བརྙན་འཕྲིན་འཁྲབ་ཁྲིད་པར་ངེས་པར་དུ་འཛོམས་དགོས་པའི་གོ་རྟོགས་དང་ནུས་རྩལ་སྐོར་རོབ་ཙམ་གླེང་བ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-21 11:23:00 ཀློག་གྲངས།:4315
3 བརྙན་འཕྲིན་སྒྱུ་རྩལ་ནི་སྒྲ་གཟུགས་མཉམ་བསྲེས་བྱེད་པའི་ཚན་རྩལ་གྱི་འདུས་ཚད་མཐོ་བའི་སྣ་འཛོམས་སྒྱུ་རྩལ་ཞིག་ཡིན་པས། དེར་རང་ངོས་ཀྱི་འཕེལ་རྒྱས་ཆོས་ཉིད་དང་དམིགས་བསལ་རང་བཞིན་གྱི་ཁྱད་ཆོས་ལྡན། 
     བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པ་ཞིག་ཡིན་དགོས་ཚེ། ཆེད་ལས་ཤེས་བྱ་མཐའ་དག་ལ་བྱང་ཆ་ཡོད་དགོས་པར་མ་ཟད། ད་དུང་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། འཁྲབ་ཁྲིད་ཕྱོགས་ཀྱི་ཆེད་ལས་ནུས་རྩལ་ལ་དོ་སྣང་བྱས་ཏེ། གཟབ་ནན་སྒོས་མདུན་སྐྱོད་ཀྱི་ཁ་ཕྱོགས་དམ་འཛིན་བྱེད་དགོས། བརྙན་འཕྲིན་སྒྱུ་རྩལ་གྱི་ལེ་ཚན་ནི་ནང་དོན་དང་རྣམ་པ་མི་འདྲ་བའི་དབང་གིས་སྒྲིག་སྦྱོར་གྱི་གོ་རིམ་ལའང་ཁྱད་པར་ཆེན་པོ་འབྱུང་བའི་ཤུགས་རྐྱེན་ཐེབས་སྲིད་ལ། བརྙན་འཕྲིན་འཁྲབ་ཁྲིད་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་བརྙན་འཕྲིན་ལེ་ཚན་སྒྲིག་སྦྱོར་དང་བརྙན་གཏོང་གི་ལག་རྩལ་སོགས་ལ་བྱང་ཆ་ངེས་ཅན་ཞིག་ལྡན་དགོས་ཏེ། རྒྱུ་མཚན་ནི་ལག་རྩལ་ཐད་ཀྱི་གསར་སྤེལ་དང་ལེགས་ཆ་ཆུང་ཆུང་ཞིག་གིས་ཀྱང་བརྙན་འཕྲིན་སྒྱུ་རྩལ་ལ་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་འབྱུང་དུ་འཇུག་ཐུབ། ལོ་འགའི་སྔོན་ལ་རྟོག་བཟོའི་སྙན་སྒྲོན་ཁང་གི་ལག་རྩལ་དེ་བརྙན་འཕྲིན་ལས་རིགས་ཁྲོད་ཐོག་མར་བཀོལ་སྤྱོད་བྱེད་མགོ་བརྩམས་ལ། བློ་རིག་གྲུང་ཞིང་མཐོང་རྒྱ་ཡངས་པའི་རིག་རྩལ་འཁྲབ་ཁྲིད་པ་ འགའ་ཤས་ཤིག་གིས་ལག་རྩལ་འདི་རིག་རྩལ་ལེ་ཚན་གྱི་སྒྲིག་སྦྱོར་སྟེང་དུ་བཀོལ་སྤྱོད་བྱེད་མགོ་བརྩམས་ཏེ།དཔེར་ན་ཀྲུང་དབྱང་བརྙན་འཕྲིན་ཁང་གི《ལྡིང་སྐོར་གར་སྟེགས》ཞེས་པའི་རིག་རྩལ་ལེ་ཚན་ལྟ་བུ་ལ་མཚོན་ན་ནི་ལག་རྩལ་གསར་བ་འདིའི་རིགས་སྤྱད་དེ་ལྟ་མཁན་རྣམས་ཀྱིས་སྔར་མེད་ཀྱི་དགའ་བསུ་ཆེན་པོ་ཐོབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་མྱོང་།རིག་རྩལ་འཁྲབ་ཁྲིད་པ་ཞིག་ཡིན་ཕྱིར་ངེས་པར་དུ་བརྙན་འཕྲིན་སྒྱུ་རྩལ་ལ་ཀུན་ལས་བྱང་ཆ་ལྡན་དགོས་པ་དང་། ལག་རྩལ་གསར་བ་དང་ཐབས་ཤེས་གསར་བ་བེད་སྤྱོད་གཏོང་བ་དང་ཁྱབ་གདལ་དུ་གཏོང་བར་འགན་འཁྲི་ངེས་ཅན་ཞིག་ཕྲག་ཏུ་བབས་ཡོད་པ་མ་ཟད་རང་ཉིད་ཀྱི་འཇོན་ཐང་དང་གསར་གཏོད་ཀྱི་བློ་མིག་ལ་བརྟེན་ནས་བེད་སྤྱོད་དང་ཁྱབ་གདལ་དུ་གཏོང་དགོས། བརྙན་རིས་སྐད་བརྡ་ནི་བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པའི་ནུས་རྩལ་མཁས་ཤོས་དེ་ཡིན་ལ། རིག་རྩལ་ལེ་ཚན་བརྙན་འཕྲིན་ལམ་ནས་གཏོང་བའི་གོ་རིམ་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་སྒྱུ་རྩལ་མཚོན་ཐབས་ཁྱད་པར་བ་ཡང་ཡིན། རྒྱའི་སྐད་ཡིག་ལམ་ནས་བཤད་པའི"མིན་ཐེད་ཆི"ནི་གློག་བརྙན་གཅིག་པུར་དབང་བའི་སྐད་བརྡ་ཞིག་ལ་ངོས་བཟུང་ཡོད་པ་ཡིན་ལ། ཧྥ་རན་སིའི་སྐད་ལས“ཚན་སྒྲིག”གི་ནང་དོན་ཡིན།  
     བརྙན་འཕྲིན་གྱི་ནང་དུ་བརྙན་རིས་སོ་སོ་གོ་རིམ་ངེས་ཅན་ཞིག་ལ་གཞིགས་ནས་སྦྲེལ་མཐུད་བྱས་ཏེ་བརྗོད་དོན་དང་སྣང་བརྙན་ཁྱད་པར་ཅན་ཞིག་སྟོན་བཞིན་ཡོད། དུས་ཀྱི་འགྲོས་དང་བསྟུན་ནས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ལྟ་དཔྱད་ཀྱི་ནུས་པའང་མཐོར་འདེགས་སུ་ཕྱིན་ཡོད་ལ། བརྙན་རིས་སྐད་བརྡའང་རྟག་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། བརྙན་འཕྲིན་རིག་རྩལ་གྱི་འཁྲབ་ཁྲིད་པ་ཞིག་ཡིན་ཕྱིར་ཕྱི་རོལ་ཡུལ་གྱི་འབྲེལ་འདྲིས་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་བྱང་ཚད་ཅུང་མཐོ་བའི་རྩོམ་ རིག་གམ་སྒྱུ་རྩལ་བརྩམས་ཆོས་ཀློག་སྦྱོང་བྱས་ཏེ་ནམ་རྒྱུན་སློབ་སྦྱོང་གི་འཚོ་བའི་ཁྲོད་རང་ཉིད་ཀྱི་འཁྲབ་ཁྲིད་སྒྱུ་རྩལ་གྱི་སྐད་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ལ། ཐོག་མཐའ་བར་གསུམ་དུ་སྒྱུ་རྩལ་གྱི་རིག་པ་སྐྱེན་པོ་དེ་བརྒྱུད་ནས་འདོར་བར་མི་བྱེད་ལ་ཐ་ན་དུས་རབས་ཀྱི་རླབས་རྒྱུན་ཁྲོད་སྣ་འདྲེན་ཐུབ་པའི་ཡིད་ཆེས་དང་བློ་སྤོབས་ཀྱང་ལྡན་དགོས།བརྙན་འཕྲིན་རིག་རྩལ་གྱི་འཁྲབ་ཁྲིད་པ་ཞིག་ལ་མཚོན་ན"མིན་ཐེད་ཆི"བརྙན་རིས་སྐད་བརྡར་བྱང་ཆ་དགོས་པ་མ་ཟད། ད་དུང་འཁྲབ་སྟོན་ཚོམས་ཁང་བཀོད་སྒྲིག་བྱེད་པ་དང་། བརྙན་རིས་ཇུས་འགོད་བྱེད་པ། ཚོན་མདོག་སྙོམ་སྒྲིག་དང་རོལ་དབྱངས་སྒྲིག་སྦྱོར། འཁྲབ་སྟོན་ཉམས་འགྱུར་ལ་ཚོད་འཛིན་བྱེད་པ་སོགས་ཀྱི་ལས་ལའང་བྱང་ཆ་ལྡན་པར་བྱས་ཏེ་སྒྱུ་རྩལ་གྱི་མཚོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྤྱིར་བཏང་གི་སྣ་འཛོམས་རིག་རྩལ་དགོང་ཚོགས་ཆེ་རིགས་ཤིག་ལ་མཚོན་ན་འཁྲབ་ཚན་ཆུང་བ་བཅུ་ཕྲག་ལྷག་གིས་གྲུབ་ཡོད་ལ། འཁྲབ་ཁྲིད་པས་འཁྲབ་ཚན་གྱི་ཞིབ་ཕྲའི་ཆ་རེ་རེ་ཇུས་འགོད་བྱེད་དགོས་པ་མ་ཟད་ཕྲེང་སྦྲེལ་བྱས་ཡོད་པའི་འཁྲབ་ཚན་རེ་རེ་མཐུན་སྦྲེལ་ཡག་པོ་བྱེད་དགོས། དཀའ་གནད་འདིས་འཁྲབ་ཁྲིད་པར་ངེས་པར་དུ་སྒྱུ་རྩལ་གྱི་ཐབས་ཤེས་སྣ་ཚོགས་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་གཏོང་དགོས་པའི་ཆ་རྐྱེན་བཏོན་ཡོད། དཔེར་ན་གླུ་གར་གྱི་འཁྲབ་ཚན་ཞིག་ལ་མཚོན་ན་གར་སྟེགས་ཀྱི་ཆེ་ཆུང་འདེམ་པ་དང་འཁྲབ་སྟོན་པ་ཅི་ལྟར་བཀོད་སྒྲིག་བྱེད་དགོས་པ།བྲོ་ལྭའི་ཁ་མདོག་དང་གར་སྟེགས་བཟོ་བཀོད་ཀྱི་ཚོན་མདོག གློག་འོད་ཀྱི་ཚོན་མདོག་བཅས་དང་ལེ་ཚན་སྤྱིའི་བརྗོད་དོན་གཉིས་ཅི་ལྟར་ཟུང་འབྲེལ་བྱེད་པ། བརྙན་ལེན་འཕྲུལ་ཆས་སོ་སོའི་གནས་ཅི་ལྟར་བཀོད་གཏོང་བྱེད་པ་བཅས་ཀྱིས་ཐད་ཀར་དུ་བརྩམས་ཆོས་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་གང་རུང་ཐེབས་ངེས་པས། འཁྲབ་ཁྲིད་པས་བྱེ་བྲག་གི་གནད་དོན་ལ་བྱེ་བྲག་གིས་དབྱེ་ཞིབ་བྱེད་དགོས་པ་དང་། བརྟག་པ་མཐའ་བཟུང་དང་སྲོལ་རྙིང་བརྟན་སྲུང་སོགས་ཡེ་ནས་བྱ་མི་རུང་ལ་དེ་ལས་ལྡོག་སྟེ་ཐོག་མཐའ་བར་གསུམ་དུ་གསར་གཏོད་དང་ཐོལ་བརྒལ་བྱེད་ཕོད་པ་ཞིག་བྱེད་དགོས་ཏེ།རྒྱལ་ཁ་ནི་ནམ་ཡིན་ཡང་གསར་གཏོད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་མི་ལ་དབང་བ་ཡིན་པ་ནང་བཞིན་ནོ།
ལྔ། བརྙན་འཕྲིན་རིག་རྩལ་འཁྲབ་ཁྲིད་པའི་ལས་བྱ་སྤྱིར་བསྟན་པ།
     མདོར་ན་བརྙན་འཕྲིན་རིག་རྩལ་གྱི་ཞབས་ཕྱིའི་ཁ་གཏོད་ས་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཡིན་ལ།བརྙན་འཕྲིན་རིག་རྩལ་གྱི་འཁྲབ་ཁྲིད་པ་ཞིག་ཡིན་ཕྱིར་ངེས་པར་སྤྱི་ཚོགས་འཚོ་བའི་ཁྲོད་ཟབ་ཞུགས་བྱེད་དགོས་པ་དང་། རྣམ་པ་ཅི་རིགས་ཕུན་སུམ་ཚོགས་པའི་སྤྱི་ཚོགས་འཚོ་བའི་ཁྲོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བློ་མིག་སྤྱད་དེ་མི་རྣམས་ཀྱི་འཚོ་བ་དང་ཁ་ཐག་ཆེས་ཉེ་ཞིང་དཔེ་མཚོན་རང་བཞིན་དང་ལྡན་པའི་རྒྱུ་ཆ་དེ་སྔོག་འདོན་བྱེད་དགོས་ལ།འཚོ་བ་དངོས་ཀྱི་ཁྲོད་ནས་གསར་རྩོམ་བྱུང་བའི་བརྩམས་ཆོས་ལ་ནི་ད་གཟོད་དོན་དང་རྣམ་པ་ཀུན་གྱིས་ཕྱུག་ཐུབ་ལ་མི་རྣམས་ལའང་བློ་འགུགས་ཡིད་འཕྲོག་གི་ནུས་པའང་ཐོན་ཐུབ། བརྙན་འཕྲིན་རིག་རྩལ་གྱི་རྩ་བའི་དམིགས་འབེན་ནི་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་ནས་གོང་དུ་འཕེལ་བཞིན་པའི་བསམ་པའི་འཚོ་བའི་དགོས་མཁོ་དེ་ཁ་བསྐངས་ཆེད་དུ་ཡིན་ལ།ཏང་གི་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་འོག་མི་རྣམས་ཀྱི་འཚོ་བའི་རོལ་རྩེད་དར་ཁྱབ་དུ་གཏོང་བའི་དུས་མཚུངས་སུ་སྤྱི་ཚོགས་སྟེང་གི་གླེང་ཕྱོགས་ཡང་དག་པའི་ལམ་དུ་འདྲེན་པར་ཡང་དོ་སྣང་གལ་ཆེན་བྱ་དགོས་པ་དང་། ཐ་ཤལ་ཞེན་ཆགས་དང་རུལ་སུངས་ཀྱི་བསམ་བློས་བརྙན་འཕྲིན་སྒྱུ་རྩལ་གྱི་པར་ངོས་བཙོག་བསྒྱུར་བྱེད་པར་འགོག་སྲུང་བྱ་དགོས་ཤིང་། རྒྱུན་ལྡན་བྱ་བའི་ཁྲོད་དུ་བརྩམས་ཆོས་གང་རུང་ཞིག་གི་སྒྱུ་རྩལ་དང་སྒྲིག་གཞིའི་བཀོད་འདོམས་མཁན་ཞིག་ཡིན་པའི་ཆ་ནས་བརྙན་འཕྲིན་རིག་རྩལ་གྱི་འཁྲབ་ཁྲིད་པས་ཕྱོགས་སྣ་མང་གི་འབྲེལ་བ་གང་ལེགས་སྒོས་ཐག་གཅོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

བསོད་རྡོ།

     མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བསོད་ནམས་རྡོ་རྗེའམ་བསྡུས་མིང་དང་སྨྱུག་མིང་ལ་བསོད་རྡོ་ནི། མཚོ་སྔོན་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་རུ་མཚེར་སྡེ་བའི་ཡ་མཁར་ཚོ་བར་སྐྱེས། མཚོ་སྔོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཁོངས་མི་དང་། ཞིང་ལྗོངས་ལྔའི་རྒྱང་སྒྲོག་བརྙན་འཕྲིན་དཔྱད་སྡུར་ཚོགས་པའི་འཐུས་མི་ཡིན། སྤྱི་ལོ2005ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་དངོས་གཞི་མཐར་ཕྱིན།སྤྱི་ལོ 2005ལོའི་ཟླ9པ་ནས2010ལོའི་ཟླ3པའི་བར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ བོད་སྐད་འཕྲིན་ལམ་ནས་གསར་འགྱུར་ལོ་ཙྰ་དང་རྩོམ་འབྲི། རིག་རྩལ་དང་ཆེད་སྒྲིག་ལེ་ཚན་ཇུས་འགོད་དང་སྒྲིག་ཁྲིད། བརྙན་ཕབ། རྩོམ་འབྲི། སྒྲིག་སྦྱོར་སོགས་ཀྱི་ལས་ཀ་གཉེར། སྤྱི་ལོ2010ལོའི་ཟླ4པར་བྱ་བའི་དགོས་དབང་གིས་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ ལས་གནས་སྤར།འཐུས་ཚབ་བརྩམས་ཆོས་ལ་དངོས་བྲིས་བརྙན་འཕྲིན《བོད་པའི་བུ་མོ་ནར་ སོན་ཚུལ》དང《ཏུའུ་ལན་གནའ་བོའི་ཐུ་བྷོད་བང་སོར་མཇལ་བའི་མཐོང་ཐོས་མྱོང་གསུམ》 ། ལེའུ་གཉིས་ཅན་གྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》དང་། བོད་ཁུལ་མ་བུ་བདེ་སྲུང་དང་ཨེ་ཛིའི་རིམས་ནད་སྔོན་འགོག་སྐོར་བརྗོད་བྱ་ཡིན་ པའི་ལེའུ་ལྔ་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཐོག་མ《སྐྱིད་སྡུག་གི་ལོ་ ཟླ》སོགས་ཡོད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།