ཁེད་ཀྱི་གོ་དོན་དང་ཁྱད་ཆོས་ལ་དཔྱད་པ།

རྩོམ་པ་པོ།:བླ་མ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-28 10:00:00 ཀློག་གྲངས།:

ནང་དོན་གནད་བསྡུས།
  དཔྱད་རྩོམ་འདིའི་ནང་དུ། བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་ཁེད་ཅེས་པའི་གོ་དོན་དང༌། ཁེད་ཀྱི་ནང་དོན་ཐད་ཀྱི་འཕེལ་འགྱུར་གྱི་ཁྱད་ཆོས་སོགས་ལ་རང་ནུས་ཀྱིས་དཔྱད་པ་རགས་ཙམ་གཏོང་ཁུལ་བྱ་རྒྱུ་ཡིན་ལ། དེའང་ཁེད་ཀྱི་གོ་དོན་གླེང་སྐབས། གབ་ཚིག་དང་ལྡེའུ། ཁེད་གསུམ་གྱི་འབྲེལ་བ་དང་ཁྱད་པར་ཞིབ་བསྡུར་གྱིས་ཁེད་ཀྱི་དམིགས་བསལ་གོ་དོན་བརྗོད་རྒྱུ་དང༌། ཁེད་ཀྱི་ཁྱད་ཆོས་གླེང་སྐབས། སྒྱུ་རྩལ་ཁྱད་ཆོས་དང་ནང་དོན་གྱི་ཁྱད་ཆོས་སོ་སོར་རིགས་དགར་ཏེ་བྱེ་བྲག་ཏུ་གསལ་བཤད་བྱེད་རྒྱུ།  ཁེད་ཀྱི་རིགས་དབྱེ་བཤད་སྐབས་གཙོ་བོ་དངོས་པོའི་སྐོར་གྱི་ཁེད་དང་བྱ་བའི་སྐོར་གྱི་ཁེད་བཅས་སུ་དབྱེ་སྟེ་ནང་གསེས་རེ་རེ་བཞིན་བརྗོད་རྒྱུ་བཅས་སོ།།
བརྡ་ཆད་གཙོ་བོ། ཁེད། ལྡེའུ། གབ་ཚིག 
གླེང་གཞི།
  དེ་ཡང་ཁེད་ཅེས་པའི་མིང་འདི་ནི་གཙོ་བོ་ཨ་མདོའི་ཡུལ་ཕལ་ཆེ་བར་བཀོལ་བ་ལས་ཁམས་དང་དབུས་གཙང་སོགས་སུ་སྤྱིར་བཏང་དུ་ལྡེབས་སམ་ཡང་ན་ལྡེའུ། ལ་ལར་གབ་ཚིག་ཅེས་བརྗོད་ཀྱི་ཡོད་པ་དང༌། ཡུལ་ལ་ལར་རང་རང་གི་ལུང་སྐད་ལྟར་བརྗོད་ཚུལ་གཞན་ཡོད། དེ་ནི་ཡུལ་སྐད་ཀྱི་དབང་གིས་མ་གཏོགས་དོན་དམ་དུ་སྟོན་བྱ་གཅིག་པ་རེད། ཡིན་ཡང༌། སྙན་ངག་གི་གཞུང་དུ་བཤད་པའི་གབ་ཚིག་དང༌། ལོ་རྒྱུས་ཡིག་ཆ་སོགས་སུ་བརྗོད་པའི་ལྡེའུ་ཟེར་བ་དེ་གཉིས་དང་ཨ་མདོའི་ངག་རྒྱུན་གྱི་ཁེད་ཟེར་བ་འདི་དོན་གཅིག་པ་ཡིན་མིན་ཐད་ད་བར་དུ་ལྟ་ཚུལ་མི་འདྲ་བ་ཁ་ཤས་འདུག་སྟེ། འགའ་རེས་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་པ་དང༌། གབ་ཚིག་ནི་ཡུལ་སྐད་ཏུ་ཁེད་ཟེར་བ་དང་དོན་ཀུན་ནས་མཚུངས་པས་དེ་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞེས་དང༌། འགའ་རེས་དེ་གསུམ་ངོ་བོའི་ཐོག་ནས་དོན་གཅིག་ཏུ་ངོས་འཛིན་ཆོག་ཀྱང༌། ཞིབ་ཕྲའི་ཁྱད་ཆོས་ཀྱི་ཐོག་ནས་ཁྱད་པར་ཅུང་ཟད་ཡོད་ཅེས་བརྗོད་ཀྱི་ཡོད། ཡང་འགའ་རེས་དེ་གསུམ་ལ་ཁྱད་པར་ཆེན་པོ་ཡོད་པ་དང༌། རེ་རེ་ལ་ཁྱད་ཆོས་དང་ངོ་བོ་རེ་ཡོད་པས་དོན་གཅིག་ཏུ་ངོས་འཛིན་མི་རུང་ཞེས་བརྗོད་ཀྱི་ཡོད། འོ་ན་དོན་དམ་དུ་མིང་དེ་གསུམ་གྱི་འབྲེལ་བ་གང་འདྲ་ཞིག་ཡིན་པ་དང༌། ཁྱད་པར་དུ་ཁེད་ཅེས་པ་དེར་དམིགས་བསལ་གྱི་གོ་དོན་དང་ཁྱད་ཆོས་གང་དག་ཡོད་ཅེ་ན། གཤམ་དུ་ཁོ་བོས་དཔྱད་པའི་བློ་རིག་བརྡར་ཏེ་རེ་རེ་བཞིན་རང་ལུགས་ཇི་བཞིན་གསེད་དཀྲོལ་བྱ་རྒྱུའོ།།
དང་པོ། ཁེད་ཀྱི་གོ་དོན་བཤད་པ།
གཅིག  ཁེད་དང་གབ་ཚིག  ལྡེའུ་གསུམ་གྱི་འབྲེལ་བ།
༡ ཁེད་དང་གབ་ཚིག་གཉིས་ཀྱི་འབྲེལ་བ།
  ཁེད་དང་གབ་ཚིག་གཉིས་ཀྱི་འབྲེལ་བའི་ཐད་ཀྱང་དེ་གཉིས་མཐུན་པར་སྨྲ་བ་དང༌། མི་མཐུན་པར་སྨྲ་བའི་བའི་ལྟ་ཚུལ་རིགས་གཉིས་འདུག ཨ་ཁུ་དམུ་དགེ་བསམ་གཏན་ལགས་ཀྱིས་ཁེད་དང་གབ་ཚིག་གཉིས་ཀྱི་ཁྱད་པར་ལ། འབྱུང་ཁུངས་ཀྱི་ཁྱད་པར་དང་དུས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར། ཐ་སྙད་ཀྱི་ཁྱད་པར་བཅས་ཕྱོགས་བཞིའི་ཐད་ནས་དེ་གཉིས་མི་མཐུན་པར་བརྗོད་ཡོད་པ་དང༌། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་སྔོན་གྱི་སྙན་འབྲེལ་ཁག་ཏུ་དེ་གཉིས་མཐུན་པར་བརྗོད་ཡོད། ཡིན་ཡང༌། ཁོ་བོའི་ལྟ་ཚུལ་ནི་དེ་གཉིས་ངོ་བོའི་ཐོག་ནས་འདྲ་ཡང་ཞིབ་ཕྲའི་ཁྱད་པར་ཅུང་ཟད་ཡོད་དེ། སྙན་ངག་གི་གཞུང་དུ་བཤད་པའི་གབ་ཚིག་ལ་གཞུང་ལུགས་ཀྱི་ཚད་བཀག་ལྟར་ངེས་པར་དུ་ཚིག་རྐང་བཞི་ཅན་གྱི་ཚིགས་བཅད་ཤོ་ལོ་ཀ་གཅིག་རེ་བྱས་ཏེ་འབྲི་དགོས་ཀྱང་ཁེད་ནི་དེ་ལྟར་མ་ཡིན་པར་ཚིག་རྐང་རིང་ཐུང་དང་བཅད་ལྷུག་གི་ཁྱད་པར་མེད་པར་གང་འདོད་དུ་བརྗོད་ཆོག་པ་ཞིག་ཡིན།  གལ་ཏེ་ཁེད་དང་གབ་ཚིག་གཉིས་ཡོངས་སུ་འདྲ་ན། གབ་ཚིག་གི་དཔེར་བརྗོད་འབྲི་སྐབས། དཔེར་ན། སྤང་དཀར་ཐང་ན་ཚར་དུ་དངར་བ་ཡི། །གནག་སྣུམ་གོས་བཟང་གྱོན་པའི་བལ་ལྡན་གྲངས། །འཁར་བས་བགྲངས་བཞིན་རྫི་བོ་བར་མེད་དུ། །འགྱུར་ཁུག་གླུ་དབྱངས་སྟོང་གི་རྣམ་པར་བྲེལ། །ཞེས་པ་དེ་ཚིག་རྒྱན་སྣ་ཚོགས་ཀྱིས་སྤྲས་ཏེ་ཤོ་ལོ་ཀ་གཅིག་ཏུ་འབྲི་དགོས་དོན་མེད་པར་ཐད་ཀར་དམངས་ཁྲོད་ཀྱི་ཁེད་ལྟར། ཐང་དཀར་དཀར། ལུག་ནག་ནག  ལུག་རྫི་གླུ་བ་ཞེས་བྲི་ཆོག་སྟེ། དེ་གཉིས་ཀའི་གབ་བྱ་དོན་གཅིག་ཡིན་པས་སོ།། གཞན་ཡང་ཐ་སྙད་དང་འབྱུང་ཁུངས་ཀྱི་ཆ་ནས་གབ་ཚིག་གི་རྒྱན་ནི་རྒྱ་གར་གྱི་སྙན་ངག་མེ་ལོང་མ་བོད་དུ་དར་རྗེས་ད་གཟོད་བྱུང་བ་ཞིག་ཡིན་ཡང༌། དེའི་སྔོན་དུ་བོད་ལ་གབ་ཚིག་མེད་པ་མ་ཡིན་ཏེ་དམངས་ཁྲོད་ཀྱི་ཁེད་འདི་རིགས་ནི་བོད་རང་ས་ནས་དར་བའི་གབ་ཚིག་ཡིན།  སྐབས་འདིར་འགའ་རེས་ཁེད་ནི་བོད་རང་ས་ནས་དར་བའི་གབ་ཚིག་ཡིན་ན་ད་ནི་ཁེད་དང་གབ་ཚིག་གཉིས་འདྲ་བ་མ་ཡིན་ནམ་ཞེས་ལྡོག་འདྲི་བྱེད་སྲིད་ཀྱང༌། དེའི་སྐོར་ལ་གཤམ་ནས་རིམ་བཞིན་གསལ་བཤད་བྱ་རྒྱུ་ཡིན་ཏེ། ཁེད་ནི་གབ་ཚིག་གི་རིགས་ཤིག་ཡིན་པ་ཁོ་བོས་འདོད་ཀྱི་ཡོད་ཀྱང༌། དེ་དང་སྙན་ངག་གི་གཞུང་ལས་བཤད་པའི་གབ་ཚིག་གཉིས་ལ་ཁྱད་པར་ཡོད་པས། ང་ཚོས་ཁེད་ནི་དམངས་ཁྲོད་ཀྱི་གབ་ཚིག་ཡིན་ཞེས་བརྗོད་ན་འགལ་བ་མེད་པར་སྙམ། རྒྱ་ནག་པས་གབ་ཚིག་གི་རིགས་དབྱེ་སྐབས། དམངས་ཁྲོད་ཀྱི་གབ་ཚིག་དང༌། ཤེས་ཡོན་པས་ཡིག་ཐོག་ནས་བརྩམས་པའི་གབ་ཚིག་ཅེས་རིགས་ཆེ་བ་གཉིས་སུ་དབྱེ་སྲོལ་ཡོད་པ་བཞིན་དུ། ང་ཚོའི་བོད་ལའང་དམངས་ཁྲོད་ཀྱི་གབ་ཚིག་སྟེ་ཁེད་ཅེས་པ་འདི་དང༌། ཡིག་ཐོག་ནས་བརྩམས་པའི་གབ་ཚིག་དཔེར་ན་གབ་ཚིག་གི་རྒྱན་བཅུ་དྲུག་ལྟ་བུ་ཡོད་པས། འདིར་སྡོམ་ཚིག་ཅིག་ཐོབ་པ་ནི། གབ་ཚིག་ཡིན་ན་ཁེད་ཡིན་པས་མ་ཁྱབ་སྟེ། ད་དུང་གབ་ཚིག་གི་རྒྱན་བཅུ་དྲུག་ལྟ་བུ་ཡིག་ཐོག་ནས་བརྩམས་པའི་གབ་ཚིག་ཡོད་པ་དང༌། ཁེད་ཡིན་ན་གབ་ཚིག་ཡིན་པས་ཁྱབ་སྟེ། ཁེད་ནི་དམངས་ཁྲོད་ཀྱི་གབ་ཚིག་ཡིན་པའི་ཕྱིར་རོ། །
  གཞན་གསལ་བཤད་བྱེད་དགོས་པ་ཞིག་ནི་གབ་ཚིག་དང་གབ་ཚིག་གི་རྒྱན་གཉིས་ལ་ཁྱད་པར་ཡོད་དེ། གབ་ཚིག་ཡིན་ན་གོང་དུ་བརྗོད་པ་བཞིན་ཁེད་དང་གབ་ཚིག་གི་རྒྱན་བཅུ་དྲུག་སོགས་ཀྱི་སྤྱི་མིང་ལ་གོ་དགོས་ཀྱང༌། གབ་ཚིག་གི་རྒྱན་ཡིན་ན་དེའི་ཁོངས་སུ་ཁེད་མི་འདུས་ཏེ་གོང་དུ་བརྗོད་པ་བཞིན་དམངས་ཁྲོད་ཀྱི་ཁེད་དེ་གབ་ཚིག་གི་རྒྱན་དུ་འགོད་མི་རུང་བ་ལྟ་བུའོ། ། འདི་ལས་ཁེད་ནི་དམངས་ཁྲོད་ཀྱི་གབ་ཚིག་ཡིན་པས་སྤྱི་གབ་ཚིག་གི་བྱེ་བྲག་ཅིག་ཏུ་ངོས་བཟུང་ན་འགྲིག་པར་སྙམ།
༢ ལྡེའུ་དང་ཁེད་གཉིས་ཀྱི་འབྲེལ་བ།
  ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། གཞན་ཡང་སྔ་རབས་ལྡེའུ་དང༌། །ཡུལ་འགར་ཁེད་ཅེས་གྲགས་པ་ཡི།།གངས་ལྗོངས་རིག་རྩལ་ལས་འོངས་པའི། །ངོ་མཚར་གབ་ཚིག་རྣམ་གྲངས་མང༌། །[1]ཞེས་དང༌། དབྱངས་ཅན་ངག་གི་རོལ་མཚོ་ལས། གབ་ཚིག་ཅེས་བྱ་བ་སྔོན་གྱི་ལོ་ཙཱ་བ་ཆེན་པོ་ཀ་ཅོག་ལ་སོགས་པ་རྣམས་ཀྱིས་སྐུ་སྐའམ་ལྡེའུ་ཞེས་བསྒྱུར་བ་ནི་གངས་ཅན་བོད་ཡུལ་འདིར་དམ་པའི་ཆོས་མ་དར་བའི་གོང་རོལ་དུ་རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཟེར་བའི་ལྡེའུ་དེ་ཡིན་ཏེ། ད་ལྟ་ལྡེབ་རྒྱགས་པའམ་བསྐུལ་བར་ཡང་གྲགས་པ་འདི་ཡིན། དེས་ན་གབ་ཚིག་ཀྱང་འདི་དང་དོན་གཅིག་ཡིན་པས×××།[2]ཞེས་སོགས་སྔོན་གྱི་སྙན་འགྲེལ་ཁག་ཏུ་གབ་ཚིག་དང་ཁེད་ཟེར་བ་འདི་དང་སྔོན་གྱི་སྒྲུང་ལྡེའུ་བོན་གསུམ་ལས་ལྡེའུ་ཟེར་བ་འདི་གསུམ་དོན་གཅིག་ཏུ་དགོངས་ཀྱི་ཡོད་ཀྱང༌། ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་གིས། ཁེགས(ཁེད)འདི་རིགས་ལྡེའུ་དངོས་མིན་ནའང་ལྡེའུ་ཞེས་པ་དེའི་ཆ་ལག་ཅིག་ཡིན་ངེས་པ་དང༌། གནའ་བོའི་མི་བརྒྱུད་རྣམས་ཀྱིས་ཀྱང་ཁེགས་འདི་རིགས་བེད་སྤྱོད་བྱས་ཡོད་པ་ལ་ཐེ་ཚོམ་ཅི་ཞིག་ཀྱང་མེད། འོན་ཀྱང་ལྡེའུ་ཞེས་པ་དེ་ཁེགས་རིགས་ཁོ་ནར་ངོས་འཛིན་པ་དེ་ནི་ནོར་ཚབས་ཤིན་ཏུ་ཆེ་བ་ཞིག་སྟེ×××ལྡེའུ་ཞེས་བྱ་བ་དེའི་དངོས་དོན་ནི་དེ་དག་ལས་ཆེས་གཏིང་ཟབ་ཅིང་རྒྱ་ཆེ་བའི་གོ་དོན་དང་ལྡན་པ་ཞིག་ཡིན་ངེས་པ་ནི། བོད་ཀྱི་གནའ་བོའི་རྒྱལ་པོ་རྣམས་ཀྱི་མཚན་དུ་ལྡེ་དང་ལྡེའུ་མང་དུ་བྱུང་ཡོད་པ་དེ་ཁོ་ནས་ཤེས་ཐུབ། [3]ཅེས་དང༌། ལྡེའུ་ཞེས་བྱ་བ་དེའི་རྩ་གནད་ཆེས་གལ་ཆེ་ཤོས་ཤིག་ནི་དེང་དུས་ཡོངས་གྲགས་སུ་ཕྱ་མོ་ཞེས་པ་འམ་ཕྱ་མོ་ཞེས་པ་འདི་རིགས་ཀྱི་ཕྱི་མོ་གནའ་རབས་བོད་ཀྱི་སྲོལ་ལུགས་སུ་དར་སྲོལ་ཆེས་ཆེ་བ་ལྡེའུ་འཕྲུལ་དུ་གྲགས་པ་དེ་ཡིན།[4]ཞེས་པ་སོགས་ལས་ཁེད་དང་གབ་ཚིག་འདི་རིགས་ནི་ལྡེའུ་ཡི་ནང་གསེས་བྱེ་བྲག་པ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ་སྟེ། གནའ་བོའི་རིག་གནས་ལྡེའུའི་ཁོངས་གཏོགས་ལ་ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། འཕུར་ཤེས་ཇུ་ཐིག་སོགས་དང་གཞན་ཡང་ཁེད་དམ་སྡེབས་ཀྱང་དེའི་ཁོངས་སུ་གཏོགས་པ་ཡིན།[5]ཞེས་གསུངས་པ་ལས་ཀྱང་རྟོགས་ཐུབ་བོ། ། འདི་ལས་བརྗོད་བྱའི་དོན་རྣམས་རྗོད་བྱེད་ཚིག་གིས་གབ་ནས་སྟོན་པའི་གབ་ཚིག་གི་རིགས་འདི་ཡང་ལྡེའུའི་ཁོངས་གཏོགས་ཤིག་ཡིན་པ་ཤེས་སླ་བས། ཆེད་དུ་ལྡེའུ་དང་གབ་ཚིག་གཉིས་ཀྱི་འབྲེལ་བར་དབྱེ་ཞིབ་ཀྱི་ངལ་བ་བསྟེན་དགོས་དོན་མི་འདུག་གོ །
༣ ཁེད་དང་གབ་ཚིག ལྡེའུ་གསུམ་ཀའི་འབྲེལ་བ།
  གོང་དུ་ཁེད་དང་གབ་ཚིག་གཉིས་ཀྱི་འབྲེལ་བ་དང༌། ཁེད་དང་ལྡེའུ་གཉིས་ཀྱི་འབྲེལ་བར་དབྱེ་ཞིབ་བྱས་པ་ལས། ཁེད་དང་གབ་ཚིག  ལྡེའུ་གསུམ་གྱི་འབྲེལ་བ་ཅི་འདྲ་ཞིག་ཡིན་པའང་ཞོར་ནས་རྟོགས་ཐུབ་སྟེ། ཁེད་ནི་གབ་ཚིག་གི་ནང་གསེས་དམངས་ཁྲོད་ཀྱི་གབ་ཚིག་ཏུ་བརྩི་ཆོག་པ་དང༌། གབ་ཚིག་གི་རིགས་འདི་ལྡེའུའི་ཁོངས་གཏོགས་ཤིག་ཡིན་པས། དེ་གསུམ་ནི་སྤྱི་དང་བྱེ་བྲག་གི་འབྲེལ་བ་ཞིག་ཏུ་གྲུབ་ཡོད་དེ། རི་མོ་ཞིག་གི་ལམ་ནས་མཚོན་ན་ལྷག་པར་རྟོགས་སླ་སྟེ། དཔེ་རིས་ལས་གསལ་བ་ལྟར་རོ། །
གཉིས། ཁེད་ཀྱི་གོ་དོན།
༡ ཁེད་ཅེས་པའི་གོ་དོན།
  ཁེད་ཅེས་པའི་མིང་འདིའི་གོ་དོན་ལ་ཡང་བཤད་ཚུལ་སྣ་ཚོགས་ཤིག་ཡོད་དེ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཁེད་ནི་དམངས་ཁྲོད་དུ་ཡོད་པའི་གབ་ཚིག་གི་བརྡ་ཞིག་སྟེ། སྙན་ངག་གི་གབ་ཚིག་གི་རྒྱན་དང་འདྲ།[6]ཞེས་དང༌། མཁས་དབང་ཚེ་དན་ཞབས་དྲུང་མཆོག་གིས། གནའ་དུས་བོད་རྒྱལ་སྲོང་བཙན་སྒམ་པོ་ཡན་ཆོད་དུ་བོད་ལ་ཡི་གེ་མེད་པའི་རིང་ལ་རྒྱལ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པའི་ནང་ཚན་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་ཡིན་ལ།[7]ཞེས་པ་སོགས་མང་ཆེ་བས་ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་དུ་ངོས་འཛིན་པ་ཙམ་ལས། ཁེད་ཅེས་པའི་མིང་རང་སྟེང་གི་དོན་ཅི་ཞིག་ཡིན་པར་འགྲེལ་བཤད་བྱས་མི་འདུག འོན་ཀྱང༌། ལྡེའུ་ནི་ཁེད་ཀྱི་བརྡ་རྙིང་མིན་པ་ལྡེའུ་དང་ཁེད་གཉིས་ཀྱི་འབྲེལ་བ་ལས་ཀྱང་ཤེས་ཐུབ། དེ་ན་ཁེད་ཅེས་པའི་མིང་འདིའི་རང་སྟེང་གི་དོན་ཅི་ཞིག་རེད་ཅེ་ན། ཁོ་བོའི་འདོད་ཚུལ་ལྟར་ན་ཁེད་ཅེས་པ་འདི་ནི་དོན་སྟོན་རྒྱུ་ཡོད་པའི་མིང་རྐྱང་ཞིག་མིན་པར་ངེས་ཏེ། ཁོ་བོའི་མཐོང་རྒྱ་དོག་དྲགས་པས་མིན་ན་དག་ཡིག་གསར་བསྒྲིགས་སོགས་ཚིག་མཛོད་དང་བརྡ་དག་མང་པོ་ཞིག་ཏུ་ཡི་གེ་འདི་ལ་འགྲེལ་བརྒྱབ་ཡོད་པ་ཞིག་ཡེ་ནས་མི་འདུག་པས། དེ་ནི་ཡུལ་སྐད་ཀྱི་དབང་གིས་བྱ་ཚིག་མིང་དུ་གྱུར་བ་ཞིག་ཡིན་པ་འདྲ་སྟེ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ལགས་ཀྱིས། ×××དོན་སྟེང་དུ་ཁེལ་བས་ཁེད་པ་དང༌།[8]ཅེས་དང༌། ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་གིས། ལན་བཏབ་པས་ཇི་ལྟ་བ་བཞིན་ཐིག་པར་གྱུར་ན་ཁེལ་ནས་ཧབ་ཆ་འཆོར་བ་དང༌། མ་ཁེལ་ན་རྒྱལ་ལམ་སྐུགས་གང་བཞག་ཤོར་འགྲོ་བའི་ཁ་མཚར་དེ་དང་མཚུངསསོ། །[9]ཞེས་པ་དག་ལས་ང་ཚོས་གསལ་བོར་ཤེས་ཐུབ་པ་ནི། དམངས་ཁྲོད་དུ་གབ་ཚིག་འདྲི་རེས་བྱེད་སྐབས་གབ་ལན་དེ་གབ་བྱའི་དོན་གྱི་ཐོག་ཏུ་ཁེལ་བས་ན་གབ་ཚིག་ཁེལ་སོང་ཞེས་བརྗོད་པ་དེ་རིམ་གྱིས་ཡུལ་སྐད་ཀྱི་དབང་གིས་ཁེད་ཅེས་པར་གྱུར་སོང་བ་འདྲ། ཁེལ་ཅེས་པའི་ཡི་གེ་དེ་ལ་ཤུགས་སུ་ཡང་འཇུག་ད་དྲག་ཅིག་ཡོད་པས་ཁེལད་ཅེས་པའི་སྒྲ་ལྟར་ཀློག་དགོས་པ་དང༌། ཨ་མདོའི་སྐད་དུ་ཡང་འཇུག་གི་སྒྲ་དེའང་སྐབས་འགར་ཧ་ཅང་དག་པར་ཀློག་ཐུབ་པས་ཁེལད་ཅེས་པའི་ཡང་འཇུག་ད་དྲག་དེ་ཤུགས་ཆེན་པོས་བཀླགས་པར་རྗེས་སུ་ཡིག་ཐོག་ཏུ་འགོད་སྐབས་ཁེད་ཅེས་པའི་སྒྲ་དང་ཐག་ཉེ་བའི་རྐྱེན་གྱིས་དེ་ལྟར་བྲིས་ཏེ་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པར་ངེས། དེ་ལྟ་བུའི་དཔེར་བརྗོད་ཏུན་ཧོང་ཡིག་རྙིང་སོགས་སུ་ལྷག་པར་མང་པོ་ཡོད་དེ། ན་ལ་གཉིས་ལ་ད་དྲག་འཇུག་པའི་རྐྱེན་གྱིས་སྐབས་འགར་བར་གྱི་རྗེས་འཇུག་ན་དང་ལ་གཉིས་བོར་ཏེ་ཡང་འཇུག་ད་དྲག་རྗེས་འཇུག་གི་ཚབ་ཏུ་སྦྱར་བ་ལྟ་བུའོ། དཔེར་ན། བོནད་ཅེས་པ་བོད་དུ་གྱུར་བ་དང༌། བསྩལད་ཅེས་པ་བསྩད་དུ་གྱུར་བ་ལྟ་བུ་མང་ངོ༌།། གཞན་ཡང་ཨ་མདོའི་ས་ཁུལ་སྤྱི་དང་ཁམས་ཀྱི་ས་ཁུལ་ཁ་ཤས་མ་གཏོགས་སྤྱིར་བཏང་དུ་དབུས་གཙང་སོགས་ས་ཁུལ་དུ་ཁེད་ཅེས་མི་བརྗོད་པ་འདི་ལས་ཀྱང་ཁེད་ཅེས་པའི་ཡི་གེ་འདི་ནི་ཨ་མདོའི་ཡུལ་སྐད་ཀྱི་དབང་གིས་ཐོན་པའི་མིང་ཞིག་ཡིན་པ་གསལ་ལེར་རྟོགས་ཐུབ་པས། ཁོ་བོས་བློ་སྤོབས་ཆེན་པོས་ཁེད་ནི་ཁེལ་ཅེས་པའི་དོན་ཡིན་ཞེས་ཁ་ཚོན་བཅད་པའོ། །
༢ ཁེད་དང་དོན་གཅིག་པའི་མིང་གི་རྣམ་གྲངས།
  གདགས་གཞི་དམངས་ཁྲོད་ཀྱི་གབ་ཚིག་འདི་ཉིད་ལ་ཡུལ་སྐད་མི་གཅིག་པའི་དབང་གིས་མིང་གི་འདོགས་སྟངས་སྣ་ཚོགས་ཤིག་ཡོད་དེ།  ཁོ་བོས་བརྟག་དཔྱད་བྱས་པའི་གནས་ཚུལ་ལྟར་ན། ཨ་མདོ་བས་ཡོངས་ཁྱབ་ཏུ་ཁེད་ཅེས་བརྗོད་ཀྱི་ཡོད་ཀྱང༌། དེ་ལས་སི་ཁྲོན་རྔ་བའི་ས་ཆ་ཁ་ཤས་དང་ཀན་ལྷོའི་འབྲུག་ཆུ་ས་ཁུལ་དུ་ལྡེའུ་ཞེས་བརྗོད་ཀྱི་ཡོད་པར་བཤད། དེ་མིན་ཁམས་དཀར་མཛེས་ཀྱི་ས་ཆ་ཁ་ཤས་དང༌། ཡུན་ནན་བདེ་ཆེན་དང་ཆབ་མདོ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཡང་ཁེད་ཅེས་བརྗོད་ཀྱི་ཡོད། ཁམས་ཡུལ་ཤུལ་དང་ནག་ཆུ་སོགས་སུ་སྤྱིར་བཏང་དུ་སྡེབ་ཅེས་བརྗོད་ཀྱི་ཡོད་པ་དང༌། ལྡེབས་སམ་སྡེབས། ཡང་ན་ལྡེབ་དང་སྡེབ་སོགས་འབྲི་ཚུལ་མི་གཅིག་པ་མང་དུ་ཡོད། དཀར་མཛེས་ཀྱི་ས་ཁུལ་ཁ་ཤས་སུ།  ཅི་ཐུག་དང༌། ཨ་བལྟ་མི་བལྟ། ཨི་ཁེད་མི་ཁེད་སོགས་མིང་འདོགས་སྟངས་སྣ་ཚོགས་ཤིག་ཡོད་པ་འདྲ། དབུས་གཙང་གི་ས་ཆ་ལ་ལར་ཚིག་རྒྱག་རྒྱག་པ་དང༌།ཡང་འགའ་རེས་སྡེབ་ཟེར་བ། འགའ་རེས་གབ་ཚིག་ཅེས་བརྗོད་པ་དང༌། དེ་ལས་གཞིས་རྩེ་ས་ཁུལ་དུ་ཤོད་ཤོད་རྒྱུ་ཞེས་བརྗོད་ཚུལ་ཡོད་རབས་བཤད། ཆོས་རྒྱལ་ནམ་མཁའི་ནོར་བུ་མཆོག་གིས་ཁེགས་ཅེས་བྲིས་ཡོད་པ་འདི་ལ་དམིགས་བསལ་གྱི་ནང་དོན་ཅི་ཞིག་ཡོད་པ་མི་ཤེས་ཀྱང་དོན་ནི་དམངས་ཁྲོད་ཀྱི་གབ་ཚིག་འདི་ཉིད་ཡིན། དེ་མིན་སྙན་འགྲེལ་ཁག་ཏུ་སྐུ་སྐ་དང༌། བསྐུལ་སོགས་མིང་ཚིག་ཁ་ཤས་ཡོད་པའང་དོན་ལ་དམངས་ཁྲོད་ཀྱི་གབ་ཚིག་འདི་ཉིད་སྟོན་གྱི་ཡོད་པས། དེ་དག་ཚང་མ་ནི་གདགས་གཞི་གཅིག་ལ་འདོགས་སྟངས་མི་འདྲ་བ་དུ་མ་བྱུང་བ་ཙམ་མོ།། ༈ །།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།