ནར་མ་སོན་པའི་མིས་དྲ་ལམ་ཐད་གཏོང་པར་ལེགས་སྐྱེས་བསྐུར་བའི་དངུལ་འབོར་ཆེན་ཕྱིར་བླངས་ཆོག་གམ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-05-20 15:31:07 ཀློག་གྲངས།:
གྱོད་དཔེ།
       ཨ་ཅེ་ཚེ་འཛིན་གྱི་ཁ་པར་སྟེང་བརྡ་འཕྲིན་ཞིག་འབྱོར་བ་ལ། མོའི་གཏོང་སྤྲོད་མཛོད་ལས་སྒོར་ཁྲི༡བསྒྱུར་སྤྲོད་བྱས་ཟིན་ཞེས་བྲིས་འདུག མོས་རྩིས་ཐོའི་འགྲོ་འོང་ལ་ཞིབ་ཏུ་བརྟག་བཤེར་བྱས་པ་ན། ཨ་ཅེ་ཚེ་འཛིན་གྱིས་སྒོར་ཁྲི༡གི་བསྒྱུར་སྤྲོད་ཟིན་ཐོ་ལས་གཞན། ད་དུང་ཉེ་བའི་ཉིན༢༠ཡི་ནང་དུ། མོའི་དངུལ་བྱང་ལས་རྩིས་ཐེམ་གཅིག་གི་སྟེང་ལ་སྒོར་ཁྲི༨བསྒྱུར་སྤྲོད་བྱས་ཟིན་པ་ཤེས། ཡིན་ཡང་སྒོར་མོ་དེ་དག་གང་དུ་ཤོར་སོང་བ་མ་ཤེས། ཏག་ཏག་སྐབས་དེར་ཨ་ཅེ་ཚེ་འཛིན་གྱི་ལོ་ན༡༢ཅན་གྱི་བུ་ཆུང་ཚེ་བརྟན་གྱིས་མིའི་བློ་ཡུལ་ལས་འདས་པའི་ལན་ཞིག་བཏབ། སྒོར་ཁྲི༨པོ་དེ་ཡོངས་རྫོགས་ཀྱིས་ཁོས་ལེགས་སྐྱེས་ཉོས་ཏེ་བུད་མེད་ཐད་གཏོང་པ་ཞིག་ལ་བསྐུར་བ་ཡིན་ཟེར། སྐད་ཆ་དེ་ཐོས་མ་ཐག་ཨ་ཅེ་ཚེ་འཛིན་གྱིས་བུད་མེད་ཐད་གཏོང་པ་དེར་འབྲེལ་གཏུག་བྱས་ཏེ་སྒོར་མོ་ཕྱིར་བསློག་དགོས་པའི་རེ་བ་བཏོན་ཡང་ཕ་རོལ་པས་ཁས་མ་བླངས། དེས་ན་ཨ་ཅེ་ཚེ་འཛིན་གྱིས་བུད་མེད་ཐད་གཏོང་པར་སྒོར་མོ་ཕྱིར་བསློག་པའི་རེ་བ་བཏོན་ཆོག་གམ།
གྱོད་དོན་དབྱེ་ཞིབ།
       གྱོད་དོན་འདི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཐེབས་པའི་མིས་ལག་བསྟར་བྱས་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ནུས་པའི་གནད་དོན་དང་འབྲེལ་ཡོད། «དམངས་དོན་ཁྲིམས་གཞུང»གི་དོན་ཚན༡༤༥པ་ཡི་གཏན་འབེབས་ལྟར་ན། ལོ་ན༡༢ཅན་གྱི་བྱིས་པ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཐེབས་པའི་མི་ཡིན་པས། ཁེ་ཕན་རྐྱང་རྐྱང་ལེན་པའི་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས་ལ་འཚམ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཁེར་ཚུགས་སུ་ལག་བསྟར་བྱེད་ཆོག་མོད། འོན་ཀྱང་། ཁོས་བུད་མེད་ཐད་གཏོང་པར་ལེགས་སྐྱེས་བསྐུར་བའི་བྱ་སྤྱོད་ནི་ལོ་ཚོད་དང་རིག་སྟོབས་ལས་བརྒལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དུ་གཏོགས་ལ། དེར་ནུས་པ་ཐོན་མིན་ནི་དོན་དག་བྱུང་རྗེས་ཁོའི་ཕ་མ་འཐད་པ་ཡིན་མིན་དང་ངོས་ལེན་བྱེད་མིན་ལ་ཐུག་ཡོད། གལ་ཏེ་དོན་དག་བྱུང་རྗེས་ཁོའི་ཕ་མས་ངོས་ལེན་བྱས་ན་བྱ་སྤྱོད་དེར་ནུས་པ་ཐོན་པ་དང་། གལ་ཏེ་ཁོའི་ཕ་མས་ངོས་ལེན་མི་བྱེད་པ་ཡིན་ན་བྱ་སྤྱོད་དེར་ནུས་པ་མི་ཐོན་པ་རེད། གྱོད་དོན་འདིའི་ནང་དུ། བྱིས་པ་དེའི་ཨ་མ་ཚེ་འཛིན་གྱིས་གནས་ཚུལ་ཤེས་རྗེས་དེ་འཕྲལ་བུད་མེད་ཐད་གཏོང་པར་འབྲེལ་གཏུག་བྱས་ནས་སྒོར་མོ་ཕྱིར་བསློག་དགོས་པའི་རེ་བ་བཏོན་པ་དེས། མོས་བྱིས་པའི་བྱ་སྤྱོད་ངོས་ལེན་བྱེད་ཀྱིན་མེད་པ་མཚོན་ཡོད། དེ་བས། བྱིས་པས་ཐད་གཏོང་པར་སྒོར་ཁྲི8ཀྱི་ལེགས་སྐྱེས་བསྐུར་བའི་བྱ་སྤྱོད་དེར་ནུས་པ་མི་ཐོན་ཏེ། ཨ་ཅེ་ཚེ་འཛིན་གྱིས་ཐད་གཏོང་པར་ཕྱིར་བསློག་པའི་རེ་བ་བཏོན་ཆོག་མོད། འོན་ཀྱང་བྱིས་པས་ཐད་གཏོང་པར་ལེགས་སྐྱེས་བསྐུར་བའི་བྱ་སྤྱོད་དེར། བྱིས་པའི་ལྟ་སྐྱོང་པ་ཡིན་པའི་ཆ་ནས་ཕ་མ་གཉིས་ཀས་ལྟ་སྐྱོང་གི་ལས་འགན་ལེགས་པར་ཁུར་ཐུབ་མེད་པས། བྱས་ཉེས་ངེས་ཅན་མཆིས་པས་ན། དེ་མཐུན་གྱི་འགན་འཁྲི་འཁུར་དགོས་པ་རེད། དེ་ལས་གཞན། གྱོད་དོན་འདིའི་ནང་དུ། ཨ་ཅེ་ཚེ་འཛིན་གྱིས་བྱ་སྤྱོད་དེ་ནི་ལོ༡༢ཅན་གྱི་བྱིས་པ་ཞིག་གིས་ལག་བསྟར་བྱས་པའི་ལེགས་སྐྱེས་བསྐུར་བའི་བྱ་སྤྱོད་ཡིན་པ་དཔང་དངོས་བཏོན་ནས་བདེན་དཔང་བྱེད་དགོས། དེ་ལྟར་མ་བྱས་ན«དམངས་དོན་ཁྲིམས་གཞུང»གི་དོན་ཚན༡༤༥པའི་གཏན་འབེབས་སྤྱོད་མི་རུང་།
འབྲེལ་ཡོད་ཁྲིམས་ཚན།
       «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང»གི་དོན་ཚན༡༨པ། ལོ་བཅོ་བརྒྱད་ཡན་གྱི་རང་བྱུང་མི་ནི་ནར་སོན་པའི་མི་ཡིན། ལོ་བཅོ་བརྒྱད་ལ་སོན་མེད་པའི་རང་བྱུང་མི་ནི་ནར་མ་སོན་པའི་མི་ཡིན།
       དོན་ཚན༡༨པ། ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མི་ཡིན་པས། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཁེར་ཚུགས་སུ་ལག་བསྟར་བྱེད་ཆོག
       ལོ་བཅུ་དྲུག་ཡན་གྱི་ནར་མ་སོན་པའི་མིས་རང་ཉིད་ཀྱི་ངལ་རྩོལ་ཡོང་སྒོ་དེ་འཚོ་བའི་ཡོང་ཁུངས་གཙོ་བོར་བསྟེན་ཡོད་ཚེ། དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིར་བརྩི་བ་ཡིན།
       དོན་ཚན༡༩པ། ལོ་བརྒྱད་ཡན་གྱི་ནར་མ་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཐེབས་པའི་མི་ཡིན་ལ། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྦྱོད་ལག་བསྟར་བྱེད་ན་དེ་གའི་ཁྲིམས་བཀོད་ཚབ་བྱེད་པས་ཚབ་སྒྲུབ་དང་ཡང་ན་དེའི་ཁྲིམས་བཀོད་ཚབ་བྱེད་པ་འཐད་པ་བྱུང་བ་དང་ངོས་ལེན་བྱེད་དགོས། ཡིན་ནའང་ཁེ་ཕན་རྐྱང་རྐྱང་ལེན་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས་ལ་འཚམ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཁེར་ཚུགས་སུ་ལག་བསྟར་བྱེད་ཆོག
       དོན་ཚན༡༤༥པ། དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཐེབས་པའི་མིས་ལག་བསྟར་བྱས་པའི་ཁེ་ཕན་རྐྱང་རྐྱང་ལེན་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དང་ཡང་ན་དེ་གའི་ལོ་ཚོད་དང་རིག་སྟོབས། བསམ་བློའི་བདེ་ཐང་གནས་ཚུལ་བཅས་དང་འཚམ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལ་ནུས་པ་ལྡན། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལག་བསྟར་བྱས་པར་ཁྲིམས་བཀོད་ཚབ་བྱེད་པ་འཐད་པ་བྱུང་བའམ་ཡང་ན་ངོས་ལེན་བྱས་རྗེས་ནུས་པ་ལྡན།
       ཕ་རོལ་པས་ཁྲིམས་བཀོད་ཚད་བྱེད་པར་བརྡ་སྦྱོར་འབྱོར་ཉིན་ནས་བརྩིས་པའི་ཉིན་སུམ་ཅུའི་ནང་དུ་ངོས་ལེན་བྱེད་པར་བྲེལ་འདེད་བྱེད་ཆོག ཁྲིམས་བཀོད་ཚབ་བྱེད་པས་བསམ་ཚུལ་ཅི་ཡང་མ་བསྟན་ན། ངོས་ལེན་མི་བྱེད་པར་བརྩི་བ་ཡིན། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ངོས་ལེན་མ་བྱས་པའི་སྔོན་ལ། སེམས་བཟང་བཅངས་པའི་ཕ་རོལ་པར་ཕྱིར་འཐེན་བྱེད་པའི་དབང་ཆ་ཡོད། ཕྱིར་འཐེན་བྱེད་ན་བརྡ་སྦྱོར་གྱི་ཐབས་ལམ་བརྒྱུད་དེ་ཕྱིར་འཐེན་དགོས།
ཁྲིམས་ཚན་ཞིབ་འགྲེལ།
       གོང་གི་ཁྲིམས་ཚན་དག་ནི་དམངས་དོན་ཁྲིམས་གཞུང་ལས་རང་བྱུང་མིས་དམངས་དོན་བྱ་སྤྱོད་སྤེལ་ནུས་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་རེད།
       རང་བྱུང་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཞེས་པ་ནི། རང་བྱུང་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་དམངས་དོན་དབང་ཆ་ལག་བསྟར་དང་དམངས་དོན་འོས་འགན་འཁུར་བའི་ཐོབ་ཐང་ལ་གོ། རང་བྱུང་མིའི་ལོ་ཚོད་དང་རིག་སྟོབས་ཀྱི་གནས་ཚུལ། བསམ་བློའི་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ། རང་བྱུང་མིའི་དམངས་དོན་བྱ་སྤྱོད་སྤེལ་ནུས་དེ་གཤམ་གསལ་གྱི་རིགས་གསུམ་དུ་དགར་ཆོག་སྟེ།
       (གཅིག) དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་། ལོ་བཅོ་བརྒྱད་ལ་མ་བུད་པ་དང་ལོ་བཅུ་དྲུག་ཡན་གྱི་ནར་མ་སོན་པའི་མིས་འཚོ་བའི་ཡོང་ཁུངས་གཙོ་བོ་ནི་རང་ཉིད་ཀྱི་ངལ་རྩོལ་ཡོང་སྒོ་ལ་བསྟེན་ཡོད་ན་དེ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ལྡན་པའི་མིར་གཏོགས་པས། དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཁེར་ཚུགས་སུ་ལག་བསྟར་བྱེད་ཆོག་སྟེ། དཔེར་ན་ཁང་པ་ཉོ་ཚོང་དང་ཁ་ཆེམས་འཇོག་པ་སོགས་ལྟ་བུ།
       (གཉིས) དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཐེབས་པ། ལོ་བརྒྱད་ཡན་གྱི་ནར་མ་སོན་པའི་མི་དང་རང་ཉིད་ཀྱི་བྱ་སྤྱོད་ལ་ཡོངས་སུ་ངོས་འཛིན་བྱེད་མི་ཐུབ་པའི་ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་བཀག་ཐེབས་པའི་མིར་གཏོགས་པས། ཁེ་ཕན་རྐྱང་རྐྱང་ལེན་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དང་ཡང་ན་དེའི་ལོ་ཚོད་དང་རིག་སྟོབས་ལ་འཚམ་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཁེར་ཚུགས་སུ་ལག་བསྟར་བྱེད་ཆོག་སྟེ། དཔེར་ན། གཞན་གྱིས་ཕུལ་བ་དང་ལེན་བྱེད་པ་དང་སྒོར་མོ་བྱིན་ནས་ཡིག་ཆས་ཉོ་བ་ལྟ་བུ། ཡིན་ཡང་། དེའི་ལོ་ཚོད་དང་རིག་སྟོབས་ལས་བརྒལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ངེས་པར་དུ་དེའི་ཁྲིམས་བཀོད་ཚབ་བྱེད་པས་ཚབ་སྒྲུབ་བྱེད་པ་དང་ཡང་ན་དེའི་ཁྲིམས་བཀོད་ཚབ་བྱེད་པ་འཐད་པ་བྱུང་བ་དང་ངོས་ལེན་བྱས་རྗེས་ད་གཟོད་ནུས་པ་ཐོན་པ་ཡིན།
       (གསུམ) དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པ། ལོ་བརྒྱད་མན་གྱི་ནར་མ་སོན་པའི་མི་དང་རང་ཉིད་ཀྱི་བྱ་སྤྱོད་ངོས་འཛིན་བྱེད་མི་ཐུབ་པའི་ནར་སོན་པའི་མི་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིར་གཏོགས་པ་ཡིན། དེས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་གང་ཡང་ཁེར་ཚུགས་སུ་ལག་བསྟར་བྱེད་མི་ཐུབ་པས། ངེས་པར་དུ་དེའི་ཁྲིམས་བཀོད་ཚབ་བྱེད་པས་དེའི་ཚབ་ཏུ་ལག་བསྟར་བྱེད་དགོས། དེ་ལྟ་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ་ཚང་མར་ནུས་པ་མི་ཐོན་པ་ཡིན། འོན་ཀྱང་ལག་ལེན་གྱི་ཁྲོད་དུ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིས་གཤམ་གྱི་བྱ་སྤྱོད་རིགས་གཉིས་སྤེལ་ཆོག་པ་ཁས་ལེན་དགོས་ཏེ། གཅིག་ནི་དེའི་ལོ་ཚོད་དང་རིག་སྟོབས་ལ་འཚམ་པའི་ཉིན་རྒྱུན་འཚོ་བའི་ངེས་མཁོའི་བྱ་སྤྱོད་ཆུང་ཤོས་སྤེལ་རུང་སྟེ། དཔེར་ན་སྤྱི་སྤྱོད་རླངས་འཁོར་དུ་འདུག་པའམ་ཡང་ན་འཁྱགས་རིལ་ཉོ་བ་སོགས་ཀྱི་བྱ་སྤྱོད་ལྟ་བུ། གཉིས་ནི་ཁེ་ཕན་རྐྱང་རྐྱང་ལེན་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་དེ། དཔེར་ན་གཞན་གྱིས་ཕུལ་བ་དང་བྱ་དགའ། གླ་ཆ་སོགས་དང་ལེན་བྱེད་ཆོག་པ་ལྟ་བུ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།