བརྙན་འཕྲིན་འཁྲབ་ཁྲིད་པར་ངེས་པར་དུ་འཛོམས་དགོས་པའི་གོ་རྟོགས་དང་ནུས་རྩལ་སྐོར་རོབ་ཙམ་གླེང་བ།
བརྙན་འཕྲིན་འཁྲབ་ཁྲིད་པར་ངེས་པར་དུ་འཛོམས་དགོས་པའི་གོ་རྟོགས་དང་ནུས་རྩལ་སྐོར་རོབ་ཙམ་གླེང་བ།
བསོད་རྡོ། (གཅན་ཚ)
འཁྲབ་ཁྲིད་པའི་ཐོབ་ཐང་ནི་དམིགས་བསལ་གྱི་ཐོབ་ཐང་ཞིག་ཡིན་པས། འགན་ཁུར་ཧ་ཅང་ལྕི་བ་ཞིག་ཡིན། དེར་བརྟེན། འཁྲབ་ཁྲིད་སློབ་སྦྱོང་བྱེད་རྒྱུ་དང་འཁྲབ་ཁྲིད་པ་གསོ་སྦྱོང་བྱེད་རྒྱུ་ནི་མི་རང་ཉིད་ཀྱི་རྒྱུད་ན་མངའ་བའི་གཤིས་ཀའི་གོ་རྟོགས་དེ་མཐོར་འདེགས་སུ་བཏང་སྟེ་ཤེས་རྒྱུད་བཟང་བའི་ཕྱོགས་སུ་གོམས་པར་དོ་སྣང་ཆེན་པོ་བྱེད་དགོས་པ་དེ་རེད། འདིར་ཕྲན་གྱིས་གཤམ་གསལ་ཕྱོགས་ཀྱི་འགའི་ཐད་ནས་འདིའི་སྐོར་མདོར་ཙམ་གླེང་བར་བྱའོ།
གནད་ཚིག བརྙན་འཕྲིན་སྒྱུ་རྩལ། འཁྲབ་ཁྲིད། འཁྲབ་ཁྲིད་པ། རང་རྒྱུད་ཀྱི་གོ་རྟོགས། ནུས་རྩལ། དམིགས་བསལ་གྱི་ཐོབ་ཐང་།
དང་པོ། སྤྱང་རིག་གི་རང་བཞིན་ཅུང་ཟད་འཛོམས་དགོས།
སྤྱང་རིག་ཅེས་པ་ནི་འདིར་སྒྱུ་རྩལ་གྱི་ཚོར་སྣང་བཟང་པ་ལ་ཟེར་ཞིང་། ཚོར་སྣང་ནི་བསམ་པའི་གོ་རིམ་ཐད་ཀར་བ་དེར་བསྟན་པ་དང་། དེས་རྙོག་འཛིང་ཆེ་བའི་བསམ་པའི་གོ་རིམ་གྱི་རྨང་གཞི་ཞིག་ཆགས་སུ་འཇོག་གིན་ཡོད་པ་རེད། ང་ཚོས་དུས་རྒྱུན་དུ་སྒྱུ་རྩལ་གྱི་བྱ་བ་ཞིག་སྒྲུབ་སྐབས། བརྩམས་ཆོས་གང་དེ་ལེགས་མིན་དང་ཁྱད་ཆོས་ཐོན་མིན་ཐག་གཅོད་བྱེད་པར་རྗེས་དཔག་གིས་མི་དཔྱད་པར་ཐད་ཀར་དུ་ཚོར་བ་ལ་བརྟེན་ནས་སྒྲུབ་པ་དང་ཐག་གཅོད་བྱེད་བཞིན་ཡོད་པས། འདོད་ཐོག་ཏུ་སྨིན་པའི་གྲུབ་འབྲས་ལ་ང་ཚོའི་རྒྱུན་ཏུ་ཚོར་བར་བརྟེན་ནས་ལས་ཀ་ལས། ཚོར་བར་བརྟེན་ནས་སྒྱུ་རྩལ་བསླབ་ཞེས་བརྗོད་ཅིང་། ཚོར་བས་རྙེད་པའི་དངོས་པོ་ནི་ གསར་དུ་སྨིན་པའི་ལྗང་ལོ་ཇི་བཞིན་ནག་ནོག་གི་དྲི་མ་མ་གོས་པ་ཡིན་ལ། མིའི་ཡིད་དབང་འཕྲོག་ཏེ་མཛེས་སྡུག་གི་ཞིང་ཁམས་སུ་འཁྲིད་པར་བྱེད་དོ། །
གཉིས་པ། ཤེས་ཚོར་གྱི་རང་བཞིན་ཅུང་ཟད་འཛོམས་དགོས།
འདིར་ཤེས་ཚོར་ཞེས་པ་ནི་གཙོ་བོ་འཚོ་བའི་ཁྲོད་ཀྱི་བྱ་དངོས་གསར་རྙིང་གི་ངོ་བོ་ཐག་གཅོད་པའི་ཚོར་བ་སྐྱེན་པོར་ཟེར་ཞིང་། འཁྲབ་ཁྲིད་པས་རྒྱུན་དུ་འཚོ་བར་ལྟ་ཞིབ་བྱེད་པ་དང་། ཉམས་ཚོར་ལེན་པ་བརྒྱུད་དེ། གཏིང་ཟབ་པའི་སྒོ་ནས་འཚོ་བར་ངོས་འཛིན་བྱེད་པ་དང་། འཚོ་བར་རྒྱུས་ལོན་ཞིབ་མོ་བྱས་ཏེ་མི་རང་ག་བ་དག་ལས་ཤེས་ཚོར་དང་གསར་སྐྲུན་ཐད་ཀྱི་གཏན་ཚིགས་རིགས་པའི་བསམ་གཞིགས་ཀྱི་རིམ་པ་མཐོ་དགོས་པ་སྟེ། དབང་བོ་དང་ཀླད་པར་ཕྱི་རོལ་ཡུལ་གྱི་སྣང་བརྙན་སོགས་འཆར་བའི་ནུས་པ་ཁྱད་པར་ཅན་ཡོད་དགོས་ཤིང་།དེའང་གཙོ་བོ་རང་ཡུལ་འཁྲུལ་མེད་དུ་རྟོགས་པའི་ཤེས་པ་ཡིན་དགོས་པ་མ་ཟད། ད་དུང་ཤེས་རྒྱུད་ཀྱང་བཟང་དགོས། གལ་ཏེ་འཁྲབ་ཁྲིད་པའི་རྒྱུད་ཀྱི་ཤེས་ཚོར་རང་བཞིན་ཅུང་དམའ་བ་ཡིན་ཚེ། རང་ཉིད་ཀྱིས་ཤེས་པའི་བྱ་དངོས་དག་གི་ངོ་བོ་རྟོགས་མི་ནུས་ཤིང་། རྟོགས་ཡོད་པ་དེའང་རབ་རིབ་ཏུ་སྣང་བས། ཕ་རོལ་པོའམ་ལྟ་མཁན་དག་ལ་བརྩམས་ཆོས་ཀྱི་གོ་དོན་གསལ་བོ་ཞིག་གམ་གོ་བ་གཏིང་ཟབ་མོ་ཞིག་ཅི་ལྟར་རྟོགས་སུ་འཇུག་དགོས་སམ། དེར་བརྟེན། འཁྲབ་ཁྲིད་པའི་ཤེས་ཚོར་རང་བཞིན་གྱི་ཆ་ཅུང་ཞན་པའི་ཚེ།བརྩམས་ཆོས་ཀྱི་ནང་སྙིང་བོར་འགྲོ་བར་ཉེན་ཁ་འབྱུང་སྲིད་དོ། །
གསུམ་པ། བརྩོན་འགྲུས་ཀྱི་རང་བཞིན་ཅུང་ཟད་ཡོད་དགོས།
འདིར་བརྩོན་འགྲུས་ཞེས་པ་ནི་བློ་རྩ་བརྟན་ཞིང་གཞོམ་ཞིག་མེད་པ་དང་། ཐེངས་བརྒྱར་ཕམ་ཡང་ཡིད་ཐང་མི་ཆད་པའི་སྙིང་རུས་དང་བློ་སྤོབས་དེ་བསྟན་པ་ཡིན། ང་ཚོའི་རྒྱུན་པར་རིག་གནས་གཉེར་མཁན་དག་གི་ལས་ཀའི་ཁྲོད་དུ་མཐོང་ཐོས་མྱོང་རེག་ལྟར་ན།གལ་ཏེ་རྩོམ་རིག་གི་ལས་གཉེར་པའི་རྩོམ་པོ་པོ་ཞིག་ལ་མཚོན་ན། རང་གི་བརྩམས་ཆོས་སྤེལ་བར་རང་ཉིད་སྒྱིད་ལུག་ཆེ་བ་དང་། རྙིང་ཞེན་ལ་འདའ་བ་སོགས་རང་སྟེང་གི་གཤིས་སྤྱོད་ངན་པའི་དཀའ་ཁག་སེལ་དགོས་པ་ནི་ལས་དེ་བསྒྲུབ་པའི་མ་མཐའི་སྟ་གོན་ཡིན་པ་ནང་བཞིན། འཁྲབ་ཁྲིད་པ་ཞིག་གི་ངོས་ཐད་ནས་བརྗོད་ན། འཁྲབ་ཁྲིད་པས་རང་གི་བརྩམས་ཆོས་སྤེལ་བར་རང་ཉིད་འཐབ་ཏེ་ རང་སྟེང་གི་དཀའ་ངལ་ཡོད་ཚད་སེལ་དགོས་པ་ལས་གཞན། ད་དུང་མི་གཞན་དང་འཐབ་རེས་བྱས་ཏེ། ཀུན་གྱི་བསམ་ཕྱོགས་དང་འདོད་ཚུལ་སོགས་ཕྱོགས་གཅིག་ཏུ་བརྒྱུས་བའི་ཐབས་ལམ་ལ་བརྟེན་ནས་མི་གཞན་ཚང་མ་དང་མཉམ་དུ་རྡོག་རྩ་གཅིག་སྒྲིལ་དགོས་དཀའ་ངལ་གྱི་འགག་སྒོ་ལས་ཐར་བར་བྱེད་དགོས། གོང་གསལ་གྱི་རང་རྒྱུད་ཀྱི་གོ་རྟོགས་སྐོར་གླེང་བ་དག་ནི་དུས་རྗེས་མའི་ནང་གསོ་སྦྱོང་བྱེད་རྒྱུ་དང་སློབ་སྦྱོང་བྱ་ཡུལ་ཡིན་པས། བདག་གི་བསམ་པར་གལ་ཏེ་ཁྱོད་ཀྱིས་སེམས་རྣལ་དུ་ཕབ་ནས་ཧུར་བརྩོན་བྱས་ཚེ། ཕྱི་གླིང་མཁས་པ་ཨཱ་མའོ་ཏའོ་བཱ་ཡིས་བཤད་པ་ནང་བཞིན"གློག་བརྙན་བསླབ་ན་ཆོག"ཞེས་བཤད་པ་བཞིན་ནོ། །
བཞི་བ། འཁྲབ་ཁྲིད་དང་འཁྲབ་ཁྲིད་པ་གཉིས་བར་གྱི་ཁྱད་པར་འབྱེད་ཤེས་དགོས།
འཁྲབ་ཁྲིད་པ་དང་འཁྲབ་ཁྲིད་གཉིས་གཞི་གཅིག་ཏུ་སྦྱོར་མི་རུང་བ་སྟེ། དཔེར་ན།"ཁ་བྱང་ལ《མཐར་འཇུག་གི་སྦྲ་ནག》ཞེས་པ་ཞིག་ཡིན་ཚེ། བརྩམས་ཆོས་ནི་འཁྲབ་ཁྲིད་ཀྱི་ནང་དོན་ཡིན་པ་ལས། འཁྲབ་ཁྲིད་པ་ཁོ་རང་མིན་ཞིང་།འཁྲབ་ཁྲིད་བྱེད་སའི་གཞི་ཡིན་པས་ན། དེར་འཁྲབ་ཁྲིད་ཀྱི་ནང་དོན་ནམ་འཁྲབ་ཁྲིད་བྱ་ཡུལ་ཞེས་བརྗོད་ཅིང་།བརྩམས་ཆོས་དེའི་སྒྱུ་རྩལ་གྱི་ཆ་དོན་ཐོག་ཏུ་འཁྲབ་ཏུ་བཅུག་སྟེ་ལག་བསྟར་བྱེད་མཁན་ལ་འཁྲབ་ཁྲིད་པ་ཞེས་བརྗོད་དགོས།"ང་ཚོ་མི་ཕལ་མོ་ཞིག་གིས་འཁྲབ་ཁྲིད་པའི་ལས་ཀ་ཡིན་ན་གློག་བརྙན་ཁོ་ན་འཁྲབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུས་འདའ་བར་བྱེད་དགོས་ པར་འདོད། དོན་དངོས་ཐོག་འཁྲབ་ཁྲིད་པའི་ལས་ཀ་ནི་གློག་བརྙན་ཁོ་ན་འཁྲབ་ཁྲིད་བྱེད་པ་ཙམ་མ་ཡིན་པར། གར་སྟེགས་སྒྱུ་རྩལ་གྱི་འབྲས་བུ་ཡོད་ཚད་ཀྱང་འཁྲབ་ཁྲིད་ཀྱི་གསལ་བ་དུ་མ་ཡིན། གློག་བརྙན་ལས་གཞན་ཆེ་ས་ནས་བརྗོད་ན་དེང་སྐབས་ཀྱི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དང་། མཚོ་སྐོར་ལྕགས་རྟ་འགྲན་བསྡུར། མི་རིགས་རིག་གནས་དུས་ཆེན་སོགས་དང་། ཆུང་ས་ནས་གཉེན་སྟོན་མཛད་སྒོ་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་ཆེད་སྒྲིག་ལེ་ཚན། ལོ་སར་དགོང་ཚོགས་སོགས་ཀྱང་འཁྲབ་ཁྲིད་ཀྱི་ནང་དུ་འདུས་པའི་བརྗོད་གཞི་ཡིན་པས། འཁྲབ་ཁྲིད་ཀྱི་ནང་དོན་ལའང་གར་སྟེགས་སྒྱུ་རྩལ་དང་གར་སྟེགས་སྒྱུ་རྩལ་མ་ཡིན་པ་ཡོད་པ་ལས་གཞན། ཚན་རིག་ལག་རྩལ་གྱི་ངོས་ཐད་ནས་དབྱེ་ན་གཙོ་བོ་གློག་བརྙན་འཁྲབ་ཁྲིད་དང་། རྒྱང་སྒྲོག་འཁྲབ་ཁྲིད། བརྙན་འཕྲིན་འཁྲབ་ཁྲིད་བཅས་ཚན་རྩལ་སྟེགས་བུའི་སྒྱུ་རྩལ་གྱི་སྣང་བརྙན་མི་འདྲ་བ་རིགས་གསུམ་དུ་འདུས་ཤིང་། དེང་སྐབས་འཁྲབ་ཁྲིད་པའི་ལས་ཀའི་ཁྲོད་ཐུན་མོང་དུ་རྒྱུགས་ཆེ་བའང་གོང་གི་སྟེགས་བུ་འདི་གསུམ་ཡིན། དེ་ལས་ཀྱང་གློག་བརྙན་འཕྲིན་འཁྲབ་ཁྲིད་ཀྱི་བྱ་བ་གོམ་གང་མདུན་སྤོས་བྱེད་བཞིན་པའི་དེང་གི་དུས་སུ་བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པར་ངེས་པར་དུ་འཛོམས་དགོས་པའི་རིག་གནས་གོ་རྟོགས་དང་བསམ་པའི་ནུས་རྩལ་སྐོར་ནས་ཅུང་ཟད་བརྗོད་པར་བྱ། བརྙན་འཕྲིན་རིག་རྩལ་ནི་བརྙན་འཕྲིན་དགའ་ཚལ་ཁྲོད་ཟིལ་དུ་དངར་བའི་མེ་ཏོག་གི་ཟེའུ་འབྲུ་ལྟ་བུ་ཡིན་ཞིང་། རིག་རྩལ་ལེ་ཚན་གྱིས་མི་རྣམས་ལ་མཛེས་དཔྱོད་ཀྱི་སྣང་བརྙན་ཡིད་དབང་འཕྲོག་པ་བསྣམས་ཡོང་བ་མ་ཟད། ད་དུང་མིག་གི་དགའ་སྟོན་དུ་མཛེས་སྡུག་ཏུ་འཇོན་པའི་དུས་མཚུངས་སུ། བསམ་གཞིགས་ཀྱི་སྒོ་མོ་གྱ་ནོམ་པའང་སྟེར་སྲིད། རྟག་ཏུ་མི་ཐམས་ཅད་དགའ་བའི་རྩོམ་རིག་དང་སྒྱུ་རྩལ་གྱི་ཁྱབ་ཁོངས་ཡོད་ཚད་ཚང་མ་བརྙན་འཕྲིན་རིག་རྩལ་ཁྲོད་དུ་འཚོལ་སྙེག་བྱས་པ་ཡིན་ཞིང་།བརྙན་འཕྲིན་ནང་གི་རིག་རྩལ་བརྩམས་ཆོས་དག་ལ་འགུགས་ཤུགས་ཀྱི་ནུས་པ་ཧ་ཅང་ལྡན། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། རང་རྒྱལ་གྱི་བརྙན་འཕྲིན་རིག་རྩལ་ལས་རིགས་ཀྱང་རྒོད་པོ་འཕུར་བའི་གྲིབ་མ་ཇི་བཞིན་འཕེལ་འགྱུར་བྱུང་ཞིང་། ཉིན་རྒྱུན་བརྙན་འཕྲིན་འཕྲིན་ལམ་མང་པོ་ཞིག་ཏུ་ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་ཁ་ཅིག་བྱུང་དང་འབྱུང་བཞིན་མཆིས་མོད། འོན་ཀྱང་བརྙན་འཕྲིན་ལས་སྒྲུབ་མཁན་ཞིག་གི་ངོས་ཐད་ནས་ལངས་ཚེ། རྒྱ་ཆེའི་གཟུགས་མཁན་རྣམས་ཀྱིས་བརྙན་འཕྲིན་རིག་རྩལ་ལེ་ཚན་ཐད་རྒྱུན་དུ་སྐྱོན་འཛུགས་དང་རེ་བ་མཐོན་པོ་འདོན་བཞིན་པའང་རྣ་ལམ་དུ་ལྷགས་འོང་ཞིང་། ལྷག་པར་དུ་ང་ཚོས་འཇིག་རྟེན་ཡོངས་ལ་ཁ་གཏད་རྗེས་རྒྱལ་སྤྱིའི་བརྙན་འཕྲིན་ལས་རིགས་དང་རྡུང་ཐུག་དྲག་པོ་རྒྱབ་ཏེ། བརྙན་འཕྲིན་ལག་རྩལ་ཉིན་རེ་བཞིན་རྣམ་པ་གསར་བར་འགྱུར་བ་དང་། མ་འོངས་བའི་དྲ་རྒྱའི་སྨྱན་བྱེད་འཕེལ་རྒྱས་ལ་ཁ་གཏོད་དགོས་ཚེ། ང་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ལྟ་ཞིབ་དང་རེ་བ་ནན་མོ་མི་འཛིན་ཀ་མེད་ཡིན་པས།ང་ཚོས་སྔར་བྱུང་མ་མྱོང་བའི་གནོན་ཤུགས་དང་འགྲན་རྩོད་ལ་ཇི་ལྟར་ཁ་གཏོད་དགོས་སམ།
བརྙན་འཕྲིན་རིག་རྩལ་ནི་སྣ་འཛོམས་རང་བཞིན་གྱི་བརྙན་འཕྲིན་སྒེའུ་ཁང་ནང་གི་གར་སྟེགས་སྒྱུ་རྩལ་ཞིག་ཡིན། བརྙན་འཕྲིན་རིག་རྩལ་གྱི་འཁྲབ་ཁྲིད་པར་རང་རྐྱ་འཕར་བའི་བློ་སྤོབས་ཡོད་རྒྱུ་ནི་བརྙན་འཕྲིན་རིག་རྩལ་བརྩམས་ཆོས་གསར་སྐྲུན་བྱེད་པའི་འགག་རྩ་ཡིན་ཞིང་། སྤྱིར་བཤད་ན། སྒྱུ་རྩལ་གསར་སྐྲུན་ནི་མི་སྒེར་རང་ནས་བྱེད་པ་ཡིན་མོད། འོན་ཀྱང་བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པར་མཚོན་ན་རང་རྒྱུད་བྱེ་བྲག་པའི་ལྟ་བ་ནན་འཛིན་བྱེད་པའི་དུས་མཚུངས་སུ། ཕབ་སྐྲུན་ཚན་ཁག་ཐུན་མོང་གི་གསར་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་འཁྲབ་ཁྲིད་པའི་རྟོགས་བཏགས་དང་རེ་བཞག་ཡོངས་འགྲུབ་བྱེད་དགོས། དཔེར་ན།"ཕབ་སྐྲུན་ཚན་ཁག་དང་འཁྲབ་ཁྲིད་པ་གཉིས་བར་གྱི་འབྲེལ་བ་ནི་རླངས་འཁོར་གྱི་འཁོར་ལོ་དང་ཁ་ལོ་བསྒྱུར་བྱེད་ལྟ་བུ་ཡིན་པ་སྟེ། འཁོར་ལོ་མེད་ཚེ་ཁ་ལོ་ཇི་ལྟར་བསྒྱུར་ཡང་རླངས་འཁོར་ལ་འགུལ་རྒྱུ་མེད་པ་ནང་བཞིན། ཁ་ལོ་བསྒྱུར་བྱེད་ལ་སྐུལ་སྒུལ་མ་བྱས་ཚེ་འཁོར་ལོ་ཡོད་ཀྱང་ཁ་ཕྱོགས་མེད་པས། གནས་ལུགས་འདིས་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ་གསལ་བོར་བསྟན་ཡོད་ལ། འཁྲབ་ཁྲིད་པས་དཀྱིལ་སྙིང་གི་ནུས་ཤུགས་འདོར་མི་རུང་བའི་གནས་ལུགས་ཀྱང་བརྗོད་ཡོད།" ཡིན་ཡང་ཕབ་སྐྲུན་ཚན་ཁག་གི་གཞོགས་འདེགས་གནས་ཚུལ་གྱིས་འཁྲབ་ཁྲིད་པའི་བྱ་བའི་གྲུབ་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད། དེ་བས། བརྙན་འཕྲིན་འཁྲབ་ཁྲིད་པའི་བྱ་བའི་དཀའ་ཁག་གི་ཚད་ཐིག་ནི་རྙོག་དྲ་མེད་པའི་སྒྱུ་རྩལ་གསར་སྐྲུན་བྱེད་རྒྱུ་ཁོ་ནའི་སྟེང་མ་ཡིན་པར། ཕྱོགས་མང་པོའི་ཐད་ནས་ཡིན། འདི་འང་གཙོ་བོ་བརྙན་འཕྲིན་འཁྲབ་ཁྲིད་པར་རེ་བ་མང་པོ་འདོན་རྒྱུའི་ཆེད་དུ་ཡིན། གཤམ་དུ་བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པར་ངེས་པར་དུ་འཛོམས་དགོས་པའི་བསམ་བློའི་གོ་རྟོགས་སྐོར་དང་བྱ་བའི་ཁྲོད་གང་ལ་ཉམས་འཇོག་དགོས་པའི་སྐོར་ཅུང་ཟད་གླེང་བར་བྱ།
བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པ་ནི་བརྙན་འཕྲིན་རིག་རྩལ་བརྩམས་ཆོས་ཐོན་སྐྱེད་བྱེད་མཁན་གྱི་ཇུས་འགོད་པ་དང་། རྩ་འཛུགས་པ། སྣེ་ཁྲིད་པ་བཅས་ཡིན་ཕྱིར། ཐོག་མར་རིག་རྩལ་ཁྱབ་ཁོངས་ནང་གི་འབྲེལ་ཡོད་ཤེས་བྱ་དང་སྒྱུ་རྩལ་བྱང་ཚད་བཅས་ངེས་པར་དུ་འཛོམས་དགོས་ཤིང་། བརྙན་འཕྲིན་འཁྲབ་ཁྲིད་པ་ཞིག་ཡིན་ཕྱིར་ངེས་པར་དུ་མ་མཐའི་གོ་རྟོགས་དང་ཆེད་ལས་ནུས་རྩལ་གྱི་འཇོན་ཐང་ངེས་ཅན་ཞིག་ཡོད་དགོས་པ་སྟེ།
1 བརྙན་འཕྲིན་རིག་རྩལ་གྱི་ཁོང་ཡངས་རང་བཞིན།
རིག་རྩལ་གྱི་བྱེད་སྒོ་ལ་རིགས་མང་ཞིང་ནང་དོན་གྱི་ཆའང་སྣ་ཚོགས་སུ་ཡོད་པས།དེས་བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པར་ཐད་ཀར་དུ་འགྲན་སློང་ཞིང་འདྲི་རྟགས་འདོན་བཞིན་ཡོད་ཅིང་། འཁྲབ་ཁྲིད་པར་ངེས་པར་དུ་ཁོང་ཡངས་པའི་རིག་རྩལ་བྱང་ཚད་མཐོན་པོ་ཞིག་འཛོམས་དགོས་པ་བསྟན་ཡོད་ཕྱིར། རིག་རྩལ་གཞུང་ལུགས་དང་རིག་རྩལ་ཤེས་བྱའི་སྐོར་ལ་སློབ་སྦྱོང་བྱེད་པར་ཤུགས་སྣོན་བྱས་ཏེ། ཁོང་ཡངས་ཤིང་སྣ་འཛོམས་རང་བཞིན་གྱི་ཤེས་བྱ་རྒྱུད་ལ་ཆགས་སུ་འཇོག་རྒྱུ་དེའང་བརྙན་འཕྲིན་རིག་རྩལ་འཁྲབ་པའི་ལས་འགན་འགངས་ཆེན་ཞིག་ཡིན། བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པ་ཞིག་ཡིན་ཕྱིར། ཡོངས་ཁྱབ་རང་བཞིན་གྱི་རིག་རྩལ་བྱང་ཚད་མེད་ཚེ་གསར་རྩོམ་བྱེད་མི་ནུས་ཤིང་རིག་རྩལ་བློ་སྦྱོང་བྱེད་རྒྱུ་ནི་བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པའི་རྨང་གཞི་ཡིན། ང་ཚོ་བརྙན་འཕྲིན་པའི་དུས་རྒྱུན་གྱི་བྱ་བའི་ཁྲོད་འབྲེལ་འདྲིས་དང་ལག་ལེན་བྱེད་པ་ཅུང་མང་པ་ནི་སྣ་འཛོམས་རང་བཞིན་གྱི་རིག་རྩལ་དགོང་ཚོགས་ཡིན་ལ། སྤྱིར་བཏང་གི་སྣ་འཛོམས་དགོང་ཚོགས་ཤིག་ལའང་རོལ་དབྱངས་དང་། ཞབས་བྲོ། གར་ཆུང་། ཁ་ཤགས། ཟློས་གར་སོགས་ཀྱི་ལེ་ཚན་འདུས་པས་ན། གསར་རྩོམ་བྱེད་སྐབས་སུ་སྒྱུ་རྩལ་གྱི་རིགས་སྒོ་འདི་དག་དང་འབྲེལ་བ་ཡོད་པའི་ཤེས་བྱ་བེད་སྤྱོད་གཏོང་དགོས་པ་དང་།དགོང་ཚོགས་ཀྱི་བརྗོད་དོན་ལ་གཞིགས་ནས་ལེ་ཚན་སོ་སོའི་ཞིབ་ཕྲའི་ཆ་ཡོད་ཚད་ལའང་བསམ་བློ་གཏོང་དགོས།གསར་རྩོམ་བྱས་པའི་གླུ་དབྱངས་ཤིག་གི་ངོས་ནས་བརྗོད་ན། བརྙན་འཕྲིན་འཁྲབ་ཁྲིད་པས་གླུ་དབྱངས་དེའི་ཚིག་དང་དབྱངས་རྩོམ་མཁན་སུ་ཡིན་པ་གསལ་བོ་མི་ཤེས་ནའང་། རོལ་མོའི་དབྱངས་འགྲོས་དང་། རྣམ་པ། ཉམས་འགྱུར་སོགས་ལ་བྱང་ཆ་དགོས་པར་མ་ཟད། ཐེངས་གང་མང་ལ་ཡང་དང་བསྐྱར་དུ་བཅོས་སྒྲིག་བྱ་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་བློ་རིག་གསལ་བོ་ཡིན་དགོས། གལ་ཏེ་འཁྲབ་ཁྲིད་པར་གོང་གསལ་གྱི་ཤེས་བྱ་དང་ཉམས་མྱོང་མེད་ཚེ། མཛུབ་སྟོན་རང་བཞིན་གྱི་བསམ་ཚུལ་འདོན་མི་ཐུབ་ཅིང་། རང་སྣང་གང་ཤར་གྱི་གཏམ་འཕྲོས་པ་ལས་དོན་སྙིང་ཅན་དང་ཆེད་ལས་རང་བཞིན་གྱི་གཏམ་འཆད་རྒྱུ་མེད། དེ་བཞིན་དུ་གསར་རྩོམ་བྱས་པའི་བརྩམས་ཆོས་ཀྱང་རྣམ་པ་ཙམ་ལས་ཀུན་ལ་ཕན་ཁེ་དང་ཕྱི་ཕྱོགས་ལ་བཟང་ཤན་འཇོག་མི་ཐུབ་པས། རིགས་འདི་ཅན་གྱི་འཁྲབ་ཁྲིད་པ་ནི་བསམ་བློའི་གོ་རྟོགས་ཀྱི་བྱང་ཚད་དམའ་བ་ཡིན་ཞིང་། ཕྱོགས་གཞན་ཞིག་ནས་འཁྲབ་ཁྲིད་བྱ་བ་ངོས་འཛིན་བྱས་པར་གོ་ ནོར་བྱུང་བའི་རྐྱེན་རེད། དེ་བས། འཁྲབ་ཁྲིད་པ་ཞིག་ཚེ་ཡུལ་དངོས་སུ"འགོ་རྩོམ"ཞེས་སྐད་ཅོར་རྒྱག་པ་དེ་ཙམ་ནང་བཞིན་ཕྱི་བལྟོས་ཁོ་ནས་རྫིག་ཉམས་བཏོད་པའམ་ཡང་ན་ཁྱད་ཆོས་མངོན་པ་དེ་འདྲ་སླ་མོ་ཞིག་མ་ཡིན། ཕྱི་བལྟོས་ཀྱི"འགོ་རྩོམ"ཞེས་སྐད་ཅོར་རྒྱབ་པ་དེས་འཁྲབ་ཁྲིད་པས་གྲ་སྒྲིག་སྐབས་ཀྱི་ཞིབ་ཕྲའི་བྱ་བ་རེ་རེའི་རྨང་གཞིའི་སྟེང་མངོན་པར་ཐོན་པའི་རང་བློ་རང་འཁེལ་གྱི་ཡིད་ཆེས་བསམ་པ་ཡོད་པ་དེ་དང་བརྩམས་ཆོས་ལ་ཏན་ཏིག་གིས་འགན་ཁུར་ཏེ་བྱ་བར་བཅངས་བའི་རྣམ་འགྱུར་དེ་མངོན་པ་རེད།
2 བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པས་ཡོངས་ཁྱབ་སྒོས་སྒྱུ་རྩལ་གྱི་ཤེས་བྱ་གང་མང་སྡུད་ལེན་བྱེད་པའི་རྨང་གཞིའི་སྟེང་། མཛེས་དཔྱོད་གཟིགས་དཔྱད་ཀྱི་ནུས་པ་དང་གསར་སྐྲུན་རང་བཞིན་གྱི་བསམ་བློའི་ནུས་པ་བསྐྱེད་བསྲིང་བྱ་དགོས།
བརྙན་འཕྲིན་རིག་རྩལ་གྱི་སྒྱུ་རྩལ་རིགས་སྒོ་ཅུང་མང་པོར་བཀར་ཡོད་པས། ང་ཚོའི་བྱ་བའི་གོ་རིམ་ཁྲོད་དོན་དངོས་བྱ་བའི་དགོས་མཁོར་གཞིགས་ཏེ། རིགས་འགའ་ཞིག་རྒྱུན་དུ་ཆེད་སྤྱོད་བྱས་པ་ལས་རང་ཉིད་ཀྱི་ཆེད་གཉེར་ལས་ཀ་ཞིག་གམ་ཡང་ན་གཅིག་ཤེས་ཀུན་གྲོལ་གྱི་དམིགས་ཡུལ་དུ་སླེབས་པར་འབད་བརྩོན་བྱེད་བཞིན་ཡོད། བརྙན་འཕྲིན་རྩོམ་རིག་ཕྱོགས་ཀྱི་འཁྲབ་ཁྲིད་པ་ཞིག་ཡིན་ཚེ། ངེས་པར་དུ་རྩོམ་རིག་ཕྱོགས་སུ་བློ་སྦྱོང་བྱེད་རྒྱུར་འབད་དགོས་ཤིང་། རྩོམ་སྟངས་རིགས་ཡོད་ཚད་ཀྱི་རྩོམ་རིག་བརྩམས་ཆོས་ལ་ལྟ་ཀློག་བྱས་ཏེ། དེ་ལས་ཉེར་མཁོའི་རིགས་ཀྱི་རྒྱུ་ཆ་བདམས་ལེན་བྱས་ནས་ཡང་བསྐྱར་གསར་སྐྲུན་བྱེད་དགོས། རྒྱུ་ཆ་བདམས་ལེན་བྱེད་པའི་གོ་རིམ་ཁྲོད་དུ། རྒྱུ་ཆ་བདམས་ལེན་ཀྱི་བཟང་ངན་དེ་འཁྲབ་ཁྲིད་པས་གཟིགས་དཔྱད་ནུས་པ་མཐོ་དམན་དེ་ཐད་ཀར་དུ་མཚོན་ཐུབ། འདིར་གཟིགས་དཔྱད་ ནུས་པ་ཟེར་བ་ནི་རིག་རྩལ་བརྩམས་ཆོས་ཀྱི་མཛེས་དཔྱོད་ཚོར་ནུས་དང་། མཛེས་དཔྱོད་འགུགས་ཤུགས། མཛེས་དཔྱོད་གོ་བ།མཛེས་དཔྱོད་ཀྱི་བརྡར་ཤ་གཅོད་པའི་གོ་རིམ་ལ་ཟེར་ཞིང་། གཟིགས་དཔྱད་ནུས་པ་མཐོར་འདེགས་སུ་གཏོང་བར་ཕྱོགས་མང་པོའི་ཐད་ནས་གསོ་སྦྱོང་དང་སྦྱོང་བརྡར་བྱེད་དགོས། གཟིགས་དཔྱད་ལག་ལེན་ཁྲོད་མུ་མཐུད་དུ་ཉམས་མྱོང་བསགས་ནས། ཀུན་མཐུན་ལྟ་ཚུལ་དང་ལེགས་འདེམས་བྱེད་པ་གཉིས་ཟུང་དུ་སྦྲེལ་ཏེ།བརྩམས་ཆོས་འབོར་ཆེན་ནམ་ཕུལ་བྱུང་འཐུས་ཚབ་བརྩམས་ཆོས་ལེགས་འདེམས་བྱ་བའི་ཁྲོད་ཅུང་མཐོ་བའི་མཛེས་དཔྱོད་ལྟ་ཚུལ་ཚད་ལྡན་ཅན་ཞིག་ཆགས་སུ་འཇོག་དགོས། འཁྲབ་ཁྲིད་པ་ནི་སྒྱུ་རྩལ་གསར་སྐྲུན་བྱེད་མཁན་ཡིན་པའི་ངོས་ཐད་ནས།གཟུགས་སུ་བཀོད་པའི་བསམ་གཞིགས་ནི་དུས་རྒྱུན་གྱི་བསམ་བློ་གཏོང་ཕྱོགས་ཤིག་ཏུ་གྱུར་ཡོད་པ་ཡིན་ཞིང་། དེ་ལ་བརྟེན་ནས་འཚོ་བ་ལས་བྱུང་བ་དང་ཡང་ན་འཚོ་བ་ལས་མཐོ་བའི་དཔེར་མཚོན་གཟུགས་བཀོད་ཀྱི་བརྩམས་ཆོས་གསར་སྐྲུན་བྱེད་པ་ཡིན་ལ། གསར་སྐྲུན་རང་བཞིན་གྱི་བསམ་བློ་ཡོད་རྒྱུ་ནི་འཁྲབ་ཁྲིད་པར་བཟུང་བའི་རེ་བ་མཐོན་པོ་དེ་ཡིན། གསར་སྐྲུན་རང་བཞིན་གྱི་བསམ་གཞིགས་ཟེར་བ་ནི་ཉམས་མྱོང་རྒྱུན་ལྡན་ཅན་ལས་བརྒལ་ཞིང་། ཁྱད་འཕགས་ཀྱི་བསམ་པའི་འཆར་སྒོ་ཡོད་དགོས་པ་དེ་ལས་ཕ་རོལ་པོ་ལས་བརྩམས་ཆོས་ཀྱི་ནང་སྙིང་གསར་བ་ཞིག་གསར་སྐྲུན་བྱེད་པའི་བསམ་བློའི་ནུས་པ་དེར་བརྗོད། གསར་སྐྲུན་མེད་ཚེ་སྐྱེ་སྟོབས་ཀྱི་ནུས་པ་མེད་པས། བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པ་ཞིག་ཡིན་ཕྱིར་ཉིན་རྒྱུན་དུ་གསར་སྐྲུན་ལ་འགྲན་སློང་རྒྱུར་ཁ་གཏོད་དགོས་ཤིང་། བརྙན་འཕྲིན་ལྟ་མཁན་རྣམས་ཀྱིས་ད་ཡོད་ཀྱི་ལེ་ཚན་སྒྲུབ་སྟངས་ལ་ཡིད་མི་ཚིམ་པ་ནི་འཁྲབ་ཁྲིད་པའི་གསར་སྐྲུན་རང་བཞིན་གྱི་བསམ་གཞིགས་མཁོ་བ་མངོན་ཡོད་པས། རྒྱུན་དུ་ལེ་ཚན་བསྒྲུབ་ནས་རྒྱུན་དུ་གསར་སྐྲུན་བྱེད་རྒྱུ་ནི་གལ་ཆེ། དཔེར་ན་ལྟ་མཁན་རྣམ་པས་དགའ་བསུ་ཐོབ་བཞིན་པའི"ཧྥིན་ཧོང་བརྙན་འཕྲིན་དང་ཧུའུ་ནན་བརྙན་འཕྲིན"གྱི་རིག་རྩལ་ལེ་ཚན་ལྟ་བུར་མཚོན་ན་དུས་ངེས་མེད་ནང་དུ་རིག་རྩལ་ལེ་ཚན་གསར་བ་རེ་གསར་སྐྲུན་བྱེད་བཞིན་ཡོད་ལ།སྔར་ཡོད་ལེ་ཚན་ཡོད་ཚད་ལའང་ནང་དོན་དང་རྣམ་པ། སྒྲུབ་སྟངས་སོགས་ཀྱི་ཐད་བཅོས་སྒྲིག་གསར་སྐྲུན་བྱེད་བཞིན་ཡོད་པས། ལྟ་མཁན་རྣམས་ཀྱི་བློ་ངོར་ནམ་ཡང་ལེ་ཚན་གསར་བའི་འདུ་ཤེས་སྟེར་ཞིང་། དེ་ལས་ལྷག་པར་རོལ་མོ་བརྙན་འཕྲིན་ནི་ཅུང་འབུར་ཐོན་གྱི་དཔེ་མཚོན་རང་བཞིན་གྱི་ལེ་ཚན་ཞིག་ཡིན་པས། གསར་གཏོད་ཀྱི་སྲོག་གིས་ཕྱུག་པའི་བརྩམས་ཆོས་ཀྱིས་ནི་ད་གཟོད་ལྟ་མཁན་རྣམས་ལ་བློ་འགུགས་ཡིད་འཕྲོག་གི་ནུས་པ་ཆེན་པོ་ཐོན་ཐུབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com