བོད་ཀྱི་སྐར་རྩིས་རིག་པ་དང་སྲོལ་རྒྱུན་རིག་གནས་བར་ཀྱི་འབྲེལ་བ་ལ་མདོར་ཙམ་དཔྱད་པ།

རྩོམ་པ་པོ།:སྒྲོལ་མ་སྐྱབས། ﹙གཙོས﹚ ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-01-19 09:06:00 ཀློག་གྲངས།:

གསུམ་པ།རྩིས་དང་ནང་བའི་ཆོས་ལུགས་ཀྱི་འབྲེལ་བ།      
  དེ་ཡང་འདིར་འཆད་པར་བྱ་བ་ནི་བོད་མི་རིགས་ཀྱི་ཡུལ་སྲོལ་ཇི་བཞིན་དང་།སྔོན་བྱོན་མཁས་དབང་རྣམས་ཀྱིས་གསུང་བའི་རྩིས་གཞུང་ནང་འཁོད་བའི་གཤིན་རྩིས་དང་སངས་རྒྱས་ཆོས་ལུགས་འབྲེལ་བ་ཆེ་ཚུལ་རགས་ཙམ་བཤད་པར་བྱ།དཔེར་ན།འཕོ་བ་ཞུ་བ་ཞེས་བ་ནི་ནང་བ་སངས་རྒྱས་བའི་ཆོས་ལུགས་གཙོ་བོ་བྱས་བའི་བོད་ཀྱི་ཡུལ་འདིར་མ་གཏོགས་ཡུལ་གཞན་ལ་དེ་འདྲ་མེད་ཤས་ཆེ།འཕོ་བ་ཞུ་བ་ཞེས་བ་དེ་ཚེ་ཕྱི་མ་སྐྱེ་བ་བཟང་བོ་ལེན་པར་བྱེད་པའི་ཐབས་ལྟ་བུ་ཞིག་སྟེ།དེ་ཡང་གཤིན་པོའི་ཕུང་བོ་དེར་བླ་མའམ་དགེ་བའི་གཤེས་གཉེན།རྣམ་འབྱོར་བ་གང་རུང་གི་འཕོ་བ་གནང་མ་མྱོང་བའི་སྔོན་ལ་སུས་ཀྱང་ལག་པས་རེག་མི་རུང་ཞིང་།མ་འགུལ་བར་རང་སོར་བཞག་དགོས།དེ་མ་བཞག་ན་ཐོག་མར་སུས་ལག་པས་འཆང་བ་དེ་ནས་འདས་བོའི་རྣམ་ཤེས་ཕྲ་མོ་དེ་ཕྱིར་ཐོན་གྱི་ཡོད་པ་རེད།དེ་ནི་འབྱུང་ཞི་བསྡུ་བའི་སྐབས་གསོ་རིག་རྒྱུད་བཞི་ལས་དབང་བོ་ལྔ་བོར་འབྱུང་བ་ལྔའི་ནུས་པས་རིམ་པས་ཐིམ་ཚུལ་སྐབས་བཤད་རྒྱུད་འཇིག་ལྟས་ལེའུ་ལས།ས་ནུས་ཆུ་ལ་ཐིམ་པས་གཟིགས་མི་མཐོང་།ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐམ།མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད།རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད།མིག་གི་དབང་བོ་ཉམས་པར་གྱུར་བ་ཡིས།གཟུགས་མི་གསལ་ཞིང་སྒྲ་ལ་ཐིམ་པར་གྱུར།རྣ་བའི་དབང་བོ་ཉམས་པར་གྱུར་བ་ཡིས།སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་གྱུར།སྣ་ཡིས་དབང་བོ་ཉམས་པར་གྱུར་བ་ཡིས།དྲི་མི་གསལ་ཞིང་རོ་ལ་ཐིམ་པར་གྱུར།ལྕེ་ཡིས་དབང་བོ་ཉམས་པར་གྱུར་བ་ཡིས།རོ་མི་གསལ་ཞིང་རེག་ལ་ཐིམ་པར་འགྱུར།ལུས་ཀྱི་དབང་བོ་ཉམས་པས་རེག་མི་ཚོར།ཞེས་བ་སོགས་མང་ལ།དེར་བརྟེན་བོད་ཀྱི་ཆོས་ལུགས་སྐྱ་བ་དང་།དགེ་ལུགས་པ།བཀའ་རྒྱུད་པ།རྙིང་མ་པ་བཅས་ཚང་མའི་གསང་སྔགས་ཀྱི་མན་ངག་ལས་ཆ་མཐུན་པར་གསུངས་བས་རྣམ་ཤེས་སྤྱི་བོ་ནས་འདྲེན་པའི་ཐབས་ལམ་ཟབ་མོས་འཕོ་བ་གནད་སྨིན་ཞུ་རྒྱུ་དེ་འདས་བོའི་དགེ་རྩར་གལ་ཆེ་ཤོས་ཞིག་ཡིན།དེ་ཡང་ཚེ་འདས་འདི་ཉིད་ཀྱི་ཆེད་དུ་རྩིས་བྱས་བ་ནི།དེ་ཡང་ཁྱིམ་བདག་གིས་འདས་བོའི་ལོ་རྟགས་དང་།འཆི་དུས་ཀྱི་ཟླ་བ་དང་ཚེས་གྲངས།གཟའ།དུས་ཚོད་སྔ་ཕྱི།ནང་མི་ཕོ་མོ་རྒན་གཞོན་གྱི་ལོ་རྟགས་དང་ལོ་གྲངས་བཅས་ཀྱི་ཤོག་ལྷེ་ཁ་གསལ།མཇལ་དར་བཅས་རྩིས་མཁན་གྱི་སར་འབུལ་དགོས།དེ་ནས་རྩིས་བས་བླ་སྲོག་གང་དུ་ཁྱེར་མིན།ལེ་ལེན་གང་ཡིནབསྟན་པ།སྲོག་སུས་བཅད་མིན།སེམས་གང་ལ་ཆགས་མིན།གཤེད་གང་དུ་སོང་མིན།གང་ལ་ཟློས་མིན།གཏོ་རིམ།མདུན་ཆོས།ཕུང་བོར་བལྟ་རེག་མི་རུང་བའི་ལོ་རྟགས།དུར་རྫོང་།གཤིན་པོའི་དུར་ཤུལ་འཕྱག་པ།རྒྱབ་ཆོས།དཀར་མེ་བསྔོ་ཞུ།འཁྲུངས་རྟགས།ངོ་རས།དམིགས་བསལ་ལོ་ཟླ་ཞག་དུས་ཉིན་ནག་སོགས་ཀྱི་བཅོས་བྱ་ཚུལ།མགྱོགས་བསྔོ་འབུལ་རྒྱུ།ཕུང་བོ་སྒྲིལ་བྱང་།ཕུང་བོ་ཕྱིར་འདོན་པ།བདུན་ཚིགས།ལོ་མཆོད།གཤིན་པོ་དེ་ཉིད་ཚེ་ལས་འདས་རྗེས་ཡར་དཀོན་མཆོག་ལ་མཆོད་འབུལ་བྱེད་པ་དང་།བར་དུ་རྣམ་འབྱོར་བ་དང་དགེ་འདུན་རྣམས་ལ་བསྙེན་བཀུར་ཞུ་བ།མར་ངན་སློང་ལ་སྦྱིན་པ་གཏོང་བ་སོགས་བྱས་ན་བར་དོའི་འཇིགས་སྐྲག་གི་སྡུག་བསྔལ་སྐྱོབ་ཆེད་དང་།ཚེ་ཕྱི་མ་སྐྱེ་བ་བཟང་བོ་ཞིག་ལེན་ཐུབ་ཆེད་བཅས་ཀྱི་ཆེད་དུ་དགེ་བ་སྒྲུབ་པ་རྣམས་འདས་མཆོད་བྱས་བའི་དགོས་བ་ཡིན།དེ་ཡང་ཚན་རིག་གི་ཆ་ལྡན་མི་ལྡན་གང་ཡིན་རུང་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ན་བཀོལ་སྤྱོད་ཁྱབ་ཆེ།
བཞི་བ། སྐར་རྩིས་རིག་པ་དང་ཞིང་འབྲོག་གི་འཚོ་བའི་བར་གྱི་འབྲེལ་བ།
  སྐར་རྩིས་རིག་པ་འདིར་མ་དར་བའི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ནས་ལས་ལ་བརྩོན་ཤིང་ཤེས་རབ་ལྡན་པའི་བོད་རིགས་མི་དམངས་རྣམས་ཀྱིས་གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་།བར་སྣང་གི་སྤྲིན་དང་རླུང་སོགས་ལ་བརྟག་པའི་རྩིས།བྱ་དང་ཤིང་ལ་བརྟག་པའི་རྩིས།མཚོ་དང་ཆབ་རོམ་ལ་སོགས་ལ་བརྟག་པ་སོགས་དུས་རྟགས་ཀྱི་རྩིས་སྣ་ཚོགས་ཉམས་མྱོང་གི་སྒོ་ནས་འཚོལ་སྡུད་བྱས་བ་དང་།དེ་ནས་རིམ་བཞིན་འཕེལ་ཏེ་ཉི་ཟླ་སྐར་གསུམ་འཁོར་འགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་བའི་ནང་ཉི་མའི་འགྲོ་ཕྱོགས།ཟླ་བའི་འཕེལ་འགྲིབ།ལོ་ཟླ་ཞག་གསུམ་བརྩི་ཚུལ་གྱི་སྒྲོམ་གཞི་ཆགས།ཞེས་སོགས་བོད་དུ་བསྒྱུར་བགོས་འཕྲི་བསྣན་གྱི་རིག་པ་ལ་བརྟེན་པའི་སྐར་རྩིས་རིག་པ་འདི་ཉིད་མ་དར་གྱི་གོང་དུ་ཞིང་འབྲོག་རྒན་པོ་ཚོའི་ཉམས་མྱོང་ལ་བརྟེན་ནས་བརྟག་པའི་གནམ་དཔྱད་ཀྱི་རིག་པ་མང་བོ་བྱུང་།འདིས་བོད་ཀྱི་ཞིང་འབྲོག་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་བ་བླ་ན་མེད་པ་ཐོན།དཔེར་ན།སྤྲིན་པ་བརྟག་པ་ནི།ཉི་ཤར་སྤྲིན་པ་མེད་གྱུར་ན།།ཉི་མ་འཆར་བླ་ན་མེད་པ་དང་ལྡན།།ཉི་ནུབ་ནུབ་དུ་མདངས་གསལ་ན།།ཕྱིན་ཉིན་ནམ་མཁའ་དངས་བར་འགྱུར།།རྒྱ་ཐག་བར་སྣང་གཡེང་གྱུར་ན།།རེ་ཞིག་ནམ་མཁའ་དངས་བར་འགྱུར།།ཉི་ཤར་ཤར་ཕྱོགས་སྤྲིན་འཕགས་ན།།རླུང་བཅས་ཆར་བ་མྱུར་དུ་འབབ།།རླུང་དལ་ཚ་རླུང་འབྱུང་གྱུར་ན།།སྤྲིན་འཐིབས་འབྲུག་སྒྲ་སྒྲོགས་པར་འགྱུར།།ཤར་རླུང་སྤྲིན་པ་ནུབ་དུ་རྒྱུ།།ཆར་བ་དུས་ལས་ཡོལ་མི་འགྱུར།།ཡོས་དུས་ཤར་ལྷོར་སྤྲིན་ཐོན་ན།།སྤྲུལ་གྱི་དུས་སུ་ཆར་བ་ཡོད།།ལྷོ་རིར་སྤྲིན་སྟུག་ཐོན་གྱུར་ན།།འབྲུག་དུས་རླུང་དང་ཆར་བ་འབྱུང་།།ཉི་ཤར་ཡོས་དུས་སྤྲིན་བྱུང་ན།།ཆར་བ་མེད་ཀྱང་གནམ་འཐིབས་འགྱུར།།རླུང་ཆར་སྤྲིན་པ་མགྱོགས་པར་རྒྱུ།།མི་འགྱངས་རླུང་དང་ཆར་བ་ཆད།།ཐད་ཀའི་སྤྲིན་རླུང་མཉམ་དུ་རྒྱུ།།རླུང་ཆར་དུས་ཚོད་གཞན་དུ་འཕོང་།།ཉི་ནུབ་སྤྲིན་ནག་པོས་བསུས།།རླུང་དང་ཆར་བ་ངེས་བར་འབྱུང་།།རི་བོ་སྤྲིན་པས་ཁེབས་གྱུར་ན།།མཚན་སྤྲེལ་ཆར་བ་འབབ་པར་འགྱུར།།འབྲུག་སྒོའི་ཕྱོགས་ནས་སྤྲིན་པ་ཐོན།།རླུང་བཅས་ཆར་དྲག་འབབ་པར་འགྱུར།།ནུབ་བྱང་སྤྲིན་པ་ནག་པོ་ཐོན།།འབྲུག་སྒྲ་དང་བཅས་ཆར་བ་འབབས།།སྤྲིན་པ་ཉ་ཁྲབ་འདྲ་བ་འབྱུང་།།ཕྱི་ཉིན་རླུང་ཆེན་ལྡང་བར་འགྱུར།།ཉི་མ་ཕྱེད་ཡོད་དུས་ཙམ་དུ།།སྤྲིན་པ་བསྒྲིགས་པར་གྱུར་བ་ན།།རླུང་འབྱུང་མི་འབྱུང་ངེས་བ་མེད།།དབྱར་དུས་སྤྲིན་པ་དཀྱིལ་དུ་ཐོན།།སྟོན་རླུང་ཁད་ཀྱིས་འབྱུང་བར་འགྱུར།།ནམ་ལངས་ཤར་ཕྱོགས་སྤྲིན་ཐོན་ཀྱང་།།ཆར་མེད་མཚན་མོར་སྤྲིན་པ་དག།ནུབ་ཏུ་རྒྱུ་ཚེ་སྤྲིན་འཁྲིགས་ན།།རླུང་དང་ཆར་བ་མི་ཉུང་འབྱུང་།།རླུང་གིས་ཆར་བ་བདས་གྱུར་ན།།ཆར་བ་ཤིན་ཏུ་ཆེ་བ་འབབས།།སྤྲིན་པ་ཁད་ཀྱིས་ཉམས་གྱུར་ནས།།སྤྲིན་དམར་དང་བཅས་ཉི་མ་ཤར།།མགྲོན་པོ་ཤུལ་རིང་བགྲོད་མི་བྱ།།ཉི་ཤར་དུས་སུ་སྤྲིན་དམར་འབྱུང་།།ཆར་བ་འབབས་སམ་མི་འབབས་པའི།།ཁ་དམར་གདགས་པར་མི་ནུས་སོ།།ད་དུང་རླུང་ལ་བརྟག་ཚུལ་དང་།ཉི་མ་བརྟག་པ།འཇའ་ལ་བརྟག་པ།སྨུག་པ་བརྟག་པ།གློག་དང་དུས་མཚམས་ཉེར་བཞི་ལ་བརྟག་པ།དབུགགས་ཐོབ་ཉིན་ལ་བརྟག་པ།རྒྱུ་སྐར་ཉེར་བརྒྱད་ལ་བརྟག་པ།  ལོ་རྒན་དྲུག་ཅུ་ལ་བརྟག་པ་སོགས་ཤིན་ཏུ་མང་བས་འདིར་མི་སྨྲ་བོ།
  དེ་ཡང་སྐར་རྩིས་རིག་པ་ནི་བོད་ཀྱི་རིག་གནས་ཁྲོད་རང་བྱུང་ཚན་རིག་གི་ཆ་དང་ལྡན་པའི་རིག་གནས་ཤིག་ཡིན་ཞིང་།བོད་ཀྱི་ཞིང་འབྲོག་གི་འཚོ་བ་དང་།སྤྱི་ཚོགས་འཕེལ་རྒྱས་ལ་ནུས་བ་བླ་མེད་ཞིག་ཐོན་ཡོད་ལ།ང་ཚོ་རྗེས་རབས་པ་རྣམས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གངས་ཅན་བོད་ཀྱི་འཚོ་བའི་གོམས་སྲོལ།སྲོལ་རྒྱུན་ཀྱི་འདུ་ཤེས་སོགས་གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ནང་འདྲེན་ཀྱི་དཔེ་ལྟར་འཛིན་སྐྱོང་སྤེལ་གསུམ་བྱས་ནས་བོད་ཀྱི་རིག་གནས་ཁྱབ་གདལ་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་བ་འདོན་དགོས།

དཔྱད་གཞིའི་ཡིག་ཆ།
《བོད་ཀྱི་རྩིས་རིག་གི་གོ་དོན་དང་ལག་ལེན》ཧྥང་སྨིན་ཞུན་དང་ཁྲེན་ཅིའུ་ཅིན།མི་རིགས་དཔེ་བསྐྲུན་ཁང་གིས་1987ལོའི་ཟླ3པ་དཔར།
《བོད་ཀྱི་སྐར་རྩིས་རིགས་པའི་རྣམ་བཞག》 ཤ་བོ་ཚེ་རིང་དང་བློ་ཡངས་རྒྱལ་གྱིས་བརྩམས།ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་1997ལོའི་ཟླ་7པར་དཔར།
《སྐརརྩིས་ཀུན་འདུས་ནོར་བུ》བསམ་འགྲུབ་རྒྱ་མཚོ།ཀྲུང་གོའི་བོད་རིག་པའི་དཔེ་བསྐྲུན་ཁང་གིས།
《གནམ་རིག་སྐར་རྩིས》བསམ་གྲུབ་རྒྱ་མཚོ།མི་རིགས་དཔེ་བསྐྲུན་ཁང་གིས་2004ལོའི་ཟླ་7པར་དཔར།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།