༄༅། །དཀར་བརྗིད་སྟོང་དཔོན་གྱི་གཞིས་ར།
རྩོམ་པ་པོ།:པདྨ་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-10-11 09:24:01
ཀློག་གྲངས།:
གཞིས་ར་འདི་ནི་དཀར་བརྗིད་ཡུལ་ཚོའི་ཨ་མ་མཚོ་འཁྱིལ་དང་ཨ་མྱེས་གདོང་རིའི་དབུས་སུ་ཡོད་པའི་ཨ་མྱེས་སྒོ་རྩེ་འདབས་རོལ་དུ་དཔལ་ཁ་ཅོག་ལ་མཚལ་རྩེའམ་སྟོབས་ལྡན་སྒང་ལ་གཏད་དེ་བཞེངས་སྐྲུན་བྱས་འདུག་ལ། ལོ་རྒྱུས་ཡིག་ཚང་ལྟར་ན་གཞིས་ར་འདིར་སྤྱི་ལོ(1788-2024)ལོའི་བར་གྱི་ལོ་ངོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་། དཔོན་རབས་བཅུ་ཡོད་དེ། དཔོན་རབས་དང་པོ་པངྨ་ཆོས་འཕེལ་སྤྱི་ལོ(1788-1826)ལོའི་བར་དང་། དཔོན་རབས་གཉིས་པ་ཀུན་ནེ་སྤྱི་ལོ(1826-1854)ལོའི་བར། དཔོན་རབས་གསུམ་པ་རྒྱ་མཚོ་སྤྱི་ལོ(1854-1883)ལོའི་བར། དཔོན་རབས་བཞི་བ་འཇིགས་མེད་རྡོ་རྗེ་སྤྱི་ལོ(1883-1911)ལོའི་བར། དེའི་སྐུ་རིང་ལ་སྒོ་མེ་ཚོ་དགུ་གནམ་ཐང་ཨ་རིག་ཆུ་སྔོན་མན་ཆད། ཞིན་ཧེ་རྫོང་ཡོངས་དང་བཏུལ་ཐང་གསུམ་རྣམས་སྒོ་མེ་གོང་མ་ཡིན་པ་དང་། གུང་ཧོ་རྫོང་ཡོངས་དང་མཚོ་ནུབ་ཁུལ་དུར་ལམ་རྫོང་སྒོ་མེ་ཞང་ཁ། ཁྲི་ཀ་རྫོང་ལྷ་ཁང་ཐང་གུང་ཧྲེ་ཡོངས་སྒོ་མེ་བར་མ་ཡིན། ཧོང་ཡོན་རྫོང་འབུམ་ཁང་སྡེ་བའི་ཤར་ཕྱོགས་ནས་གཡུ་ཚ་གུང་ཧྲེ། ལྕང་རའི་ཤིང་སྒོ་ཡན་ཆད་སྒོ་མེ་ཞོལ་མ་ཡིན། དཔོན་རབས་ལྔ་བ་བྱམས་པ་སྤྱི་ལོ(1911-1920)ལོའི་བར། དཔོན་རབས་དྲུག་པ་དཔོན་པོ་ལྷ་འབྲུག(ཨ་ག་ཆེ་ཡང་ཟེར)སྤྱི་ལོ(1920-1943)ལོའི་བར། དཔོན་རབས་བདུན་པ་ནོར་བུ་སྤྱི་ལོ(1943-1945)ལོའི་བར། དཔོན་རབ་བརྒྱད་པ་སྟོབས་ལྡན་སྤྱི་ལོ(1945-1948)ལོའི་བར། དཔོན་རབས་དགུ་པ་པདྨ་མ་དབང་ཕྱུག་སྤྱི་ལོ(1948-1949)ལོའི་བར། དཔོན་རབས་བཅུ་བ་ནོར་བུ་སྤྱི་ལོ(1949-1951)ལོའི་བར་བཅས་ཡིན་ནོ། །
དཀར་བརྗིད་དཔོན་ཚང་གི་གཞིས་རའི་སྒོ་ཆེན།
གཞིས་ར་འདིའི་རྒྱ་ཁྱོན་ལ་མུའུ་གྲུ་བཞི་མ1470ལྷག་ཡོད་ལ། འདིའི་བཀོད་པ་ནི་གཞིས་རའི་གཡས་གཡོན་དང་མདུན་ཕྱོགས་ཡོངས་སུ་མཛེས་ཉམས་དོད་པོ་འཆར་པའི་རྒྱ་ཕིབས་དང་མདའ་ཡབ། ལན་ཀན་བཅས་ཡོད་པའི་ཉིས་ཐོག་ཅན་གྱི་ཤིང་ཁང་མང་པོ་བཟོ་སྐྲུན་བྱས་འདུག་ལ། རྒྱབ་ཕྱོགས་ཡོངས་སུ་བརྗིད་ཉམས་ལྡན་ཞིང་མཆོད་རྟེན་གྱི་བང་རིམ་ལྟར་བཀོད་པ་མཛེས་པའི་རྒྱ་ཕིབས་དང་མདའ་ཡབ། ལན་ཀན་བཅས་ཡོད་པའི་བཞི་ཐོག་ཅན་གྱི་ཤིང་ཁང་མང་པོ་བཟོ་སྐྲུན་བྱས་འདུག་པ་དང་། བཞི་ཐོག་གི་གྱན་ལྔ་ཅན་གྱི་མཆོད་ཁང་གི་གཡས་གཡོན་གཉིས་སུ་གྱན་གཉིས་ཅན་གྱི་མཚམས་ཁང་རེ་ཡོད་ལ། དེའི་མདུན་ཕྱོགས་ཀྱི་ལྷས་རའི་མར་རྒྱུད་ན་ཁ་བྱང་ལྟ་བྱས་པའི་ཁང་མིག་གྱན་གསུམ་ཡོད་ལ། དེ་ཡི་ཡང་གཡོན་ཕྱོགས་སུ་མི་བགྲོད་སའི་བར་ཁྱམས་ཆུང་ངུ་ཞིག་ཡོད།
དཀར་བརྗིད་དཔོན་ཚང་གི་གཞིས་ར།
བསྡོམས་པས་ཁང་མིག38ཡོད། ད་དུང་གཅིག་ཐོག་གི་གཡས་གཡོན་དབུས་སུ་ཉིས་ཐོག་ཏུ་འགྲོ་སའི་རྡོ་སྐས་གཅིག་དང་། ཉིས་ཐོག་གི་གཡས་གཡོན་དབུས་སུ་གསུམ་ཐོག་ཏུ་འགྲོ་སའི་རྡོ་སྐས་གཅིག གསུམ་ཐོག་གི་གཡས་གཡོན་དབུས་སུ་བཞི་ཐོག་ཏུ་འགྲོ་སའི་རྡོ་སྐས་ཆེ་བ་གཅིག་དང་། གཡས་གཡོན་གཉིས་སུ་རྡོ་སྐས་ཆུང་བ་རེ་བཅས་རྡོ་སྐས་ཆེ་ཆུང་ལྔ་མཚར་དུ་དངར་བའི་ངང་བཟོ་སྐྲུན་བྱས་འདུག མདུན་ཕྱོགས་ཀྱི་ཕྱི་རའི་དབུས་སུ་ཀླད་ཟླ་གམ་གྱི་དབྱིབས་སུ་ཡོད་པའི་སྒོ་ཆེན་ཞིག་ཟླ་བའི་ཁང་བཟང་བཞིན་བཞེངས་སྐྲུན་བྱས་འདུག སྤྱི་ལོ1988ལོར་དཀར་བརྗིད་སྟོང་དཔོན་གཞིས་ར་ཞིང་ཆེན་རིམ་པའི་རིག་རྫས་སྲུང་སྐྱོང་ལས་ཁུངས་ཀྱི་གྲས་སུ་བཞག གཞིས་ར་འདི2011ལོར་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་སྟེ་ཞིག་གསོ་ཐེངས་གཅིག་མཛད་པ་དང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་འགས་ཀྱང2020ལོར་མ་དངུལ་འབོར་ཆེན་བཏང་སྟེ་ཕྱི་ར་ཞིག་གསོ་མཛད། གཞན་ད་དུང་འདིའི་ནང་དུ་ལོ་མང་འགོར་བའི་གནའ་རྫས་ཀྱང་མང་པོ་ཡོད་ཅེས་སྐད།
རྩོམ་ཁུངས། ༢༠༢༤ལོའི«ལྗོན་དབང»དེབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།