ངོས་དང་པོ > དམངས་སྲོལ། > དམངས་སྲོལ་ཞིབ་འཇུག > བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལ་གཞིགས་ནས་བོད་མིའི་གནམ་གཤིས་བརྟག་ཚུལ་བཤད་པ།
བོད་ཀྱི་དམངས་ཁྲོད་གཏམ་དཔེ་ལ་གཞིགས་ནས་བོད་མིའི་གནམ་གཤིས་བརྟག་ཚུལ་བཤད་པ།
རྩོམ་པ་པོ།:བླ་མ་བཀྲ་ཤིས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2010-12-28 10:05:00
ཀློག་གྲངས།:
གནམ་དཀྱིལ་ནས་དྭངས་་ན་རྟ་རྒྱབ་ཀྱི་ཆུ་མི་སྐམ་ཞེས་གནམ་གྱི་དཀྱིལ་ནས་སྤྲིན་པ་རྣམས་གཞོགས་སུ་ཆད་དེ་དྭངས་བར་གྱུར་ན་རྟ་རྒྱབ་ཀྱི་ཆུ་མི་སྐམ་ཞེས་ཡུན་རིང་བོར་ཆར་བབས་ཏེ་གནམ་མི་དྭངས་བ་ དང༌། བྱང་ཕྱོགས་དང་སྟོད་ཕྱོགས་ནས་སྤྲིན་པ་རིམ་བཞིན་ཡལ་ནས་དྭངས་བར་གྱུར་ན་དེའང་གནམ་དྭངས་བའི་རྟགས་སུ་བཤད། གཞན་ཡང༌། གནམ་དྭངས་ཆ་ཆེ་ན་འབབ་ཆ་ཆེ་ཞེས་ཆར་འབབ་པའི་སྐབས་སུ་སྨུག་པ་མི་འཐིབ་པར་གནམ་ས་ཀུན་ལ་དཀར་ཆ་ཆེ་ན་དེ་ནི་ཆར་གྱི་འབབ་ཤུགས་དྲག་ཏུ་འགྲོ་བ་དང་ཆར་འབབ་མཚམས་མི་ཆད་པའི་སྔ་ལྟས་སུ་བཤད།
བདུན་པ། འཇའ་ཚོན་བཀྲ་སྟངས་ལ་བརྟེན་ནས་གནམ་གཤིས་བརྟག་པ།
འཇའ་ཤར་ནས་ཤར་ན་འབྲུག་སྒྲ་ལྡིར།། འཇའ་ནུབ་ནས་ཤར་ན་ཆར་བ་འབབ་ཅེས་འཇའ་འཆར་བའི་ཁ་ཕྱོགས་ལ་བརྟེན་ནས་གནམ་གཤིས་བརྟག་པ་དང༌། འཇའ་སྤང་ལ་བཀྲ་ན་འབབ་རྟགས། ། འཇའ་ཆུ་ལ་བཀྲ་ན་དྭངས་རྟགས་ཞེས་འཇའ་ཆར་སའི་གནས་ལ་བརྟེན་ནས་གནམ་དྭངས་མིན་བརྟག་པ་སོགས་ཀྱང་གང་བྱུང་གི་འཆལ་གཏམ་ཙམ་མ་ཡིན་པར་ཡུན་རིང་གི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ནས་རང་བྱུང་ལ་རྒྱུས་ལོན་བྱས་པའི་འབྲས་བུ་ཡིན་པས་བདེན་པའི་ཆ་མི་ཉུང་བ་མཆིས།
བརྒྱད་པ། ཉི་ཁྱིམ་ཟླ་ཁྱིམ་ལ་བརྟེན་ནས་གནམ་གཤིས་བརྟག་པ།
ཉི་ཁྱིམ་ཆར་དང་ཟླ་ཁྱིམ་རླུང་ཞེས་ཉི་མའི་མཐའ་སྐོར་ཏེ་འཇའ་ཤར་ན་ཆར་འབབ་པ་དང༌། ཟླ་བའི་མཐར་ཤར་ན་རླུང་གཡུག་པའི་རྟགས་སུ་བརྩི། ཡང་ཉི་ཁྱིམ་ཟླ་དང༌། ཟླ་ཁྱིམ་ཉིན་ཞེས་ཉི་ཁྱིམ་ཤར་ན་ཟླ་ གཅིག་རིང་གནམ་མི་དྭངས་བ་དང༌། ཟླ་ཁྱིམ་ཤར་ན་ཉིན་གཅིག་ལ་གནམ་འཐིབ་པར་བཤད། དེ་ཡང་ཉི་ ཁྱིམ་ཟླ་ཞེས་དངོས་གནས་ཟླ་གཅིག་ལ་གནམ་འཐིབ་ཤིང་ཆར་འབབ་ངེས་པ་མ་ཡིན་པར། ཟླ་དེའི་ནང་ཆར་འབབ་ཐེངས་མང་བའམ་གནམ་གཤིས་ལ་འགྱུར་ལྡོག་ངེས་ཅན་ཡོད་པའི་དོན་བསྟན་པའོ།
དགུ་བ། རླུང་གི་རྒྱུ་ཕྱོགས་ལ་བརྟེན་ནས་གནམ་གཤིས་བརྟག་པ།
སྔ་མི་བསེར་བུ་མར་ལེན། ཕྱི་དྲོ་བསེར་བུ་ཡར་ལེན། ། སྟོད་ཀྱི་ཆར་ཤྭ་སྨད་ལ་བརྒྱབ་ན་སྨད་ཀྱི་བྱེ་མ་ལ་བདུན་རླུང་གིས་འཁུར། སྨད་ཀྱི་ཆར་ཤྭ་སྟོད་ལ་བརྒྱབ་ན་སྟོད་ཀྱི་ཕ་བོང་དཀར་བོ་ཐོག་གིས་གཏོར།།ཞེས་རླུང་གི་རྒྱུ་ཕྱོགས་ལ་བལྟས་ནས་གནམ་གཤིས་བརྟག་གིན་ཡོད། འབྲོག་པ་ཚོས་རྒྱུན་དུ་དེ་རིང་བསེར་བུ་ལུང་པའི་ཁོག་ནས་ཡར་གཡུག་གིན་ཡོད་པས་སང་ཉིན་ཆར་འབབ་ངེས་མ་རེད་ཅེས་བཤད་ལ།ལུང་བའི་ཕུགས་ནས་རླུང་མར་གཡུག་ན་གནམ་འཐིབ་པའི་རྟགས་སུ་བཤད།
བཅུ་བ། ཕྱུགས་ཟོག་དང་བྱ་བྱེའུ་སོགས་ཀྱི་རྣམ་པར་བལྟས་ནས་གནམ་གཤིས་བརྟག་པ།
སྤྲིན་དང་རླུང་ལ་བརྟེན་ནས་གནམ་གཤིས་བརྟག་ཚུལ་ལས་གཞན། ད་དུང་ཕྱུགས་ཟོག་དང་བྱ་བྱེའུ་སོགས་ཀྱི་རྣམ་པར་བལྟས་ནས་གནམ་གཤིས་བརྟག་སྟངས་ཀྱང་ཡོད་དེ། དཔེར་ན། དབྱར་དུས་ནངས་སྔ་མོར་ཕྱུགས་ཟོག་གིས་གནམ་ལ་བལྟས་ཏེ་སྣོམ་སྣོམ་བྱེད་པ་དང༌། ཡང་ན་རྩེད་རིགས་(ང་ཚོའི་ཕ་ཡུལ་དུ་ཕྱུགས་ཀྱིས་རྩེད་རིགས་བྱེད་ཀྱི་འདུག་ཅེས་བརྗོད)སྣ་ཚོགས་བྱེད་སྐབས་ཀྱང་གནམ་འབབ་པའི་རྟགས་སུ་བརྩི། གཞན་ཡང། ལ་ཁའི་ཁ་བ་ཆེ་ཆུང་ལྷ་བྱ་གོང་མོའི་སྐད་ལ་ཉོན། ། ལུང་བའི་ཕུ་ཐག་རིང་ཐུང་གཙང་ཆབ་སྔོན་མོའི་འགྲོས་ལ་ལྟོས། །ཞེས་བྱ་གོང་མོའི་སྐད་ལ་ཉན་ནས་ཁ་བའི་ཆེ་ཆུང་བརྟག་ཚུལ་ཀྱང་ཡོད་རབས་བཤད།
བཅུ་གཅིག་པ། ཆར་འབབ་དུས་ཀྱི་ཚེས་གྲངས་སོགས་ལ་བལྟས་ནས་གནམ་གཤིས་བརྟག་པ།
ཆར་འབབ་དུས་ཀྱི་ཚེས་གྲངས་ཐད་ལ། བོད་པ་ཚོར་བརྒྱད་ཆད་དགུ་ཐང་དང་ཚེས་རུལ་སོགས་བཤད་སྲོལ་ཡོད་དེ། དེ་གསལ་བོ་བཤད་ན།བརྒྱད་ཆད་དགུ་ཐང་ཞེས་པ་ནི་དཔེར་ན་བསྟུད་མར་ཉིན་འགར་ཆར་བབས་ཤིང༌། ཚེས་བརྒྱད་དམ་ཚེས་བཅོ་བརྒྱད། ཡང་ན་ཚེས་ཉེར་བརྒྱད་ཀྱི་ཉིན་འདིར་ཆར་འབབ་འཚམས་བཞག་ན་དེའི་ཕྱི་ཉིན་སྟེ་ཚེས་དགུའམ་ཚེས་བཅུ་དགུ། ཡང་ན་ཚེས་ཉེར་དགུ་ཉིན་གནམ་དྭངས་བར་བཤད། ཚེས་རུལ་ཞེས་པའི་ཚེས་ནི་ཟླ་ཚེས་ཀྱི་ཚེས་ཡིན་ལ། རུལ་ཞེས་པ་ནི་དངོས་བོ་སོགས་རུལ་བའི་དོན་ཡིན། དེའི་དོན་ཡོངས་ནི་ཟླ་བ་གཅིག་གི་ཚེས་གཅིག་དང་གཉིས་དང་གསུམ་གྱི་ཉིན་གང་རུང་ཞིག་ལ་ཆར་རམ་ཁ་བ་བབས་ན་ཟླ་དེ་ཡོངས་ལ་གནམ་འཐིབ་ཏེ་ཆར་འབབ་ཆ་ཆེ་བར་བཤད། དེའང་དུས་རྒྱུན་དུ་དེ་འདྲ་ཞིག་ཡིན་པ་མ་ངེས་མོད། རྒྱུན་དུ་བརྟག་དཔྱད་དང་ཡིད་འཇོག་ཙམ་བྱས་ན་སྐབས་འགར་དངོས་གནས་དེ་འདྲ་ཡིན་དུས་ཀྱང་ཡོད་དེ། ཁོ་ཚོས་སྡོམ་ཚིག་དེ་འདྲ་ཞིག་བཞག་པ་ཡང་ཉིན་གཅིག་གཉིས་སམ་ཟླ་བ་གཅིག་གཉིས་ཙམ་གྱི་དུས་ཡུན་ཐུང་ངུའི་སྣང་ཚུལ་ལ་བལྟས་ཏེབཤད་པ་མ་ཡིན་པར། ལོ་དུ་མ་དང་ཐ་ན་ཚེ་གཅིག་ལ་གནམ་གཤིས་ཀྱི་འགྱུར་ལྡོག་་སོགས་ལ་བརྟག་དཔྱད་བྱས་པའི་འབྲས་བུ་ཡིན་པས། ཚན་རིག་དང་མཐུན་པའི་ཆ་ཧ་ཅང་མང༌།
བཅུ་གཉིས་པ། དུས་བཞིའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་བཞག་པའི་སྡོམ་ཚིག
བོད་ཀྱི་གཏམ་དཔེར། དབྱར་ཁའི་ཆར་བ་འུར་སྒྲ་ཆེ། དཔྱིད་ཀའི་རླུང་དམར་ཐལ་འཚུབ་ཆེ། སྟོན་ཁའི་སྤྲིན་དཀར་བང་ཁ་མགྱོགས། དགུན་ཁའི་ཁ་བ་འབབ་སྙིང་ཆེ། ཞེས་དབྱར་དགུན་སྟོན་དཔྱིད་དེ། དུས་བཞིའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་སྣང་ཚུལ་སྤྱི་ལ་སྡོམ་ཚིག་འདི་འདྲ་བཀོད་འདུག དེ་མིན། དཔྱིད་ཉིན་ཞིག་ལ་དྲོད་གྲང་གསུམ། ། མི་ཚེ་གཅིག་ལ་སྐྱིད་སྡུག་གསུམ། །ཞེས་དཔྱིད་ཀའི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བའི་ཚུལ་དེ་མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་འབྱུང་བའི་ཆོས་ཉིད་དང་འདྲ་བ་བསྟན་ཡོད།གཞན་ཡང་། དོན་དངོས་འདི་དག་ནི་ང་ཚོས་རྒྱུན་དུ་ཡིད་འཇོག་དེ་ཙམ་བྱས་ན་བདེན་པ་ར་འཕྲོད་ཐུབ་པ་ཤ་སྟག་གོ །
མཇུག་གི་གཏམ།
བོད་ཀྱི་དམངས་ཁྲོད་ཀྱི་གཏམ་དཔེ་དང་བཤད་རྒྱུན་སྣ་ཚོགས་ཤིག་ལ་ཁུངས་གཏུགས་ནས་བོད་མིའི་གནམ་གཤིས་བརྟག་ཚུལ་དེ་རང་ནུས་ཀྱིས་ངོ་སྤྲོད་རགས་ཙམ་བྱས་པ་འདི་ཡིན་ལ། བདག་གིས་ཤེས་པ་ནི་རང་གི་ཕ་ཡུལ་གཙོས་པའི་ཨ་མདོའི་ཡུལ་གྲུ་བྱེ་བྲག་པ་ཁ་ཤས་ཀྱི་བོད་མི་རྒན་པ་ཚོའི་བཤད་རྒྱུན་ཙམ་ལས་དབུས་དང་ཁམས་སོགས་ས་ཁུལ་ལ་རྒྱུས་ལོན་བྱེད་མ་ཐུབ་པས། གལ་ཏེ་མ་འདང་བའི་ཆ་དང་མི་འདྲ་བའི་ཆ་སོགས་ཡོད་ན༌། མཁྱེན་རྒྱ་ཡངས་བ་ཚོས་རང་རང་སོ་སོའི་ས་གནས་ཀྱི་བཤད་རྒྱུན་སོགས་ལ་ཐོད་གཏུགས་ཏེ་ཁ་སྐོང་བྱས་ན་ཧ་ཅང་ལེགས། རྩོམ་ཐུང་འདིའི་དཔྱད་གཞིའི་རྒྱུ་ཆ་ནི་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་གཏམ་དཔེ་ཕྱོགས་བསྒྲིགས་ཀྱི་དེབ་དག་ཡིན་ལ། གཏམ་དཔེ་ཁོ་ནའི་ངོས་ནས་བལྟས་ན་མདོ་དབུས་ཁམས་གསུམ་ཀྱི་བོད་པ་ཚང་མའི་གནམ་གཤིས་བརྟག་ཚུལ་ལ་ཕལ་ཆེར་ཁྱད་པར་མེད་པ་འདྲ་བས། ཀློག་པ་པོ་ལྷན་རྒྱས་ནས་དཔྱད་ཞིབ་ནན་མོ་མཛད་པར་འཚལ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།