ཁེད་ཀྱི་གོ་དོན་དང་ཁྱད་ཆོས་ལ་དཔྱད་པ།

རྩོམ་པ་པོ།:བླ་མ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-28 10:00:00 ཀློག་གྲངས།:

གཉིས་པ། ཁེད་ཀྱི་ཁྱད་ཆོས་བཤད་པ།
གཅིག  རྩོམ་ལུས་ཀྱི་ཁྱད་ཆོས།
  དམངས་ཁྲོད་ཀྱི་ཁེད་དང་ཤེས་ཡོན་པས་བརྩམས་པའི་ཡིག་ཐོག་གི་གབ་ཚིག་གཉིས་ཀྱི་མི་འདྲ་ས་གལ་ཆེ་ཤོས་ཤིག་ནི་རྩོམ་ལུས་ཀྱི་ཁྱད་པར་ཡིན་ཏེ། ཡིག་ཐོག་གི་གབ་ཚིག་ནི་གོང་དུ་བརྗོད་པ་བཞིན་ངེས་པར་དུ་ཚིགས་བཅད་ཡིན་དགོས་པ་མ་ཟད། ད་དུང་ཚིག་རྐང་བཞི་ཅན་གྱི་ཤོ་ལོ་ཀ་གཅིག་ཡིན་དགོས་མོད། དམངས་ཁྲོད་ཀྱི་གབ་ཚིག་སྟེ་ཁེད་ལ་མཚོན་ན་རྩོམ་ལུས་ཀྱི་ཐད་གཞུང་ལུགས་ཀྱི་ཚད་བཀག་མེད་པར་བཅད་ལྷུག་གང་རུང་ཡིན་ཆོག  འོག་ཏུ་ཁེད་ཀྱི་ཁྱད་ཆོས་བརྗོད་པའི་སྐབས་སུ་ཡིག་ཚོགས་ཀྱི་དབང་གིས་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་དཔེར་བརྗོད་གཅིག་ནས་གཉིས་མ་གཏོགས་འབྲི་རྒྱུ་མིན་པ་ཐུགས་ལ་འདོགས་པར་ཞུ།
༡ ཚིགས་བཅད་ཀྱི་རྣམ་པ།
ཚིགས་བཅད་ཀྱི་རྣམ་པ་ལ་ཡང་ཚིག་རྐང་གཉིས་ཅན་དང་ཚིག་རྐང་གསུམ་ཅན། ཚིག་རྐང་བཞི་ཅན། ཚིག་རྐང་མང་པོ་ཅན་བཅས་རིགས་བཞིར་དབྱེ་ཆོག་པ་ལས།
① ཚིག་རྐང་གཉིས་ཅན།
དཔེར་ན། ནམ་ཚོད་འཛིན་པའི་ལྷ། །ཐང་མ་བརྡལ་བའི་འདྲེ། ། ཅི་ཁེད། དེ་ཕོ།ལྟ་བུའོ།།
② ཚིག་རྐང་གསུམ་ཅན།
དཔེར་ན། རྒྱ་ནག་ཡུལ་གྱི་གོས་གོན་མ། །རྒྱ་མཚོའི་གཏིང་གི་ཆུ་འཐུང་མ། །རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ། །ཅི་ཁེད། བུམ་པ། ལྟ་བུའོ། །
③ ཚིག་རྐང་བཞི་ཅན།
དཔེར་ན། སྐྱེ་གཟུགས་དྲང་བའི་དཔའ་བོ་ཞིག །ཀླད་པའི་གཙུག་ན་ཁ་ཅིག་ཡོད། །འགྲམ་པའི་ཐོག་ན་སྤུ་ཞིག་ཡོད། །རྐང་བའི་མགོ་ན་ལྕགས་ཤིག་ཡོད། །ཅི་ཁེད། མདའ།ལྟ་བུའོ། །
④ ཚིག་རྐང་མང་པོ་ཅན།
དཔེར་ན། རྒྱ་རྫོང་ནགས་ལ་མི་ཐོག ། རྒྱ་སྟག་ངར་མའི་དོ་ཟླ།། ཤ་དང་ཁྲག་ལ་འཚོ་རྟེན།། རི་སྤྱང་སྔོན་མོའི་དོ་ཟླ།། སྐད་ཅིག་མྱུར་དུ་ཐོན་པ།།འདབ་ཆགས་བྱ་ཡི་དོ་ཟླ།།ཅི་ཁེད། ཤ་སྦྲང༌།ལྟ་བུའོ། །
༢ ཚིག་ལྷུག་གི་རྣམ་པ།
  ཚིག་ལྷུག་གི་རྣམ་པའི་ཁོངས་སུ་ཚིག་རྐང་གཅིག་ཅན་ཡང་བསྡུས་ཡོད་པས། འདིར་ཚིག་རྐང་གཅིག་ཅན་དང་ཚིག་རྐང་མང་པོ་ཅན་གཉིས་སུ་དབྱེ་སྟེ་བརྗོད་ན།
① ཚིག་རྐང་གཅིག་ཅན།
དཔེར་ན། རྒན་པོ་རྐང་གཅིག་རལ་བ་གནམ་ལ་གཟེངས།ཅི་ཁེད། སྡོང་བོ།ལྟ་བུ་དང༌། ཡང་དཔེར་ན། རི་ཞིག་གི་ངོ་ན་ཟོ་བ་གཉིས་ཁ་ཐུར་དུ་བསྟན་ནས་ཡོད། ཅི་ཁེད། སྣ།ལྟ་བུའོ།།
② ཚིག་རྐང་མང་པོ་ཅན།
དཔེར་ན། མཁར་ནང་དུ་འགྲོ་དུས་དམག་ལྭ་ནག་པོ་གོན། མཁར་ནང་ནས་དམག་ལྭ་དམར་པོ་གོན། སྒོ་ལ་ཡོང་དུས་དམག་ལྭ་དཀར་པོ་གོན།ཅི་ཁེད། རིལ་མ་ཐབ་ཀའི་ནང་དུ་དེད་ནས་ཐལ་བར་གྱུར་བ། ལྟ་བུའོ། །
གཉིས། བརྡ་སྤྲོད་ཀྱི་ཁྱད་ཆོས།
  ཁེད་ནི་དམངས་ཁྲོད་ནས་དར་ཞིང་འཕེལ་བ་ཞིག་ཡིན་པས་ཁེད་ཀྱི་རྩོམ་པ་པོ་ནི་ཕལ་ཆེར་ཞིང་འབྲོག་ཡིག་རྨོངས་བ་དག་དག་ཡིན། དེའི་རྐྱེན་གྱིས་ཁེད་ཀྱི་ཚིག་སྦྱོར་དེ་ཡིག་ཐོག་གི་གབ་ཚིག་ལྟར་བརྡ་སྤྲོད་དང་མཐུན་པ་ཞིག་མིན་པ་དང༌། ཡུལ་སྐད་ཀྱི་ཤན་ཞུགས་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན། དེའང་དམངས་ཁྲོད་ཀྱི་ཁེད་དང་ཡིག་ཐོག་གི་གབ་ཚིག་གཉིས་ཀྱི་ཁྱད་པར་མངོན་གསལ་དོད་པོ་ཞིག་ཡིན། ༡ ཕྲད་ཡུལ་སྐད་ལྟར་བཀོལ་ཡོད་པ།
  དཔེར་ན། ནགས་འདབས་གི་གླ་བོ་ཁེར་ཉལ། ཞེས་པ་ལྟ་བུ་དང༌། ཡང༌། རི་བོ་བུམ་པའི་གཡས་གཡོན་ན། གསེར་གི་ཉ་མོ་ཁ་སྤྲོད་ཟིག ཅི་ཁེད། རྣ་བ། ཞེས་པའི་ཁྲོད་ཀྱི་ཕྲད་གི་ཞེས་པ་དེ་སྤྱིར་བརྡ་སྤྲོད་དང་མཐུན་པའི་སྒོ་ནས་སྦྱར་ན་སྔ་ཕྱིར་ཀྱི་དང་གྱི་གཉིས་འབྲི་དགོས་ཀྱང་ཡུལ་སྐད་ཀྱི་དབང་གིས་རྒྱུན་དུ་གི་ཞེས་བརྗོད་པ་ལྟ་བུའོ།། ཡང༌། གསེར་གི་ཉ་མོ་ཁ་སྤྲོད་ཟིག་ཅེས་པ་བརྡ་སྤྲོད་ལྟར་བྲིས་ན་ཅིག་ཅེས་འབྲི་དགོས་ཀྱང༌། ཨ་མདོའི་ཁ་སྐད་དུ་རྒྱུན་དུ་ཅིག་ཞིག་ཤིག་གསུམ་གྱི་ཚབ་ཏུ་ཟིག་ཞེས་བརྗོད་པས་ཁེད་ཀྱི་ནང་དུའང་དེ་ལྟར་བརྗོད།
༢ མིང་བརྡ་ཡུལ་སྐད་ལྟར་བཀོལ་ཡོད་པ།
  དཔེར་ན། སྐེ་རགས་མ་བཅིངས་གཟུགས་ཡག་མ། མྱིད་དག་མེད་པའི་སྐད་ཡག་མ།ཅི་ཁེད།དྲིལ་བུ།ཞེས་པའི་ཁྲོད་ཀྱི་མྱིད་དག་ནི་མིད་པའི་དོན་ཡིན་ཡང་ཨ་མདོའི་ཁ་སྐད་དུ་མྱིད་དག་ཅེས་བརྗོད་པ་ལྟ་བུའོ།།
༣ ཚིག་གི་བརྗོད་ལུགས་ཡུལ་སྐད་ལྟར་བཀོལ་བ།
  དཔེར་ན། ལས་མཁན་ལྔ་ཡིས་བཟུང་ཐལ། དམག་མི་སུམ་ཅུས་བསད་ཐལ། དམྱལ་བའི་འཕྲང་ལ་བསྐྱལ་ཐལ།ཅི་ཁེད། རྩམ་པ་ཟས་པ།ཞེས་པའི་ཁྲོད་ཀྱི་ཐལ་ཞེས་པ་ནི་ཨ་མདོའི་ཁ་སྐད་ཀྱི་ཚིག་གི་བརྗོད་ལུགས་ཤིག་ཡིན་པ་དང༌། ཡིག་སྐད་ལྟར་བྲིས་ན། ལས་མཁན་ལྔ་ཡིས་བཟུང་སོང༌། དམག་མི་སུམ་ཅུས་བསད་སོང༌།དམྱལ་བའི་འཕྲང་ལ་བསྐྱལ་སོང༌། ཞེས་པ་ལྟར་འབྲི་དགོས།
༤ རྒྱན་ཚིག་ཡུལ་སྐད་ལྟར་བཀོལ་ཡོད་པ།
  དཔེར་ན། གྱི་ལི་མུ་ལི་ཟླ་འདྲ་བའི་དཀྱིལ་ན། གྲུ་བཞི་མུ་བཞི་བྲེ་འདྲ་འདྲ།ཅི་ཁེད། དུང་ཙེ།ཞེས་པའི་ཁྲོད་ཀྱི་གྱི་ལི་མུ་ལི་ནི་སྒོར་སྒོར་གྱི་དོན་དང༌། གྲུ་བཞི་མུ་བཞི་ནི་གྲུ་བཞི་མའི་དོན་ཡིན་པ་དང༌། ལུང་སྐད་ལྟར་བརྗོད་པ་ཡིན་པས་འགའ་རེས་གོ་བ་ལོན་དཀའ་ཚོད་རེད། དེ་ལྟ་བུའི་དཔེར་བརྗོད་མང་ཡང་འདིར་གཅིག་གིས་འཐུས་པར་བྱས་སོ།།
གསུམ། ཚིག་རྒྱན་གྱི་ཁྱད་ཆོས།
  ཁེད་ཀྱི་རྩོམ་པ་པོ་ནི་མང་ཚོགས་ཡིག་རྨོངས་པ་དག་ཡིན་ཡང༌། ཁེད་ཀྱི་ཚིག་རྒྱན་གྱི་ཁྱད་ཆོས་དང་ཚིག་གི་སྡེབ་སྦྱོར། སྐད་ཆའི་མཛེས་ཉམས་སོགས་ཀྱི་སྒྱུ་རྩལ་ཐད་ཡིག་ཐོག་ནས་བརྩམས་པའི་གབ་ཚིག་ལས་ཀྱང་འབུར་དུ་ཐོན་པའི་ཁྱད་ཆོས་ཡོད་པ་འདི་ལས་ཞིང་འབྲོག་མང་ཚོགས་ཀྱི་བློ་རིག་དང་ཤེས་རབ་ཀྱི་རྩལ་ལས་ཐོན་པའི་ཁེད་ལ་རིན་ཐང་གཞལ་དུ་མེད་པ་ཤེས་ཐུབ་པ་དང༌། དམངས་ཁྲོད་རྩོམ་རིག་གི་རིན་ཐང་དང་དགེ་མཚན་ཀྱང་ཟུར་བལྟས་ལེབ་མཐོང་གི་ཚུལ་གྱིས་གསལ་བོར་ཤེས་ཐུབ། ཁེད་ཀྱི་ཚིག་རྒྱན་གྱི་ཁྱད་ཆོས་ཐད་ལ་སྤྱིར་བཏང་དུ་གཤམ་གསལ་གྱི་ཕྱོགས་ཁ་ཤས་ནས་བརྗོད་ན་འགྲིག་པར་སྙམ་སྟེ།
༡ སྒྲ་རྒྱན་ལས་ཟུང་ལྡན་གྱི་རྒྱན་གྱི་ཁྱད་ཆོས་ཡོད་པ།
  དཔེར་ན། རྒྱ་ནག་ཡུལ་གྱི་གོས་གོན་མ། རྒྱ་མཚོའི་གཏིང་གི་ཆུ་འཐུང་མ། རྒྱ་རྫོང་ནགས་ཀྱི་བྱ་འཛིན་མ།ཅི་ཁེད། བུམ་པ།ལྟ་བུར་མཚོན་ན། ཟུང་ལྡན་གྱི་རྒྱན་ལས་ཐོག་མཐའ་གཉིས་ན་ཡོད་པའི་ཟུང་ལྡན་ཡིན། ཡང་དཔེར་ན། འགྲོ་དུས་ཟ་མ་ཟུར་གིས་འགྲོ། འདུག་དུས་ལ་མ་ལེབ་གིས་འདུག ཅི་ཁེད། གྲི ལྟ་བུ་ཤིན་ཏུ་མང་ཡང་ཡིག་ཚོགས་ཀྱི་དབང་གིས་འདིར་དེ་ཙམ་གྱིས་ཆོག་པར་བྱ།
༢ དཔེ་རྒྱན་གྱི་ཁྱད་ཆོས་ལྡན་པ།
  དཔེར་ན། དང་པོ་མཛོ་ཆུང་རྭ་འདྲ་འདྲ། བར་དུ་དཀྱིལ་འཁོར་ཐིག་འདྲ་འདྲ། ཐ་མ་རྐུན་མས་རྐུས་དང་འདྲ། ཅི་ཁེད། ཟླ་བ།ལྟ་བུར་མཚོན་ན། གབ་བྱ་ཟླ་བའི་ཁྱད་ཆོས་ལ་གབ་བྱེད་མཛོ་ཆུང་གི་རྭ་དང་དཀྱིལ་འཁོར་གྱི་ཐིག་སོགས་དཔེར་བཀོད་ནས་གཟུགས་བརྙན་ལྡན་པ་ཞིག་མཚོན་ཡོད་པ་དང༌། ད་དུང་མཚུངས་པ་གསལ་བྱེད་ཀྱི་སྒྲ་ཡང་སྦྱར་ཡོད་པ་འདི་ལྟ་བུ་ཧ་ཅང་མང༌།
༣ གཟུགས་རྒྱན་གྱི་ཁྱད་ཆོས་ཡོད་པ།
  དཔེར་ན། དམར་པོ་ཁྲག་གི་ཕོ་བྲང་ན། དཔའ་རྟུལ་སུམ་ཅུ་མཚམས་ལ་བཞུགས། ཅི་ཁེད།སོ། ལྟ་བུར་མཚོན་ན། དུང་སོ་སུམ་ཅུའི་གཟུགས་སུ་དཔའ་རྟུལ་སུམ་ཅུ་བཀོད་པ་ལྟ་བུའོ།།
༤ རང་བཞིན་བརྗོད་པའི་རྒྱན་གྱི་ཁྱད་ཆོས་ཡོད་པ།
  དཔེར་ན། དམར་པོ་བྱུ་རུའི་ཐོད་པ་ཅན། དཀར་པོ་དུང་གི་ཁོག་པ་ཅན། སྔོན་པོ་གཡུ་ཡི་རལ་བ་ཅན། ལྟས་ངན་ཙི་གུའི་རྔ་མ་ཅན། ཅི་ཁེད། ལ་ཕུག  ལྟ་བུར་ལ་ཕུག་གི་ཁ་དོག་དང་ཁྱད་ཆོས་ཇི་བཞིན་བརྗོད་ཡོད་པ་ལྟ་བུའོ།།
  སྤྱིར་བཏང་དུ་ཁེད་ལ་རྒྱན་གྱི་ཁྱད་ཆོས་འདི་དག་ལས་གཞན་ད་དུང་སྙན་ངག་མེ་ལོང་གི་རྒྱན་གྱི་ཁྱད་ཆོས་མང་པོ་ཞིག་འཛོམས་ཡོད་ངེས་ཀྱང༌། གོང་དུ་བཀོད་པ་དག་ནི་ཅུང་རྒྱུགས་ཆེ་བ་དང་ཁྱབ་ཆེ་བ་དག་ཡིན་པས། འདིར་གཙོ་བོ་རིགས་བཞི་ཙམ་ལས་བཀོད་མེད་པས་རྣམ་དཔྱོད་ཡངས་པ་ཚོས་མུ་མཐུད་དུ་དཔྱད་པ་བཏང་ན་འོས།
བཞི། ཁྱད་ཆོས་གཞན་དག
༡ གབ་བྱེད་གཅིག་ལ་གབ་བྱ་གཉིས་སྟོན་རྒྱུ་ཡོད་པ།
  དཔེར་ན། མཆུ་ཏོ་མེད་པའི་ས་བརྐོ་མ། ཞེས་པ་ལྟ་བུར་མཚོན་ན། ཁེད་ལན་གཉིས་ཡོད་དེ། གཅིག་ནི་ས་སོགས་བརྐོ་བྱེད་ཀྱི་ལྕགས་ཁེམ་དང༌། གཅིག་ནི་ཐིགས་ཆུའོ། ། གཞན་ཡང་དཔེར་ན། རྒྱལ་བོ་གཅིག་ལ་བློན་པོ་བཞི། འཁོར་གྱི་ཚགས་བཅུ་གཉིས་དང༌། འབངས་ནི་སུམ་བརྒྱ་དྲུག་ཅུའོ། ཞེས་པ་ལྟ་བུར་མཚོན་ན་ཡང་ཁེད་ལན་གཉིས་ཡོད་དེ། གཅིག་ནི་སླེ་བོ་དང༌། གཉིས་ནི་ལོ་འཁོར་གཅིག་གི་དོན་ཡིན་ནོ།།
༢ གབ་བྱ་གཅིག་ལ་གབ་བྱེད་སྣ་ཚོགས་བཀོད་པ།
  དཔེར་ན། མི་ཆུང་བརྒྱ་ལ་ཁྱིམ་ཆུང་གཅིག ལྟ་བུ་དང༌། ཁང་ཆུང་གཅིག་ནང་ཨ་ནེ་བརྒྱ། ཞེས་པ་དང༌། མི་བརྒྱ་གྲུ་གཅིག ཞེས་པ་ལྟ་བུར་མཚོན་ན་གབ་བྱ་མུ་ཟི་ཡིན་པ་དང༌། གབ་བྱེད་གྲུ་དང་ཁང་པ་སོགས་བཀོད་པ་ལྟ་བུའོ།། ཡང་དཔེར་ན། ཨ་ཕ་ཨ་མར་མིག་ཡོད། བྱིས་པ་བཙས་ན་མིག་མེད། ཅེས་པ་དང༌། གུར་དཀར་པོའི་ནང་བླ་མ་སེར་པོ་སྡོད། ཅེས་པ་དང༌།  ཁང་ཆུང་དཀར་མོ་སྒོ་མེད། ཅེས་པ་ལྟ་བུར་མཚོན་ན། གབ་བྱ་སྒོ་ང་ཡིན་པ་དང༌། གབ་བྱེད་སྣ་ཚོགས་བཀོད་ཡོད་པ་སོགས་འདི་རིགས་ཀྱི་དཔེར་བརྗོད་ཤིན་ཏུ་མང་ཡང་འདི་ཙམ་གྱིས་ཆོག་པར་བྱའོ།།

【མཆན་འགྲེལ།】
[1] དུང་དཀར་བློ་བཟང་འཕྲིན་ལས།  སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་2001ལོའི་ཟླ་9པར་དཔར། ཤ535ན་གསལ།
[2] འབྲུག་ཁམས་སྦྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་1986ལོའི་དཔར་མ། ཤ624ན་གསལ།
[3] ནམ་མཁའི་ནོར་བུ།  ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང༌། 1994ལོའི་ཟླ་12 པར་དཔར། ཤ265ན་གསལ།
[4] ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་སྒྲིག ཤ271ན་གསལ།
[5] དབང་གྲགས་དང་ཡར་འགྲོ། ལྡེའུ་དང་ཁེད་གཉིས་ཀྱི་ཁྱད་པར་རགས་ཙམ་བརྗོད་པ། བོད་ལྗོངས་ཞིབ་འཇུག 1995ལོའི་དེབ་4བ། ཤ45་གསལ།
[6] ཀྲང་དབྱི་སུན་གྱིས་གཙོ་སྒྲིག་བྱས་པ། བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་གིས་2004ལོའི་ཟླ་8པར་དཔར། ཤ238ལ་གསལ།
[7] ཚེ་ཏན་ཞབས་དྲུང༌། སྙན་ངག་སྤྱི་དོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1981ལོའི་ཟླ8པར་དཔར། ཤ133ལ་གསལ།
[8] འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། སྙན་ངག་མེ་ལོང་གི་འགྲེལ་བ་དབྱངས་ཅན་དགྱེས་པའི་རོལ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་1984ལོའི་ཟླ་9པར་དཔར། ཤ319ལ་གསལ།
[9] སྙན་ངག་སྤྱི་དོན། ཤ123ན་གསལ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།