བོད་ཀྱི་སྐར་རྩིས་རིག་པ་དང་སྲོལ་རྒྱུན་རིག་གནས་བར་ཀྱི་འབྲེལ་བ་ལ་མདོར་ཙམ་དཔྱད་པ།

རྩོམ་པ་པོ།:སྒྲོལ་མ་སྐྱབས། ﹙གཙོས﹚ ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-01-19 09:06:00 ཀློག་གྲངས།:

[ནང་དོན་གནད་བསྡུས།] བོད་ཀྱི་སྐར་རྩིས་རིག་པ་དང་དམངས་སྲོལ་བར་གྱི་འབྲེལ་བ་དང་སྨན་རྩིས་བར་གྱི་འབྲེལ་བ།ནང་བའི་ཆོས་ལུགས་སོགས་བར་འབྲེལ་བ་ཟབ་མོ་ལྡན་པ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་དཔྱད་པ་བྱས་ཡོད།
[བརྡ་ཆད་གཙོ་བོ] བོད་ཀྱི་སྐར་རྩིས། སངས་རྒྱས་ཆོས་ལུགས། སྨན་རྩིས། སྲོལ་རྒྱུན་རིག་གནས། 
  བོད་ཀྱི་སྐར་རྩིས་པ་ནི་རིག་གནས་བཅུ་ལས་ཆུང་བ་ལྔའི་ཡ་ཀྱལ་ཡིན་ཞིང་གནམ་རིག་སྐར་རྩིས་ཞེས་བོད་གངས་ཅན་གྱི་རིག་གནས་ཁྲོད་ན་འོད་སྟོང་འཚེར།འདི་ནི་ཞིང་ལས་དང་།ཕྱུགས་ལས།གསོ་རིགལོ་རྒྱུས།ས་རྒྱུས།རང་བྱུང་ཚན་རིག་བཅས་ཀྱི་ཁྲོད་དུ་རྒྱུན་པར་བཀོལ་ལ།འདི་ནི་བོད་མི་རིགས་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་དང་ས་གནས་ཁོར་ཡུག་གི་ཁྱད་ཆོས་དང་མཐུན་པའི་ཚན་རིག་ཅིག་ཡིན།དུས་རབས་བཅུ་གཅིག་པར་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་ཀྱི་སྐར་རྩིས་དང་དབྱངས་འཆར།ནང་ལོགས་ནས་དར་བའི་རྒྱ་རྩིས་དང་ནག་རྩིས་བཅས་ལེགས་ཆ་སྡུད་ལེན་བྱས་ཏེ།མཁའ་ལ་གཟའ་སྐར་རྒྱུ་ཚུལ་དང་།ས་ལ་དུས་བཞིའི་འཁོར་ཚུལ།ཉི་ཟླ་གཟའ་འཛིན།ཐན་ཞོད་སོགས་གནམ་ངོའི་འགྱུར་ལྡོག་མ་ནོར་བར་སྟོན་ཐུབ་པའི་བོད་ཀྱི་སྐར་རྩིས་རིག་པ་འདི་བསྐྲུན་ནོ།འདི་ནི་མི་རིགས་རང་ཉིད་ཀྱི་རིག་གནས་སྟེང་མི་རིགས་གཞན་གྱི་ལེགས་ཆ་སྡུད་ལེན་བྱས་པའི་རྩིས་རིག་གི་གཞུང་ལུགས་ཤིག་རེད།རང་རེའི་གོང་མ་རྣམས་ཀྱིས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་།བར་སྣང་སྤྲིན་དང་རླུང་།འདབ་ཆགས་དང་ས་གཞིའི་རྩི་ཤིང་།མཚོ་དང་ཆབ་རོམ་སོགས་ལ་བརྟག་པའི་རྩིས་སྣ་ཚོགས་ཞིབ་འཇུག་དང་བེད་སྤྱོད་བྱས་ཏེ་རིམ་པར་གོང་འཕེལ་དང་མཐུས་སྒོ་ཇེ་ཚང་དུ་གྱུར།རང་རེའི་མཁསཔའི་ངག་རྒྱུན་ལ་སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་གྲགས་མོད་ཀྱང་།དོན་དམ་དུ་རྩིས་གྲངས་རྐྱང་རྐྱང་ཙམ་མ་གཏོགས།ད་དུང་བོད་སྨན་དང་།ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད།སངས་རྒྱས་ཆོས་ལུགས།དམངས་སྲོལ་སོགས་ཀྱི་བར་ལའང་འབྲེལ་བ་དམ་པོ་ཡོད་དེ། གཤམ་དུ་དེ་དག་གི་འབྲེལ་བ་རགས་ཙམ་གླེང་བ་འདི་ལྟ་སྟེ།
དང་བོ། རྩིས་དང་དམངས་སྲོལ་བར་གྱི་འབྲེལ་བ།
  རང་རེའི་བོད་ལ་མཚོན་ན།བན་བོན་ཆོས་ལུགས་སོགས་ཀྱི་ཤུགས་རྐྱེན་ལས་དུས་རྒྱུན་ཀྱི་འཚོ་བའི་ཁྲོད་ན་སྐར་རྩིས་རིག་པ་དང་རགས་ལས་བའི་གོམས་སྲོལ་མང་བོ་འདུག་ལ།དཔེར་ན་བོད་ཀྱི་ཁ་དཔེར།བཀྲ་ཤིས་བའི་ཉི་མ།དོན་འགྲུབ་པའི་ཉི་མ།ཞེས་བ་ལས།གནའ་དུས་ནས་བོད་ཀྱི་དམངས་སྲོལ་དུ་ཉི་མ་དང་ཟླ་བ།སྐར་མ་སོགས་ལ་བལྟས་ནས་བྱ་དངོས་བསྒྲུབ་པའི་འདུ་ཤེས་ཡོད་པ་བསྟན།ལྷག་པར་དུ་བོད་ལ་སྐར་རྩིས་ཀྱི་གཞུང་དར་བ་ནས་བཟུང་།དམངས་ཁྲོད་དུ་དུས་ཆེན་ཆེ་ཆུང་ཕལ་ཆེ་བ་གནམ་རིག་རྩིས་ཀྱི་སྒོ་ནས་ཐག་གཅོད་པ་ཡིན།གཟའ་དང་སྐར་མ་གཉིས་ཀྱི་འབྱུང་བ་ས་དང་།ཆུ་།མེ།རླུང་བཞིའི་ཁམས་གང་འཕྲོད་སྦྱོར་བ་སྟེ།ས་གཉིས་ནང་འཕྲད་དངོས་གྲུབ་སྦྱོར།།དངོས་གྲུབ་སྦྱོར་བས་ཅི་བསམ་གྲུབ།།རྟེན་བཞེངས་མཁར་རྩིག་ཞིང་ཉོ་བ།།རྒྱས་བའི་ལས་རྣམས་བྱ་བ་དང་།།མདུན་མ་བྱེད་སོགས་བརྟན་ལས་བཟང་།།ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར།།བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ།།སྨན་སྦྱོར་ཁྲུས་བྱེད་བག་མ་ལེན།།ཚེ་དབང་ཚེ་སྒྲུབ་ཆོ་ག་དང་།།གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་།།ས་ཆུ་འཕྲད་པས་ལང་ཚོ་སྦྱོར།།ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད།།དགའ་སྟོན་བྱ་ཞིང་ཆེ་སར་འདོན།།གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།།མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར།།འཕེལ་འགྱུར་སྦྱོར་བས་ཟས་གོས་རྙེད།།ཚོང་བྱ་སྤྱིན་གགཏོང་ས་བོན་འདེབས།།ནོར་རྒྱུན་མ་སྒྲུབ་ཆུ་སྤྱིན་སྟེར།།ནོར་ལྷ་མཆོད་ཀྱང་དངོས་གྲུབ་ཞུ།།རླུང་གཉིས་ནང་འཕྲད་ཕུན་ཚོགས་སྦྱོར།།ཕུན་ཚོགས་སྦྱོར་བས་བསམ་མྱུར་གྲུབ།།འགྲུབ་བྱ་དོན་གཉེར་ཁ་མཆུ་བསྡུམས།།གཡོ་དྲག་མྱུར་བའི་ལས་རྣམས་བཟང་།།མེ་རླུང་འཕྲད་པས་སྟོབས་ལྡན་སྦྱོར།།སྟོབས་ལྡན་སྦྱོར་བས་བཀྲ་ཤིས་བྱེད།།རོམ་གྲོ་ལྷ་གསོལ་ཆོས་སྤྱོད་བྱ།།ཞི་རྒྱས་དབང་གི་ལས་རྣམས་བཟང་།།ས་རླུང་འཕྲད་པས་མི་འཕྲོད་སྦྱོར།།མི་འཕྲོད་སྦྱོར་བས་ཟས་ནོར་འཛད།།རྐུན་ཇག་འཇོམས་འཕྲོག་བྱེད་པ་སོགས།།མྱ་ངན་འོང་བས་དོན་མི་འགྲུབ།།ཆུ་རླུང་འཕྲད་པས་མི་མཐུན་སྦྱོར།།མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད།།དབྱེན་དང་ཕྲ་མ་གཞུག་པ་དང་།།དགྲ་བོ་འབྱུང་བའི་ལས་རྣམས་བྱ།།ས་མེ་འཕྲད་པས་སྲེག་པའི་སྦྱོར།།སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད།།དམག་འདྲེན་དགྲ་གཞོམ་དྲག་ལས་རྩོད།།ཕ་རོལ་སྡུག་བསྔལ་བསྐྱེད་ཀུན་བྱ།།མེ་ཆུ་འཕྲད་པས་འཆི་བའི་སྦྱོར།།འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད།།ཕ་རོལ་གསོད་དང་དུག་སྦྱོར་དང་།།མཐུ་གཏད་ལ་སོགས་རིག་པས་བསྒྲུབ།།འདིར་ནི་བཟང་གསུམ་གསོ་ཐུབ་གསུམ།།ངན་གསུམ་ཐ་ཆད་གཅིག་དང་བཅས།།བྱ་བ་ཀུན་ལ་བཟང་ངན་བྱེད།། ཅེས་སོ།།
  ད་དུང་བོད་ཀྱི་དམངས་ཁྲོད་དུ།འབྱུང་རྩིས་ལས་སྲོག་ལུས་དབང་ཐང་རླུང་རྟ་སོགས་བརྩི་ལུགས།ཀེག་གཤིན་ཚེ་རྩིས་ལ་སོགས་པ་དང་།མོ་རྩིས་དང་།སྲོག་གཟའ།གཤེད་གཟའ་སོགས་ཀྱི་བརྩི་སྟངས་དང་།བརྩི་བྱའི་ལོ་རྟགས་དང་རང་ལོའི་གྲངས་ཀྱི་སྐྱེས་སྨེ་དང་།བདུན་གསུམ་ཐུན་གསུམ་བཞི་གཤེད་དང་།ཁྱིམ་པ་གྲོགས་སྡེབ་བག་རྩིས་དང་།བུ་ཆུང་གི་སྐྲ་གཞར་བའི་ཉི་མ་བརྩི་ཚུལ་དང་།ནོར་ཕྱིར་གཏོང་དང་བུ་ལོན་གཏོང་བའི་ཉི་མ་བརྩི་ཚུལ་དང་།ནོར་ཚུལ་ལེན་དང་།བུ་ལོན་ཉི་མ་བརྩི་ཚུལ་དང་།ལམ་དུ་འགྲོ་བའི་ཉི་མ་བརྩི་ཚུལདང་།ལོ་རྒན་དྲུག་ཅུ་སོ་སོའི་ལོ་ཡིས་ལོ་ཏོག་ལེགས་ཉེས་བརྩི་ཚུལ་དང་།སྤར་ཁ་བརྩི་ཚུལ་སོགས་རྩིས་སྲོལ་ཧ་ཅང་མང་བོ་ཡོད་ལ།གངས་ཅན་བོད་ཀྱི་ས་རུ་དར་རྒྱ་ཤིན་ཏུ་ཆེ།འཚོ་བའི་གོམས་སྲོལ་དང་སྲོལ་རྒྱུན་གྱི་འདུ་ཤེས།མི་རྣམས་ཀྱི་འཚོ་བ་སོགས་གང་ཐད་ལ་འབྲེལ་བ་ཟབ་མོ་ཡོད།
གཉིས་པ། སྨན་རྩིས་གཉིས་ཀྱི་འབྲེལ་བ།
  དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་ནི་།དང་བོ་དུས་དོན་ཁམས་དང་རྩ་རུ་སྦྱར།མ་བུ་དགྲ་གྲོགས་བཞི་ཡིས་སྐོར་འགོ་བརྩི།ཞེས་བསྟན་ཡོད།དེ་ནི་དཔྱིད་ཀ་ལ་སོགས་པའི་ཕྱིའི་དུས་བཞི་དུས་མཚམས་ལྔ་དང་།མཆིན་པ་ལ་སོགས་པའི་ནང་གི་དོན་ལྔའི་ཁམས་རྣམས་རྩ་འཕར་སྟབས་དང་ལྷན་གཅིག་དུ་སྦྱར་ནས་རྒྱུན་རྩ།དུས་རྩ།ནད་རྩ་བཅས་སོ་སོར་ངེས་བར་བྱེད་དགོས་བའི་དོན་ཏེ།དཔྱིད་དབུགས་ཐོབ་པ་ནས་བཟུང་ཕྱིའི་རང་བྱུང་ཁམས་ཀྱི་འབྱུང་བ་ཤིང་རྩི་ཁ་འབུས་པ་སོགས་ཀྱི་ཆོས་ཉིད་དང་མཐུན་པར་ནང་གི་འབྱུང་བ་ཤིང་ཁམས་མཆིན་རྩ་ཕྲ་ལ་གྲིམས་པར་འཕར་བ།དེ་བཞིན་དུ་དབྱར་ས་ག་ཟླའི་དབུགས་ཐོབ་པ་ནས་བཟུང་ཕྱི་འབྱུང་བ་འདབ་རྒྱས་ཆར་དུས་ཀྱི་ཆོས་ཉིད་དང་མཐུན་པ་ནང་གི་མེ་ཁམས་སྙིང་རྩ་སྤོམ་ལ་རིང་བར་འཕར་བ།སྟོན་དུས་ཞག་བདུན་ཅུ་དོན་གཉིས་རིང་ལ་ལྕགས་ཁམས་གློ་རྩ་ཐུང་ལ་རྩུབ་པར་འཕར་བ།དགུན་དུས་ཞག་བདུན་ཅུ་དོན་གཉིས་རིང་ལ་ཆུ་ཁམས་མཁལ་རྩ་འཇམ་ལ་དལ་བར་འཕར་བ།དུས་ཁམས་བཅོ་བརྒྱད་ཕྲག་བཞི་སྟེ་ཞག་བདུན་ཅུ་དོན་གཉིས་རིང་ལ་ས་ཁམས་མཚེར་རྩ་ཐུང་ལ་འཇམ་དལ་བར་འཕར་བ་བཅས་ཀྱི་ཚུལ་འདི་དག་དུས་བཞི་སོ་སོར་ཕྱིའི་འབྱུང་བའི་ཁམས་མི་འདྲ་བ་རེ་ཡོད་པ་བཞིན་དུ་ནང་གི་དོན་ལྔའི་རླུང་ཁྲག་གི་རྒྱུ་བའང་མི་འདྲ་བ་རེ་འགྱུར་འགྲོ་བ་ཡོད་པའི་རྐྱེན་གྱི་རྩའི་འཕར་སྟངས་ཀྱང་མི་འདྲ་བ་རེ་ཡོང་གི་ཡོད་པ་རེད།འདི་ནི་ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྟེན་འབྲེལ་ལས་བྱུང་བ་ཞིག་ཡིན་ཞིང་།གནད་འདི་ཞིབ་ཕྲ་ཤེས་པར་བྱེད་པ་ནི་སྐར་རྩིས་ཀྱི་གཞུང་ནས་བསྟན་པའི་ཟླ་བ་སོ་སོའི་དབུགས་ཐོབ་སྒང་ཚད་ཁྱིམ་སླེབས་སོགས་དུས་བཞི་མི་འགྱུར་བའི་གཟེར་ལ་བརྟེན་ནས་དཔྱིད་དབྱར་སྟོན་དགུན་གྱི་དུས་མཚམས་རྣམས་ལེགས་པར་ངོས་ཟིན་པ་ལ་རགས་ལས་བ་ཞིག་ཡིན།གནད་འདི་ལེགས་པར་མ་རྟོགས་ན་རྒྱུན་རྩ་དང་དུས་རྩ་།ནད་ཅན་དང་ནད་མེད་ཀྱི་རྩའི་དབྱེ་བ་འབྱེད་མི་ཐུབ་ལ་འབྱུང་བ་རྣམས་ཀྱི་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་ལེགས་པར་མ་ཤེས་ན་ངོ་མཚར་རྩ་བདུན་སོགས་ཀྱང་བརྟག་མི་ཤེས་ཤིང་ནད་ངོས་ཀྱང་ལེགས་པར་ཟིན་པར་དཀའ།ནད་ངོས་ལེགས་པར་མ་ཟིན་ན་བཅོས་ཐབས་གནད་ལ་འཁེལ་བ་ཞིག་ག་ལ་ཡོང་ཐུབ།དེས་ན་དེ་དག་ཤེས་པའི་ཆེད་དུ་ད་ལྟ་བོད་ཁུལ་དུ་སྨན་དང་རྩིས་གཉིས་ཀྱི་མཉམ་དུ་ཟུང་འབྲེལ་བྱས་ནས་ལས་ཁུངས་མི་འདྲ་བ་སྣ་ཚོགས་བཙུགས་ཡོད་དེ།གཙོ་ཆེར་འབྱུང་རྩིས་ཀྱི་རིག་པ་ལ་བརྟེན་ནས་དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་རྩིས་ནས་ཤེས་དགོས་བས།རེག་པ་རྩ་ལ་བརྟེན་ནས་བརྟག་པའི་ཐབས་འདི་ནི་གཙུག་ལག་རྩིས་ཀྱི་རིག་པ་དང་འབྲེལ་ཆ་ཆེས་ཆེ་བ་ཞིག་དུ་གྲུབ་ཡོད།ད་དུང་སྨན་སྦྱོར་དང་སྨན་གཏོང་བ།སྨན་སྦྱོར་བྱ་བ་ལ་ཉི་སྐར་ནས་སྨན་པ་སྨན་ཐུར་སྨན་ཕོར་བཅས་ནད་པ་རྣམས་ལ་བདུན་བདུན་ཏེ།ཟླ་བའི་སྐར་མ་གར་གནས་བརྟག་ཅེས་གསོ་རིག་གཞུང་གི་སྐབས་དོན་མང་བོ་ཞིག་རྩིས་ཀྱི་རིག་པ་ལ་བརྟེན་དགོས་པ་ཡིན་སྟབས།སྨན་པ་རྣམས་ཀྱི་སྨན་སློབ་པའི་ཚེའང་རྩིས་ཀྱི་རིག་པ་ལ་མ་བརྟེན་ཐབས་མེད་ལྟ་བུ་ཞིག་ཡིན།དེ་བཞིན་དུ་རྩིས་བ་ཞིག་ཡིན་ནའང་གསོ་རིག་གི་སྐབས་ནས་བཤད་པའི་མིའི་ལུས་ཀྱི་ཆགས་ཚུལ་དང་།ཆགས་ཟིན་པའི་མིའི་ལུས་ཀྱི་རྩ་དང་རླུང་ཁྲག་རྒྱུ་བའི་གནས་ལུགས་སོགས་ལེགས་པར་ཤེས་ཤིང་།ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྒྱུ་མཚན་གྱིས་རྩིས་ཀྱི་སྐབས་ནས་བཤད་པའི་ཟླ་བ་སོ་སོའི་དབུགས་སྒང་ཁྱིམ་སླེབས་སོགས་དུས་གཟེར་གྱི་ནད་དང་།ཕྱི་དུས་བཞིའི་འགྱུར་བ་དང་ནང་མིའི་ལུས་ཀྱི་རྩ་རླུང་གི་རྒྱུ་བ་རྣམས་ཕན་ཚུན་ཇི་ལྟར་འབྲེལ་བའི་ཚུལ།ཉི་ཟླ་ལ་སྒྲ་གཅན་འཇུག་པའི་རྒྱུ་མཚན་བཅས་ལ་གོ་དོན་ངེས་ཅན་ཞིག་སྟེར་ནུས་བ་ཡིན།དེ་ལྟར་བཅུ་ཕྲག་རིག་གནས་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་།གཅིག་ཕན་གཅིག་གྲོགས་ཀྱི་ཚུལ་དུ་གྲུབ་པས་།སྨན་རྩིས་གཉིས་མཉམ་སློབ་མཉམ་སྤྱོད་བྱེད་ དགོས་བའི་གནད་དེ་ཐུག་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།