བགྲེས་པོ་དང་རྒྱ་མཚོའི་འགྲེལ་སྟངས་ཤིག
དང་པོ། རྩོམ་པ་བོ་ངོ་སྤྲོད་མདོར་བསྡུས།
དེ་ཡང་ཧེ་མེང་བེའུ(1899--1961)ནི་ཨ་རིའི་ཀྲུ་ཅ་གོའུ་རུ་སྐུ་འཁྲུངས་ཤིང་།སློབ་འབྲིང་མཐར་ཕྱིན་རྗེས་ཨ་རིའི་ལྷོ་ནུབ་ཀྱི་ཁན་ས་སི་སྐར་ཚོམ་ཚགས་པར་ཁང་དུ་ཟླ་་དྲུག་ལྷག་གི་རིང་ལ་གསར་འགོད་ཀྱི་དངོས་སྦྱོང་བྱས་ལ།དེས་ཕྱོགས་ཡོངས་ནས་ཁོང་ལ་སྦྱོང་བརྡར་མང་པོ་ཐོབ།འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་བྱུང་རྗེས་དབྱི་ཐ་ལའི་དམག་འཁྲུག་ཏུ་ཞུགས་ནས་གཡུལ་སའི་རླངས་འཁོར་གྱི་ཁ་ལོ་བ་བྱས།འཐབ་གྲོགས་སྐྱོབ་ཆེད་དུ་ཐེངས་དུ་མར་རྨས་སྐྱོན་ཕོག་ཅིང་ལུས་སྟེང་དུ་རྨ་ཤུལ237ལྷག་བཟོས་ཏེ་ཤི་གསོན་གྱི་སོ་མཚམས་སུ་ལན་མང་ལྷུང་མྱོང་།1937ནས1938ལོའི་དམག་འཁྲུག་སྐབས་སུ་ཁོ་རང་གཡུལ་སའི་གསར་འགོད་པའི་མིང་ཐོག་ནས་ཞུའུ་པན་ཡའི་ནང་འཁྲུག་ཏུ་ཞུགས་པ་མ་ཟད།ད་དུང་པ་ལི་བཅིངས་འགྲོལ་གཏོང་བ་འི་དམག་འཁྲུག་ལའང་ཞུགས།1940ལོར་ཞུའུ་པན་ཡའི་དམག་འཁྲུག་གི་གནས་བབ་འོག་ཏུ་ཧྥ་ཤི་སིར་བརྒོལ་བའི་སྒྲུང་གཏམ་རིང་མོ《丧钟为谁而鸣》ཞེས་པ་བརྩམས་གྲུབ་བྱུང་།འཁྲུག་ཆེན་མཇུག་བསྒྲིལ་རྗེས་དབྱི་ཐ་ལི་སྲིད་གཞུང་གིས་ཁོང་ལ་གཟེངས་རྟགས་ཆེན་པོ་ཕུལ་ཞིང་།རྨས་སྐྱོན་གསོས་པའི་རྗེས་ཀྱི་ཁོང་ཉིད་ཅ་ན་ཏའི་ཏའོ་ལོན་ཏའོ་སྐར་ཚོམ་དུ་ཕྱོགས་གཅིག་ནས་གསར་འགོད་ཀྱི་བྱ་བ་གཉེར་ཞིང་།ཕྱོགས་གཅིག་ནས་བརྩམ་སྒྲུང་བྲིས།ལྷག་པར་དུ་རྗེས་སུ་བརྩམས་སྒྲུང་འབྲི་བ་ནི་ཁོང་གི་འཚོ་བའི་སྙིང་བོ་གཙོ་བོར་གྱུར།
འདི་རུ་གླེང་གཞི་གཙོ་བོར་གྱུར་བའི་བརྩམས་ཆོས་གྲགས་ཅན《བགྲེས་པོ་དང་རྒྱ་མཚོ》ནི1952ལོར་བརྩམས་གྲུབ་བྱུང་བ་ཡིན་ལ།དེ་ནི་ཁོང་གི་ཚབ་མཚོན་དང་ཤུགས་རྐྱེན་ཆེས་ཆེ་བའི་བརྩམས་ཆོས་སུ་གྱུར་བ་མ་ཟད།1954ལོར་འཛམ་གླིང་ནོར་ཝེལ་རྩོམ་རིག་བྱ་དགའ་ཐོབ།
བྱ་དགའ་ཐོབ་རྗེས་ཁོ་རང་འབྱུང་བཞིའི་ན་ཚས་ཀུན་ནས་བཟུང་བས་རྗེས་སུ་ཤུགས་རྐྱེན་ཆེ་བའི་བརྩམས་ཆོས་གང་ཡང་མཛད་མ་ཐུབ།ཡིན་ན་ཡང་ཁོང་གི་མཚན་སྙན་ནི་ཉིན་རེ་བཞིན་ཆེ་རུ་རྒྱས་ཏེ་དུས་རབས་ཉུ་ཤུ་བའི་འཛམ་གླིང་རྩོམ་རིག་གར་སྟེགས་སྟེང་གི་སྐར་ཆེན་དུ་གྱུར།
འཁྲུག་ཆེན་གཉིས་གཙོ་བྱས་ཏེ་ཁོང་གིས་མི་ཚེ་གང་བོར་བརྒྱུད་པའི་འཚོ་བ་ནི་ཁ་ལ་བསྐ་བ།མངར་ལ་སྐྱུར་བའི་རོ་བྲོ་སྣ་འཛོམས་ཤིག་ཡིན་པ་དེས་ཁོང་གི་བརྩམས་ཆོས་དག་ཀྱང་ཟུར་དང་སྣེ་མི་འདྲ་བ།ལེབ་དང་གཞོགས་མི་འདྲ་བ་སོ་སོ་ནས་བལྟས་ན་བྲོ་བ་གྱ་ནོམ་པར་གྱུར་བ་རེད།
ཁོང་ནི་འཚོ་བ་དངོས་ཁྲོད་དུ་བརྟན་ཞིང་བརླིང་བ།དཔར་ངར་ཆེ་བ།འཐབ་རྩོད་ལ་དགའ་བ།ཉེན་ཁར་མོས་པ།ལ་རྒྱ་ཆེ་བ་སོགས་གཤིས་ཀ་སྣ་ཚོགས་ལྡན་པའི་མི་ཞིག་ཡིན་པར་འདུག་ལ།དེས་རྗེས་ཀྱི་ཁོང་གི་བརྩམས་སྒྲུང་སྣ་ཚོགས་ཁྲོད་ཀྱི་མི་སྣ་བཞེངས་སྐྲུན་བྱེད་པར་ཤུགས་རྐྱེན་པོ་ཐེབས་ཡོད་པར་འདུག
གཉིས་པ། གསར་རྩོམ་གྱི་རྒྱབ་ལྗོངས།
རྩོམ་རིག་ནི་འཚོ་བ་ནས་བྱུང་བ་ཡིན་པས་ན།འཚོ་བས་བསྐྱེད་པའི་འབྲས་བུ་དེར་རྒྱབ་ལྗོངས་ཤིག་ཡོད་པ་ནི་སྨྲ་མི་དགོས་པ་ཡིན།དེ་ཡང《བགྲེས་པོ་དང་རྒྱ་མཚོར》རྒྱབ་ལྗོངས་གཉིས་ཀྱི་ངོས་ནས་ལྟ་དགོས་པར་འདུག་སྟེ།
གཅིག བརྩམས་ཆོས་ཀྱི་རྒྱབ་ལྗོངས། ཡང་ན་འཚོ་བས་མཚོན་པའི་བརྩམས་ཆོས།
《བགྲེས་པོ་དང་རྒྱ་མཚོ》ཟེར་བའི་སྒྲུང་གཏམ་འདི་ནི་ཕྱོགས་གཅིག་ནས་བདེན་པ་བདེན་དྲང་གི་འཚོ་བ་ཞིབ་འབྲི་བྱས་པའི་བརྩམས་ཆོས་ཤིག་ཡིན་ཏེ།ཧེ་མེང་བེ་གོའུ་པྭར(古巴)གནས་སྤར་བའི་སྐབས་སུ་ཧྥོ་ཨིན་ཐུག་སི་ཟེར་བའི་ཉ་བ་བགྲེས་པོ་ཞིག་ངོ་ཤེས། 1930ལོར། ཧེ་མེང་བེ་སྡོད་པའི་གྲུ་གཟིངས་དྲག་ཆར་སྤེལ་མའི་འཇིགས་རྔམ་ཁྲོད་དུ་ལུས་པ་ཧྥོ་ཨིན་ཐུག་སིས་བསྐྱབས་པས་རྗེས་སུ་ཁོ་གཉིས་གྲོགས་པོ་བཟང་བོར་གྱུར་ལ།རྒྱུན་པར་མཉམ་དུ་ཉ་རྔོན་པ་སོགས་འབྲེལ་འདྲེས་མང་བར་གྱུར།1936ལོར།ཧྥོ་ཨིན་ཐུག་སིས་ཐག་རིང་རྒྱ་མཚོའི་མཇིངས་སུ་ཉ་ཆེན་པོ་ཞིག་བཟུང་།ཉ་དེ་ཧ་ཅང་ཆེ་ལ་སྟོབས་དང་ལྡན་པས་གྲུ་ཆུང་ཕར་འདྲུད་ཚུར་འདྲུད་བྱས་ཏེ་དུས་ཚོད་མང་པོ་ལུས་ཤིང་།མཐའ་མར་ཡང་ཆུ་སྲིན་གྱི་འཇབ་རྒོལ་ཐེབས་པས་ཡུལ་ལ་ལོག་དུས་བཟུང་ཉའི་རུས་པ་ལས་མེད་པར་གྱུར།ཧེ་མེན་བས་དེ་ནི་བརྩམས་ཆོས་ཀྱི་བརྗོད་བྱ་ལེགས་པོ་ཞིག་ཏུ་མཐོང་།ཡིན་ནའང་ཡུན་རིང་ཞིག་ལ་བརྩམས་ཆོས་སུ་འདྲེན་པའི་དུས་ཚོད་མ་བྱུང་། 1950ལོར།ཁོང་གིས་བརྩམས་ཆོས་འདི་འབྲི་འདོད་དྲག་པོ་སྐྱེས་ཏེ་མགོ་བརྩམས།དེ་དུས་རྩོམ་བྱང་ལ《བགྲེས་པོ་དང་རྒྱ་མཚོ》མི་ཟེར་བར《ད་ལྟའི་རྒྱ་མཚོ》ཟེར།ཟླ་བརྒྱད་ལྷག་གི་རྗེས་སུ་རྩོམ་བྱང་བརྗེས།དེ་བཞིན་ཉ་བ་རྒན་པོ་ཧྥོ་ཨིན་ཐུག་སིའི་དངོས་བརྒྱུད་འཚོ་བ་རྒྱབ་ལྗོངས་སམ་བརྩམས་ཆོས་ཀྱི་རྒྱུ་ཆར་བདམས་ཤིང་རྩོམ་པ་པོས་རང་གི་སྒྱུ་རྩལ་གྱི་སྨྱུག་ཁ་བཀོད་ནས་བཞེངས་སྐྲུན་བྱས་པ་ཞིག་ཡིན་འདུག།དེ་ཡང་རྩོམ་མཁན་ཁོང་གིས་རང་ཉིད་ཀྱི་བརྩམས་ཆོས་འདི་མཚོན་རྟོགས་རང་ལུགས་པར་ཁེས་མི་ལེན་པ་ཡང་དོན་དུ་དངོས་མཐོང་མཚོ་བ་ཐད་འབྲི་བྱས་པས་ཨེ་ཡིན་བསམ།ཡིན་ནའང་དེ་ནི་བརྩམས་ཆོས་ཀྱི་རྒྱབ་ལྗོངས་ཆ་ཚང་ཞིག་ཏུ་བརྗོད་མི་རུང་།
གཉིས། བརྗོད་བྱའི་རྒྱབ་ལྗོངས། ཡང་ན་བརྩམས་ཆོས་ཀྱིས་མཚོན་པའི་འཚོ་བ།
རྩོམ་པ་པོ་ཁོང་ནི་འཛམ་གླིང་འཁྲུག་ཆེན་གཉིས་ཀ་བརྒྱུད་མྱོང་མཁན་དང་དམག་འཁྲུག་གི་གདུང་བས་ལས་སེམས་གཉིས་མནར་ནས་ཤི་གསོན་གྱི་སོ་ཁར་སྐྱོད་མྱོང་མཁན་ཞིག་ཡིན་པ་མ་ཟད།གཏན་དུ་དམག་འཁྲུག་ལ་གྱེས་བརྡ་གཏོང་འདོད་མཁན་ཞིག་ཀྱང་ཡིན་ཏེ“ངས་མི་ཚེ་གང་བོར་དམག་འཁྲུག་མང་པོ་མཐོང་མྱོང་།མ་ཟད་ང་རང་དེ་ལ་གཏིང་ནས་ཞེན་པ་ལོག་ཡོད།འོན་ཀྱང་དམག་འཁྲུག་ལས་ཀྱང་སྡུག་པའི་དོན་དག་མང་པོ་ཡོད།དེ་དག་ལ་མཇུག་འབྲས་ཡག་པོ་ཞིག་གཏན་ནས་མེད།ཁྱོད་རང་ཅི་ལྟར་དམག་འཁྲུག་ལ་སྡང་ན།དེ་བཞིན་གསལ་བོར་རྟོག་ཡོང་།གལ་ཏེ་འཐབ་འཛིང་གི་ཁྲོད་དུ་ལྷུང་ཚེ།རྒྱུ་རྐྱེན་ཅི་ཞིག་བྱུང་ཡང་།ཁྱོད་རང་ངེས་པར་དུ་རྒྱལ་ཐུབ་ངེས།ཁྱོད་རང་ཅིས་ཀྱང་རྒྱལ་དགོས།རྒྱལ་ནས་ཀྱང་དམག་འཁྲུག་སློང་མཁན་དེ་ཚོ་མེད་པར་གཏོང་དགོས་པ་མ་ཟད།ད་དུང་དམག་འཁྲུག་མཇུག་སྒྲིལ་རྗེས་ད་ནི་ཡང་བསྐྱར་དམག་འཁྲུག་མི་འབྱུང་བར་བག་ཟོན་བྱེད་དགོས།”འཛམ་གླིང་འཁྲུག་ཆེན་གཉིས་སྔ་རྗེས་སུ་བྱུང་བ་དེས་མི་མང་པོ་ཞིག་གི་ཚེ་སྲོག་དོན་མེད་དུ་འཕྲོག་སོང་བ་མ་ཟད།དྭ་ཕྲུག་དང་ཡུགས་ས།ནད་ཡམས་སོགས་ང་ཚོས་རྒྱུན་པར་མཐོང་མི་འདོད་པ་དག་མིག་མདུན་དུ་རླབས་རྒྱུན་བཞིན་ཐོལ་གྱིས་ཐོལ་གྱིས་བསྐྱལ་ཡོང་།ད་ནི་སུ་ཞིག་དམག་འཁྲུག་ལ་མི་སྡང་།
རྩོམ་པ་པོ་ཧེ་མེང་བེ་ལ་མཚོན་ན་དམག་འཁྲུག་ནི་ཁོང་གི་མི་ཚེའི་འགྱུར་རླབས་ཡིན་ལ།མི་ཚེའི་འགྱུར་རླབས་དེ་དག་ནི་བརྩམས་ཆོས་མང་པོའི་བརྗོད་བྱར་གྱུར་ཡོད།ཁོང་གི་བརྩམས་ཆོས་ཁྲོད་དུ་དམག་འཁྲུག་དང་དེའི་སྣང་ཚུལ་རྒྱབ་ལྗོངས་སུ་བྱས་པ་མང་པོ་ཡོད།
《བགྲེས་པོ་དང་རྒྱ་མཚོར》མཚོན་ན་ཐད་གར་དུ་དམག་འཁྲུག་དང་དེའི་གདུང་བ་རྒྱབ་ལྗོངས་སུ་བྱས་པ་མི་མཐོང་ཡང་།ཟ་དང་ཟུར་ནས་དཔག་ཡོང་ཚེ་དེ་ཡང་རྩོམ་པ་པོས་དམག་འཁྲུག་དུས་སྐབས་སམ་རྙོག་འཛིང་གི་འཚོ་བའི་ཁྲོད་དུ་འཚོ་དགོས་ཚེ་བགྲེས་པོ་ཟིང་ནྭ་ཡྭ་ཀི་ལྟ་བུའི་ཉི་ཤར་ནས་ཉི་ནུབ་དང་ཉི་ནུབ་ནས་ཉི་ཤར་བསུས་ཏེ་ཉ་ཆེན་ལ་ཤི་འཛིང་བྱེད་ཕོད་པའི་དཔའ་ངར་ལྡན་པ།ལ་རྒྱ་ཆེ་བ།བྱ་བ་གང་ལ་ཡང་ལ་ཡོག་མི་བྱེད་པར་ཧུར་ཐག་གིས་མཐའ་འཁྱོལ་བར་བྱེད་པ་ཞིག་ཡིན་དགོས་པ་བྲིས་འདུག་པར་བསམ་ཡང་མི་ཆོག་རྒྱུ་གང་ན་ཡོད།ཡང་གཅིག་བཤད་ན་འདི་ནི་རྩོམ་པ་པོས་དམག་འཁྲུག་དང་ཁོང་གི་མི་ཚེའི་དཀའ་སྡུག་མང་པོ་རྒྱབ་ལྗོངས་སུ་བྱས་ཤིང་དེའི་མཐོང་ཐོས་དང་བློ་སྐྱེད་ཀྱིས་དངོས་ཡོད་འཚོ་བ་མཚོན་ཕྱིར་དུ་བརྩམས་ཆོས་དེ་འདྲ་ཞིག་རྣམ་དཔྱོད་ཀྱིས་བཞེངས་སྐྲུན་བྱས་པར་བསམ།
བགྲེས་པོ་ཟིང་ན་ཡ་ཀི་ནི་སྐྱོ་གར་སྙིང་སྟོབས་ཀྱི་བསྡུས་གཟུགས་ངོ་མ་ཞིག་རེད་ལ། ཉ་ཆེན་གྱི་རུས་སྒྲོམ་ནི་སྙིང་སྟོབས་ཀྱི་མཚོན་གཞི་ཡིན་སྟེ།ཆུ་སྲིན་གྱི་རྒོལ་བས་ཅི་ལྟར་གཙེས་ཀྱང་།ཚོ་ལ་མངར་བའི་ཕྱིའི་ཤ་ཁྱེར་བ་ལས་བརྗིད་ཆེ་བའི་རུས་སྒྲོམ་ལ་ཅི་ཡང་བྱེད་མ་ཐུབ།དེས་ནི་འཚོ་བའི་ཕམ་ཁ་གཏན་ནས་ཕམ་ཁ་མིན་པ་དང་རྒྱལ་ཁའང་གཞི་ནས་རྒྱལ་བ་མ་ཡིན་པའི་རྒྱལ་ཕམ་སྐྱ་འཐབ་པའི་གནས་ལུགས་ངོ་མ་ཞིག་སྟོན་གྱིན་པར་འདོད།མདོར་ན།བགྲེས་པོ་ཟིང་ཏིའུ་ཡ་ཀིའི་འཚོ་བ་ནི་སྐྱོ་གར་ཞིག་ཏུ་གྲུབ་མོད།ཁོས་དཔའ་ངར་ཆེན་པོས་དེ་དག་སྙིང་སྟོབས་ཀྱི་འབྱུང་གཞིར་བསྒྱུར་བ་ནི་ཇི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com