ཟེར་བ་འདི་ལྷ་མེད་ལྷ་ཡོད་སྨྲ་བ་དང་དེ་བཞིན་དུ་དངོས་གཙོ་དང་སེམས་གཙོ་སྨྲ་བ་ལ་སོགས་པ། ཕྱོགས་གཅིག་གི་དབང་དུ་བྱས་ན་གང་དུ་ཡང་མི་གཏོགས་ཟེར་ཆོག  ཅིའི་ཕྱིར་ཞེ་ན། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས། རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན།  །ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། །ཞེས་པ་ལྟར་དོན་དངོས་སུ། འཁོར་འདས་སྣང་བཏགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས། གང་དུའང་མི་གཏོགས་ཤིང་ཁས་ལེན་ཐམས་ཅད་དང་བྲལ་བ་ཞིག་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་ཐེག་པ་ཆེན་པོའི་ལྟ་བ་མཐར་ཐུག་ནི། རིས་སུ་མ་ཆད་པའི་བརྗོད་བྱ་ཞིག་ཏུ་གསུང་ཡོད་པས་ན་གང་དུའང་མི་གཏོགས་པ་ཡིན། གནས་སྐབས་སུ་སེམས་ཅན་གྱི་ཁམས་དབང་དང་བསྟུན་ནས། དངོས་པོ་ཐམས་ཅད་ཡོད་པར་གསུངས་པ་དངོས་གཙོ་དང་། ཡང་སྣང་བ་ཐམས་ཅད་སེམས་ཡིན་ཟེར་དུས་སེམས་གཙོ་དང་དེ་བཞིན་དོན་དམ་པར་ལྷ་དང་སྔགས་སོགས་མེད་པར་བཤད་པ་ལྷ་མེད་སྨྲ་བ་དང་། ཐ་སྙད་དུ་ལྷ་སྒོམ་སྔགས་བཟླ་སོགས་ཡོད་ཡོད་ལྟར་གསུངས་དུས།  ལྷ་ཡོད་སྨྲ་བ་སོགས་མི་འདྲ་ས་མང་པོར་དོན་ལ་མི་འགལ་བའི་གནད་རེ་ཡོད་པ་ཤེས་དགོས། དེས་ན་གོང་དུ་ཁྱེད་ཀྱིས་དྲིས་པའི་ཕྱོགས་བཞི་པོའི་ནང་གི་མཐའ་གཅིག་ཁོ་ན་མ་རེད་ལ་དེ་རེ་རེའི་འདོད་ཚུལ་དང་འདྲ་བ་རེ་གསུང་པའི་གནས་སྐབས་རེ་ངེས་པར་དུ་ཡོད་པས་ན་ནང་ཆོས་འདི་ཧ་ཅང་གི་ཁྱབ་རྒྱ་ཆེ་བ་ཞིག་ཡིན།
3 དྲི་བ། ང་རང་སློབ་གྲྭའི་ནང་གི་དགེ་རྒན་ཞིག་གི་ངོས་ནས་ཐོག་མར་ངས་དེ་རིང་འདིར་ཕེབས་པའི་གྲོགས་པོ་དང་དགེ་རྒན། དེ་མིན་ལས་ཁུངས་གཞན་དག་ནས་འོང་བ་ཡོངས་ཀྱི་ཚབ་བྱས་ནས་ཁྱེད་ཀྱིས་ང་ཚོར་འདི་འདྲ་བའི་བཀའ་སློབ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།  འདིར་ང་ལ་དྲི་བ་ཞིག་ཡོད་པ་ནི། བོད་ཀྱི་རིག་གནས་སམ་ནང་བསྟན་ཆོས་ལུགས་འདི། དགོན་པའི་ནང་ལ་དར་བ་མ་གཏོགས་སྤྱི་ཚོགས་ཀྱི་ནང་དུ་དེ་འདྲ་ཞིག་དར་མ་ཐུབ་པ་རེད། ཅེས་མང་པོ་ཞིག་གིས་བཤད་འདུག  ང་ཚོའི་དམངས་ཁྲོད་ན་ཆོས་ལུགས་ལ་དད་མོས་མཁན་དང་ཆོས་ལུགས་ཀྱི་ཆོ་ག་མང་པོ་ཞིག་ཡོད་འདུག   ཆོ་ག་དེ་ཚོའི་ནང་ན་ཡང་ཆོས་སྐྱོང་དང་། ཡི་དམ་ལ་སོགས་པ་ལ་བརྟེན་པའི་ཆོ་ག་མང་པོ་འདུག  གང་ལྟར་ཆོས་ལུགས་སྒྲུབ་ཀྱིན་ཡོད་ལ་འདི་དག་ནི་ཆོས་ལུགས་ཀྱི་བྱ་འགུལ་ཡིན་ཟེར། དེ་ཡིན་ན་མཁན་པོ་ལགས་ཀྱིས་འདི་དག་ནང་ཆོས་ཡིན་མིན་སོ་སོར་མ་འདྲེས་པར་གསལ་བོར་གསུང་རོགས་ཞུ།
ལན།  དགེ་རྒན་ཁོང་གིས་གསུང་རྒྱུ་དེ་ངོ་མ་རེད། ད་སྔོན་བོད་ཀྱི་སྲོལ་རྒྱུན་གྱི་དབང་དུ་བྱས་ན། ཆོས་ཟེར་བ་འདི་ཕལ་ཆེ་བ་ཞིག་གིས་འདོན་པ་དང་རིམ་གྲོ།  སྐུ་རིམ་ལ་སོགས་པར་ངོས་འཛིན་གྱིན་ཡོད། དེ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་དེ་ལྟ་བུ་ཞིག་ཏུ་གྱུར་སོང་བ་རེད། སྐུ་རིམ་དང་། ཆོ་ག་སོགས་འདོན་རྒྱུ་དེ་དག་ཚང་མ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཆ་ཤས་ཙམ་ལས་རྩ་བ་མ་ཡིན། ཆོས་ཟེར་བ་ནི། སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པས། སྟོན་པའི་དམ་ཆོས་ཞེས་པ་ནི་ལུང་གི་ཆོས་དང་རྟོགས་པའི་ཆོས་རྣམ་པ་གཉིས་ཡིན་ལ། ལུང་གི་ཆོས་ནི་སྡེ་སྣོད་གསུམ་ཡི་གེའི་ངོ་བོར་ཡོད་པ་རྣམས་དང་། རྟོགས་པའི་ཆོས་ནི་བསླབ་པ་གསུམ་སྟེ་རྒྱུད་ལ་དད་པ་དང་བྱང་ཆུབ་སེམས་བསྐྱེད་རྒྱུ་སོགས་རེད།  དེ་ལ་ཐོས་བསམ་སྒོམ་གསུམ་བྱས་ན་དམ་པའི་ཆོས་འཛིན་ཞེས་པའི་ཐ་སྙད་བཏགས་ཆོག་པ་རེད།  ང་ཚོའི་རྒྱུན་པར་ཆོས་སྐྱོང་སྲུང་མ་སོགས་མཆོད་པ་དང་། སྒྲུབ་པའི་ཆོ་ག་གཞན་སོགས་ནི་ཆོས་མ་རེད་ཅེས་ཟེར་མི་རུང་ལ། འདི་དག་ཀྱང་ནང་ཆོས་ཀྱི་ཆ་ཤས་སུ་གཏོགས་པ་ཡིན།  ཆོས་ངོ་མ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ཤེས་པ་དང་དེས་གསུངས་པའི་ཆོས་ལ་རྒྱུ་མཚན་ཤེས་པའི་དད་པ་སྐྱེས་པ་ལྟ་བུ་ཡིན། སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལྟ་བུ་གཅིག་ལ་མཚོན་ན་སྐྱབས་སུ་སོང་བའི་ཕན་ཡོན་དང་། ཇི་ལྟར་སྐྱབས་སུ་འགྲོ་ཚུལ་སོགས་ཤེས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ན་དེའི་ཕན་ཡོན་ཤེས་པ་དང་དེའི་རྣམ་བཞག་ལ་མཁས་པ་ལྟ་བུ་ཡིན། ཁྱེད་དགེ་རྒན་དང་སློབ་མ་རྣམ་པའི་ནང་ན་ཡང་ཁ་ཏོན་འདོན་མཁན་ཡོད་པ་དེ་ནི་ཧ་ཅང་ཡག་པོ་ཡིན་ཡང་། ཁ་འདོན་བཏོན་ན་སེམས་སྐྱིད་པོ་དང་། བྱ་བ་ལམ་དུ་འགྲོ་བའི་ཆེད་ཡིན་ཞེས་པ་ཙམ་གྱིས་མི་ཆོག་པས་ཆོས་ཀྱི་སྦྱོར་དངོས་རྗེས་གསུམ་དང་དེའི་དམིགས་འདུན་སོགས་ཇི་བཞིན་ཤེས་པ་གལ་ཆེ། གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་ཁོང་རུས་པའི་གཏིང་ནས་སྐྱབས་སུ་འགྲོ་བ་དང་རྒྱུ་མཚན་ཤེས་པའི་སྒོ་ནས་དད་པ་བསྐྱེད་པ་ཆེས་གལ་ཆེ་བ་ཡིན།  ཆོས་ཡང་དག་པར་སློབ་སྦྱོང་བྱས་ནས་སྒོམ་སྒྲུབ་བྱེད་པ་ནི་ནང་ཆོས་ཀྱི་སྙིང་བོ་ལྟ་བུ་ཡིན། དཔེར་ན་རྒྱ་ནག་གི་ཆོས་པ་མང་པོ་ཞིག་ནམ་རྒྱུན་དགོན་པའི་ནང་དུ་སོང་ནས་སྤོས་མཆོད་ལ་ཕྱག་འཚལ་བཞིན་ཡོད་ཀྱང་། དེ་དག་ནི་ཆོས་ཀྱི་རྣམ་པ་ཙམ་ལས་གཙོ་བོ་མ་ཡིན། ཆོས་ཞེས་པ་ནི་གཙོ་བོ་དེའི་ནང་དོན་ཤེས་རྒྱུ་དེ་ཡིན་པས། འདི་ལ་མི་སྐྱ་ཕོ་མོ་དང་རབ་བྱུང་ཡིན་མིན་གྱི་དབྱེ་བ་མེད་པར་ཚང་མས་ཤེས་ཆོག་ལ་ཤེས་ཀྱང་ངེས་པར་དུ་དགོས། གལ་ཏེ་མ་ཤེས་ཚེ་དེ་ནི་ཆོས་ཀྱི་སྤྱོད་པ་ལྟར་སྣང་ཙམ་ལས་ཡང་དག་ཅིག་ཏུ་འགྱུར་མེད། ང་ཚོས་ཕྱོགས་སོ་སོའི་མི་སྐྱ་ཕོ་མོ་དང་། རབ་ཏུ་བྱུང་བ་རྣམས་ལ་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་སྐུལ་མ་གཏོང་བཞིན་ཡོད་ལ། སློབ་སྦྱོང་མ་བྱས་ན་ཆོས་ཞེས་པ་འདི་ཧ་ཅང་གཏིང་ཟབ་མོ་ཞིག་ཡིན་པ་ཤེས་མི་ཐུབ་པས། དཔེར་ན་སློབ་གྲྭ་བ་མཚོན་ན་སློབ་ཆུང་ནས་དམའ་འབྲིང་དང་མཐོ་འབྲིང་སོགས་ལོ་བཅུ་ཕྲག་ལྷག་གི་རིང་དུ་བསླ་བྱ་སློབ་དེབ་ཀྱི་ནང་དོན་སླ་མོ་ཞིག་ཡིན་ཡང་དུས་ཚོད་དེ་ལྟར་རིང་པ་ཞིག་དགོས་ན། ནང་པ་སངས་རྒྱས་པའི་ཆོས་ནི་དེ་ལས་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་པས་ཆོས་ལ་སློབ་སྦྱོང་མ་བྱས་ན་ཤེས་མི་ཐུབ། སློབ་སྦྱོང་བྱས་ན་ད་གཟོད་ཆོས་ཟེར་བ་དེ་འདི་ལྟ་བུ་ཞིག་རེད་བསམ་པའི་བསམ་བློ་ཡང་དག་ཞིག་སྐྱེ་སྲིད་པ་ཡིན།
4 དྲི་བ། ཐོག་མར་དེ་རིང་མཁན་པོ་ཚང་གིས་སྐུ་ལུས་དཀའ་ཚེགས་ལ་མ་འཛེམ་པར་ང་ཚོའི་སློབ་གྲྭར་ཕེབས་ནས། ནང་བསྟན་བསམ་བློ་སྐོར་གྱི་ཁྱད་ཆོས་དང་། རིན་ཐང་གླེང་བའི་བགྲོ་གླེང་གནང་བར་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་འཆད་ཁྲིད་ཀྱི་ནང་དོན་མདོར་བསྡུས་ཤིག་ཡིན་ན། བོད་ཀྱི་རིག་གནས་ཀྱི་སྣང་ཚུལ་དང་གནས་བབས། རིན་ཐང་དང་ཁྱད་ཆོས་སོགས་སྐྱོང་ལུགས་དང་སྲུང་ལུགས། ཁྱད་པར་དུ་ནང་ཆོས་ཀྱི་རིན་ཐང་དང་འདིར་ཞིབ་དཔྱོད་བྱེད་རིན་ཡོད་པའི་སྐོར་སོགས་མང་པོ་ཞིག་གསུངས་སོང་། དེ་འདྲའི་ཚིག་གི་ནང་ན་ནང་ཆོས་ནི་ནང་སེམས་ཀྱི་ཚན་རིག་ཅིག་རེད་ཅེས་གསུངས་སོང་། ངས་དྲི་བ་ནི་དེས་ན་ཆོས་ལུགས་དང་ཚན་རིག་བར་གྱི་འབྲེལ་བའམ། ཡང་ན་མ་འོངས་པར་སྤྱི་ཚོགས་འདི་འཕེལ་རྒྱས་སུ་གཏོང་དགོས་ན་ཆོས་ལུགས་གཙོའམ་ཚན་རིག་གཙོ་ཞེས་པ་དེ་ཡིན།
ལན།  ནང་ཆོས་ཞེས་པ་དེ་ནི་ནང་སེམས་ཀྱི་ཚན་རིག་ཅིག་རེད་ཟེར་བཞིན་ཡོད། དཔེར་ན་དེང་སང་སེམས་ཁམས་རིག་པ་སྨྲ་བ་ཆེན་པོ་རོང་གུ(荣格)ལྟ་བུར་མཚོན་ན། ཁོས་ལོ་མང་པོའི་རིང་ལ་སེམས་ཁམས་རིག་པར་སློབ་སྦྱོང་བྱས་ནས། རྗེས་མ་བོད་བརྒྱུད་ཀྱི་བར་དོའི་ཐོས་གྲོལ་ཆེན་མོ་ལ་སློབ་སྦྱོང་ཞིབ་འཇུག་བྱས་ཏེ། ཁོའི་སེམས་ཁམས་ལ་ཕན་པ་ཧ་ཅང་ཆེན་པོ་ཐོབ་སོང་ཟེར་ནས། ཆོས་ནི་ནང་སེམས་ཀྱི་ཚན་རིག་ཅིག་རེད་ཟེར་ནས་དེར་གདེང་འཇོག་ཆེན་པོ་བྱས་ཡོད།  དེ་བཞིན་དུ་ཚན་རིག་པ་ཆེན་པོ་ཨེ་དབྱིན་སི་ཐན albertEinstein གྱིས་མ་འོངས་བའི་འཚོ་བའི་བརྒྱུད་རིམ་ཁྲོད་ན་ཚན་རིག་དང་ལག་སྦྲེལ་ཐུབ་པའི་ཆོས་ལུགས་ཅིག་ཡོད་ན། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ཡིན་ཅེས་བཤད་ཡོད། ཆོས་དང་ཚན་རིག་གཉིས་ལས་སངས་རྒྱས་ཀྱི་ཆོས་དེ་ནི། དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་གནས་ལུགས་མཁྱེན་ནས་གཏན་ལ་ཕབ་སྟེ་དར་སྤེལ་བྱས་པ་ལ་ཟེར་བ་དང་། སྤྱིར་ན་ཆོས་ཞེས་པ་ནི་ཇི་སྐད་དུ། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཡུལ་ལུགས་ལའོ། །ཞེས་དོན་བཅུ་ལ་འཇུག་པར་བཤད་པ་ལས་ནང་ཆོས་སམ་དམ་པའི་ཆོས་ཀྱི་སྙིང་དོན་ནི། མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སངས་རྒྱས་ཀྱི་བསྟན་པ་དེ་སྡིག་པ་མི་བྱེད་ཅིང་།  དགེ་བ་ཡག་པོ་སྒྲུབ་པ་ཞིག་ལ་ངོས་འཛིན་བྱེད་དགོས།  དེ་ལ་དེང་སང་གི་ཚན་རིག་གིས་ནི་ཕྱིའི་དངོས་པོར་བརྟག་དཔྱད་བྱས་པ་ཙམ་ལས།  ནང་སེམས་ཁམས་ཀྱི་ཐད་ལ་བློ་ཐབས་བྲལ་ནས་ལུས་ཡོད།  ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་ན་སེམས་ཁམས་ཀྱི་ཚན་རིག་མང་པོ་ཞིག་ཡོད་པས།  ཚན་རིག་པ་གྲོས་ཆེ་ཧྲི་ཡིས་བཤད་རྒྱུ་ལ།  ནང་ཆོས་འདི་ནི་སེམས་ཁམས་ཀྱི་ཚན་རིག་ཅིག་ཡིན་པར་བཤད། སྤྱིར་ཚན་རིག་ལ་དབྱེ་ན་སྤྱི་ཚོགས་ཚན་རིག་དང་། རང་བྱུང་ཚན་རིག་དེ་བཞིན་ཤང་ཀང་སོགས་སུ་གྲགས་པའི་ཤེས་རབ་ཀྱི་ཚན་རིག་གམ།  རྒྱ་ནག་སྐམ་སྒང་དུ་སེམས་ཁམས་ཚན་རིག་ཅེས་པ་སྟེ་གསུམ་ཡོད། རང་གི་ལྟ་ཚུལ་ཡིན་ན་སེམས་ཀྱི་ཚན་རིག་འདི་ནི།  མིའི་རིགས་དེ་ཇི་ལྟར་འཕེལ་རྒྱས་སུ་སོང་བ་དེ་ལྟར་འབྲས་ཐབས་མེད་པ་ཞིག་ཡིན།  འཕེལ་རྒྱས་དེ་ལ་འདི་ཡིས་གདོང་གྲོགས་བྱས་པ་ལས་བཀག་འགོག་དང་འགལ་རྐྱེན་ཅི་ཡང་བཟོས་མེད།  གལ་ཏེ་ང་ཚོའི་མི་དམངས་ཀྱི་སྤྱིའི་འཚོ་བ་དང་། སྤྱི་ཚོགས་དཔལ་འབྱོར་འདི་འཕེལ་རྒྱས་རྒྱ་ཆེར་བཏང་ན་ཡང་སེམས་ཀྱི་ཚན་རིག་དེ་མེད་སོང་ན།  དེང་སང་ཨ་མེ་རི་ཀ་དང་རྒྱ་ནག་གི་ཕྱུག་པོ་འགའ་རེ་སྒོར་མོ་དུང་ཕྱུར་དུ་མའི་བདག་པོ་ཡིན་ཡང་།  སེམས་ལ་བདེ་སྐྱིད་གཏན་ནས་མེད་པར་ནམ་རྒྱུན་སྡུག་བསྔལ་རི་བོ་ཙམ་ཞིག་གིས་མནན་ནས་བསྡད་ཡོད་པ་ལྟ་བུ་ཞིག་དུ་འགྱུར་འགྲོ།  དེ་ལྟར་ཡིན་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཅི་འདྲ་ཞིག་སོང་ཡང་།  ནང་སེམས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་ཉམས་སུ་མྱོང་མི་ཐུབ།  ང་ཚོ་བོད་པ་ཚོ་ཡིན་ན་སྐྱེ་བ་ཕྱི་མ་ཁས་ལེན་པས་བསམ་བློ་གཞན་གཏོང་ཐུབ་ཀྱང་། ཁོ་ཚོ་ཡིན་ན་ཚེ་འདི་ལ་ཡང་བདེ་སྐྱིད་ཡག་པོ་ཞིག་འབྱུང་མ་ཐུབ་པས་འཕེལ་རྒྱས་དོན་མེད་དུ་འགྱུར། དེང་སང་རྒྱ་ནག་སོགས་ས་ཆ་འགའ་རེ་ན།  ཆོས་ལ་དད་མཁན་ཡང་ཡོད་ལ་མི་དད་མཁན་ཡང་མང་པོ་ཞིག་ཡོད།  མི་དད་པ་ཚང་མའི་སེམས་ནང་ལ་གཏད་ས་ཡག་པོ་ཞིག་མེད་པའི་སྟོབས་ཀྱིས། སྤྱི་ཚོགས་ཡར་རྒྱས་ཅི་ཙམ་སོང་ན་ཡང་སེམས་སྔར་བཞིན་ཚིམ་པ་མེད་པར་འདུག་སྟེ། ཁང་པ་གཅིག་ཡོད་ན་ཡང་གཅིག་ཡོད་ན་བསམ་པ་དང་། རླངས་འཁོར་གཅིག་ཡོད་ན་ཡང་གཅིག་ཡོད་ན་བསམ་པ་སོགས། རང་ཉིད་དཔལ་འབྱོར་གྱི་བྲན་གཡོག་ཏུ་གྱུར་བའི་སྣང་ཚུལ་སྐྱོ་ཤས་སྐྱེ་འོང་བ་མང་པོ་ཡོད་པས་ངས་དེ་དག་ཚང་མ་ལ།  ནང་སེམས་ཀྱི་ཚན་རིག་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གི་ཡོད།
5  དྲི་བ། ང་ནི་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི2011ལོའི་ཞིབ་འཇུག་སློབ་མ་ཞིག་ཡིན། དེང་སང་བླ་མའམ་རབ་བྱུང་པ་མང་པོ་ཞིག་གྲོང་ཁྱེར་ནང་དུ་སོང་ནས།  ཆོས་ལ་བརྟེན་ནས་བྱ་བ་མང་པོ་ཞིག་སྒྲུབ་ཀྱིན་འདུག  འདི་ལ་རྒྱ་བླ་ཞེས་མིང་བཏགས་འདུག  འདིའི་ནང་ནས་ལ་ལས་སངས་རྒྱས་ཀྱི་བསྟན་པའི་བླ་སྲོག་རྒྱུད་འཛིན་བྱེད་པ་དང་།  རང་གི་སློབ་མར་ནང་པ་སངས་རྒྱས་པའི་ཆོས་དེ་ངོ་སྤྲོད་གནང་སྟེ། བསྟན་པ་སྤེལ་གྱིན་འདུག་པའི་སྐོར་ཞིག་དང་། ཡང་ལ་ལ་ཞིག་གིས་ཡོན་ཏན་གང་ཡང་མེད་བཞིན་མོ་རྩིས་སོགས་ལ་བརྟེན་ནས་དཔའ་འབྱོར་སྒྲུབ་པ་དང་། དེར་མ་ཟད་བླ་མ་ཆེན་པོ་ཞིག་གི་མིང་བཏགས་ནས་དཔལ་འབྱོར་ཁོ་ན་གཉེར་ཏེ་ཧ་ཅང་ཕྱུག་པོར་གྱུར་ཡོད་པ་རེད།  འོན་ཀྱང་ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་བཤད་ན་དེ་འདྲ་བྱས་ན་འགྲིག་མི་འགྲིག་དང་། ང་ཚོའི་ངོས་ནས་ཇི་འདྲ་བྱེད་དགོས་ཀྱི་རེད།
ལན། དྲི་བ་དང་པོ་དེང་སང་གི་རྒྱ་བླའི་སྐོར་ནི།  ང་རང་ལ་མཚོན་ན་རྒྱ་བླའི་ཐོག་མ་ལྟ་བུར་གྱུར་ཡོད། 1987ལོར་མཁན་ཡིད་བཞིན་ནོར་བུ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་པའི་གནས་སྐབས་སུ།  རྒྱ་ནག་ལ་རྒྱ་བླ་ཟེར་བའི་ཐ་སྙད་ཅིག་མེད་པར་མ་ཟད།  རྒྱའི་ཚོང་ཁང་ཆེན་པོ་དག་གི་ནང་དུ་སོང་ན།  ཁོ་ཚོས་རབ་ཏུ་བྱུང་བ་རྣམས་མཐོང་དུས་ཅ་ལག་ཡང་མི་བཙོང་བར་ང་ཚོར་བལྟས་ཏེ། སྐར་མ་གཞན་ནས་ཡོང་བའི་སྲོག་ཆགས་ལྟ་བུའི་ཚོར་སྣང་སྐྱེ་འདུག  འོན་ཀྱང་དེང་སང་དེ་འདྲ་མ་ཡིན་ལ། ཁོང་གིས་གསུང་པ་ལྟར་རྒྱ་བླའི་ནང་ན་ཡང་ལ་ལ་ཡག་པོ་ཡོད་གི་བླ་མ་དགེ་བའི་བཤེས་གཉེན་འགའ་རེས་དཔལ་འབྱོར་ཁོ་ན་མ་ཡིན་པར་ཆོས་མེད་པའི་ཡུལ་ཁམས་རྒྱ་ནག་གི་འགྲོ་བ་མང་པོ་ཞིག་ནང་པ་སངས་རྒྱས་པའི་ཆོས་སྒོར་བཙུད་དེ།  དེ་དག་གི་རྒྱུད་ལ་ཐར་པའི་ས་བོན་བཏབ་ཅིང་འཚེ་མེད་ཞི་བའི་ལམ་བཟང་སྔར་མེད་གསར་དུ་གཏོད་ནས།  མི་དང་སྲོག་ཆགས་མང་པོ་ཞིག་འདི་བདེ་ཕྱི་སྐྱིད་ཅིག་འོང་དང་འོང་བཞིན་པ་ཡིན།  ཡང་འགའ་རེས་སངས་རྒྱས་ཀྱི་བསྟན་པ་དང་།  དགོན་པ་ལ་ཁ་གཡར་ཏེ་ན་བཟའ་དམར་པོ་གྱོན་ནས་རྒྱ་ནག་ཏུ་སོང་སྟེ།  རིམ་གྱིས་བྱ་ངན་དང་།  སྤྱོད་ངན་མང་པོ་ཞིག་བྱེད་བཞིན་པ་མངོན་གསལ་ཡིན།  དེས་ན་མཐའ་གཅིག་ཏུ་བཟང་ངན་འདི་རེད་ཟེར་བའི་ཁ་ཡང་།  གནའ་ཇོ་བོ་རྗེ་བོད་ལ་བྱོན་པའི་སྔ་རྗེས་སུ་རྒྱ་གར་བ་མང་པོ་ཞིག་བོད་ལ་འོང་སྟེ།  ལ་ལ་གསེར་འཚོལ་དུ་ཡོང་བ་དང་། ལ་ལ་ཆོས་སྤེལ་དུ་འོང་བ་སོགས་འདྲ་མིན་སྣ་ཚོགས་ཡོད། དེ་འདྲ་ཡིན་ན་ང་ཚོས་ཀྱང་ཁ་ཚོད་གཅད་མི་སྔ་བར་བརྟགས་དཔྱད་བྱས་ཏེ་སྙིགས་དོར་བཅུད་ལེན་ཞིག་བྱེད་དགོས་འདུག་སྙམ།
དྲི་བ་གཉིས་པ།  གོང་ནས་མཁན་པོས་གསུངས་པ་ལྟར་སངས་རྒྱས་ཆོས་ལུགས་དེ་ཧ་ཅང་ཡ་མཚན་ཅན་གྱི་རིག་གནས་ཤིག་ཡིན་ཡང་།  དད་ལྡན་མང་ཚོགས་དང་སངས་རྒྱས་ཆོས་ལུགས་ཀྱིས་བསྟན་དོན་དེ་གཉིས་ལ་བར་ཐག་རིང་པོ་ཞིག་ཆགས་སོང་བ་འདི།  ཧ་ཅང་ཡིད་སྐྱོ་བོ་ཞིག་རེད། ང་རང་གི་བསམ་ཚུལ་ཡིན་ན། མ་འོངས་པར་དུས་ཚོད་ངེས་ཅན་ཞིག་ལ་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ།  མང་ཚོགས་ཀྱི་ཁྲོད་ནས་ནང་ཆོས་ལ་གོ་བ་གཏིང་ཟབ་མོ་ཞིག་ཡོང་བ་དཀའ་ན་ཡང་། སྤྱིར་བཏང་གི་ངེས་ཤེས་ཡག་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་ཅིས་ཀྱང་གལ་ཆེན་པོ་རེད་བསམ་ཡོད།  མི་རིགས་གང་ཞིག་གི་ཆོས་ལུགས་དང་ཆབ་སྲིད་གང་ཡིན་ནའང་།  མང་ཚོགས་འདི་ཧ་ཅང་རྩ་བ་རེད།  མ་འོངས་པར་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ།  མང་ཚོགས་ཀྱིས་རྒྱབ་སྐྱོར་དང་ནུས་པ་འདོན་རྒྱུ་དེ། ཧ་ཅང་གི་གལ་ཆེན་རེད་བསམ་ཡོད་པས་འདིའི་ཕྱོགས་ལ་ཁྱེད་ཀྱི་དགོངས་ཚུལ་འགའ་གསུང་རོགས།
ལན།  དྲི་བ་གཉིས་པ་དེ་ང་ཚོའི་མི་དམངས་ཀྱི་ཁྲོད་དུ་རིན་ཐང་བྲལ་ཞིང་།  ཡིད་བཞིན་ནོར་བུ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་དང་མི་སྐྱ་མང་བོའི་སེམས་ཀྱི་བར་ལ་ཐག་ཧ་ཅང་རིང་པོས་ཆོད་ཡོད་ན།  དུས་ཡུན་ཐུང་ངུར་མི་ཉུང་ཤས་ཤིག་གིས་ཐག་གཅོད་བྱེད་དགོས་ན་ཧ་ཅང་དཀའ་མོ་ཡིན་ནའང་།  རབ་ན་ཕྱོགས་སོ་སོ་ནས་སྡེ་ཁག་མང་པོ་བཙུགས་ཏེ་ཐོག་མར་ཡིག་རྨོངས་བསལ་ཞིང་རིམ་བཞིན་བསླབ་བྱའི་སྐོར་དང་།  སྐྱབས་འགྲོ་སེམས་བསྐྱེད་སོགས་ནང་ཆོས་ལས་ཐོག་མའི་རྨང་གཞིའི་ཤེས་བྱ་རྣམས་བསླབ་ནས།  རིམ་བཞིན་ཡར་རྒྱས་འོང་དགོས།  ཁྱེད་དགེ་རྒན་དང་སློབ་མ་རྣམ་ལ་ཡང་ནང་ཆོས་ཀྱི་གོ་རྟོགས་རིམ་གྱིས་དམའ་སོང་ན་བོད་རིག་གནས་ཀྱི་བྲོ་བ་ཧ་ཅང་ཡག་པོ་ཞིག་མྱོང་མི་ཐུབ་པས།  ང་ཚོའི་ཕྱོགས་སོ་སོའི་སློབ་ཆེན་ནང་དུ་ཞིབ་འཇུག་ཚོགས་པ་དང་། དེ་མིན་ལྷག་བསམ་ཅན་རྣམས་གྱིས་རྩ་འཛུགས་ཚོགས་པ་བཙུགས་ནས།  ནང་ཆོས་ལས་བྱང་ཆུབ་ལམ་རིམ་དང་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཟབ་སྦྱོང་བྱས་ཏེ་རྒྱུགས་ལ་ཞུགས་པ་བཅས་ཐབས་ཚུལ་དུ་མས། ནང་ཆོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་བྱས་ན། མ་འོངས་པར་རིམ་བཞིན་ང་ཚོ་བོད་ཀྱི་ལས་དབང་བསྒྱུར་ཏེ་ཡར་རྒྱས་འོང་བ་ཧ་ཅང་དཀའ་མོ་ཞིག་མ་རེད།  དེ་སྔོན་ཡིན་ན་བོད་ཀྱི་དམངས་ཁྲོད་ལ་ཆོས་བཤད་པའི་སྲོལ་རྒྱ་ཆེན་མེད་ན་ཡང་།  ཉེ་ཆར་ལོ་ཤས་རིང་ལ་བླ་མ་ཚོ་ཡུལ་སོ་སོར་སོང་ནས་ཆོས་བཤད་པའི་སྲོལ་སྤེལ་བ་ནས་བཟུང་།  དེང་སང་སློབ་ཆེན་གྱི་སློབ་མ་འགའ་རེ་ལས་ཀྱང་ཡི་གེ་མི་ཤེས་པའི་སྤྱིར་བཏང་གི་ཞིང་འབྲོག་མང་ཚོགས་ཁྲོད་ན་དམ་པ་གསུམ་དང་། རྡོར་སེམས་བསྒོམ་བཟླས་སོགས་སྒོམ་རྒྱག་ཤེས་མཁན་ཆེས་མང་པོ་ཡོད།  ང་ཚོ་ཚང་མས་མཉམ་དུ་ཆོས་ལ་སློབ་སྦྱོང་དང་། ཉམས་བཞེས་བྱེད་རྒྱུ་བྱུང་ན་འདི་བྱ་བ་གང་ལས་ཀྱང་གལ་ཆེན་ཡིན།  དེ་ལྟར་རིམ་བཞིན་ཚང་མས་བརྩོན་ལེན་བྱས་ན་བར་ཐག་དེ་ཚུར་ཇེ་ཐུང་དུ་འགྲོ་རྒྱུ་དང་། སྲོལ་རྒྱུན་འདི་ཡང་ལེགས་པའི་ཕྱོགས་སུ་འགྲོ་རྒྱུར་ཡིད་ཆེས་དང་རེ་བ་ཡོད།
6 དྲི་བ།  བོད་ཡིག་སྦྱང་བརྩོན་བྱེད་པ་ལ་ཆོས་ཀྱི་ནང་དོན་དང་ལྷན་དུ་སྦྱང་བརྩོན་བྱེད་དགོས་གསུང་བ་དེ་ལ།  ང་རང་ལ་གོ་རྟོགས་འདྲ་བྱུང་བ་ནི་བསོད་ནམས་བསགས་པ་དང་། སྦྱང་བརྩོན་ལྷན་དུ་བྱེད་དགོས་ཟེར་ན།  སློབ་མ་ཅིག་གི་ངོས་ནས་བཤད་ན་དེ་གཉིས་ལས་བསོད་ནམས་བསགས་པའི་དགོས་པ་ཐབས་ལམ་གསལ་བོ་ཞིག་གསུང་རོགས།
ལན།  སློབ་མ་ཞིག་ལ་མཚོན་ན་སྦྱང་བརྩོན་ཡག་པོ་ཞིག་དགོས་རྒྱུ་གཞིར་བཞག་གི་སྟེང་ནས་བསོད་ནམས་བསགས་པ་དེ་ཡང་མེད་དུ་མི་རུང་བ་ཞིག་ཡིན། དེང་སང་འགའ་རེས་རང་གི་སྔོན་གྱི་བསོད་ནམས་ཡག་པོ་བསགས་པ་མ་ཐུབ་པའི་དབང་གིས་ལམ་འགྲོ་མེད་པ་དང་ཀླུང་རྟ་མི་དར་བ་སོགས་འདྲ་མིན་སྣ་ཚོགས་འོང་གི་ཡོད་པ་རེད།  དེས་ན།  འབད་བརྩོན་རི་བོ་ཙམ་ཞིག་བྱས་པ་ལས། །བསོད་ནམས་མེ་སྟག་ཙམ་ཞིག་བསགས་ན་དགའ། །ཞེས་གསུངས་པ་ལྟར། སྔོན་གྱི་བསོད་ནམས་ལྡན་པའི་མི་ལ་ལས་བྱ་བ་གང་དང་གང་སྒྲུབ་པ་ཡིན་ནའང་། རང་ཤུགས་ཀྱིས་འགྲུབ་ཡོང་བ་རེད། དེ་མིན་སྦྱང་བ་ཁོ་ན་ཞིག་ལ་བརྟེན་དགོས་ན་དཔེར་ན་སློབ་མ་ཚོའི་རྒྱུགས་སྤྲོད་པའི་དུས་སུ་ལ་ལར་བསོད་ནམས་མེད་པའི་སྟོབས་ཀྱིས། ཅི་འདྲའི་མཁས་པ་ཡིན་ནའང་རྒྱུགས་མི་འཕྲོད་པ་ཡིན།  དེ་ཕྱིར་བསོད་ནམས་བསགས་རྒྱུ་དེ་གལ་ཆེན་པོ་རེད།  བཅོམ་ལྡན་འདས་ཀྱིས།  བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ།  །གསུང་པ་ལྟར། སློབ་མ་ཚོའི་བསོད་ནམས་ཡག་པོ་རེ་བསགས་པ་ཡིན་ན་སྦྱང་བ་ཆེན་པོ་མ་བྱས་ཀྱང་གང་འདོད་ཀྱི་བྱ་བ་རྣམས་འགྲུབ་ཡོང་བ་རེད།  བསོད་ནམས་ཀྱི་སྟོབས་ཀྱིས་རང་གི་ཤེས་རིག་ཡང་སེམས་ཀྱི་ཀློང་ནས་རྡོལ་ཡོང་བ་ལྟ་བུ་འོང་གི་ཡོད་པ་རེད།  སྤྱིར་བཤད་ན་ཚེ་སྔ་མའི་བསོད་ནམས་ཀྱི་འབྲས་བུ་དང་། ཚེ་འདིའི་སྦྱང་བརྩོན་གྱི་དབང་གིས་མི་ཚེའི་མདུན་ལམ་བཟང་པོ་རྙེད་པ་དང་།  དེ་བཞིན་ཚེ་སྟོད་སྨད་དང་ཕྱི་མ་སོགས་ལའང་འདྲ་བ་ཡིན་པས།  འདི་གཉིས་འབྲལ་ཐབས་མེད་པ་ཞིག་ཡིན་པས་རྒྱུན་དུ་བསམ་པ་བཟང་པོས་དམ་པའི་ཆོས་དང་བསྟུན་ནས་བྱ་བ་བསྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེ་བས་ཀུན་གྱིས་ཐུགས་ལ་འཛིན་པར་ཞུ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།