བགྲེས་པོ་དང་རྒྱ་མཚོའི་འགྲེལ་སྟངས་ཤིག
རྩོམ་པ་པོ།:ཉྭ་སྲིན་པོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-03 10:08:00
ཀློག་གྲངས།:
བཞི་བ། མི་སྣའི་སྣང་བརྙན་དང་བརྩམས་ཆོས་ཀྱི་མཛེས་པ།
བརྩམས་ཆོས་གང་ཞིག་ཡིན་ཡང་དེར་རང་རང་སོ་སོའི་མཛེས་པ་མངོན་སྟངས་རེ་ཡོད་དེ།ལ་ཤས་ཀྱིས་མི་སྣའི་གཤིས་སྤྱོད་ལས་མཛེས་པ་མངོན་པར་བྱེད་པ་དང་།ལ་ཤས་ཀྱིས་བརྗོད་བྱའི་ཐད་དུ་མངོན་པར་བྱེད་པ།ཡང་ལ་ཤས་ཀྱིས་བྱུང་རིམ་ཁྱད་མཚར་ཅན་གྱིས་མཛེས་པ་མངོན་པར་བྱེད་པ་སོགས་རྩོམ་མཁན་སོ་སོར་རང་རང་གི་རྩོམ་འབྲིའི་ཁྱད་ཆོས་ཡོད་ལ་དགོས་ཀྱང་དགོས།
སྤྱིར་བརྩམས་ཆོས་ཀྱི་མཛེས་པ་ཞེས་པ་དེ་ཅུང་བརྗོད་ཁག་པོ་ཞིག་རེད་ལ།བརྗོད་ཁག་པོ་ཡིན་དོན་ཡང་གཙོ་བོ་བརྩམས་ཆོས་གང་དེར་ཞིབ་ཕྲའི་དབྱེ་ཞིབ་བྱས་འོང་ཚེ།མཛེས་པ་ནི་འདིའོ།ཀན་ནོ་ཞེས་རྡོག་རྡོག་ཅིག་ཏུ་ངེས་འཛིན་མི་ཐུབ་པས་ཡིན།འོན་ཀྱང་བཀླགས་ཚར་རྗེས་སུ་ཀློག་མཁན་ལ་དགའ་སྐྱོ་ཆགས་སྡང་སོགས་སེམས་བྱུང་ཟབ་མོ་ཞིག་བཞག་ཡོང་བ་ནི་མཛེས་པའི་མངོན་སྟངས་ཤིག་ཏུ་གྲུབ་ཡོད།བརྩམས་ཆོས་ལེགས་པོ་ཞིག་བཀླག་པས་ན་དེས་རང་ཉིད་ལ་ཅི་ཞིག་དྲན་དུ་བཅུག་པའམ།ཅི་ཞིག་བཤད་འདོད་སྐྱེས་པ།ཅི་ཞིག་རྟོགས་སུ་བཅུག་པ་ལྟ་བུའི་སེམས་བྱུང་སྣ་ཚོགས་འབྱུང་ལ།རྗེས་སུ་བརྩམས་ཆོས་དེ་ཡལ་བ་མེད་པར་རང་གི་འཚོ་བའི་ཆ་ཤས་སུ་འགྱུར་བ་ལྟ་བུའང་ཡོད།དེ་བཞིན་གང་ཞིག་བཀླགས་པས་ཚེ།དགའ་ན་རང་གི་སྣང་ངོར་དགའ་བར་འཐིམ་པ་དང་།སྐྱོ་ན་རང་གི་སྣང་ངོར་སྐྱོ་བར་འཐིམ་པ།ཡང་ན་དགའ་སྐྱོ་འདྲེས་མའི་རོ་བྲོ་ཕུན་སུམ་ཚོགས་པ་སོགས་བརྩམས་ཆོས་མི་གཅིག་པའི་མཛེས་པ་མངོན་སྟངས་ཀྱང་མི་གཅིག་པ་ཡིན།གང་ལྟར་བརྩམས་ཆོས་ཀྱི་མཛེས་པའི་ནུས་སྟོབས་ཀྱིས་བརྩམས་ཆོས་གང་དེའི་ཚེ་སྲོག་ཀྱང་ཐག་གཅོད་ཀྱིན་ཡོད། ལྷག་པར་དུ་གཞུང་ལུགས་ཀྱིས་སྡོམ་དཀའ་བ་ནི་བརྩམས་ཆོས་ཀྱི་མཛེས་པ་རྨ་མེད་པ་ཞིག་ཏུ་འདོད།འོན་ཀྱང་དེ་དག་ནི་སྤྱིའི་འཕྲོས་བཤད་ཙམ་ཡིན།
འདི་རུ་གླེང་བར་བྱ་བའི《བགྲེས་པོ་དང་རྒྱ་མཚོར》མཚོན་ན།བརྩམས་ཆོས་ཀྱི་མཛེས་པ་དེ་གཙོ་བོ་མི་སྣའི་ཞིབ་འབྲིའི་སྟེང་དུ་ཡོད་པར་འདོད་ལ།འདི་ནི་ང་ཚོས་རྒྱུན་པར་མཐོང་བའི་བརྩམས་ཆོས་གཞན་དག་དང་མི་འདྲ་བར་བྱུང་རིམ་གྱིས་ཡིད་འཕྲོག་པ་དང་དོན་རྐྱེན་གྱིས་ཡིད་འཕྲོག་པ་ཞིག་མིན་མོད།མི་སྣའི་བྱ་བྱེད་དང་སེམས་ཁམས།སྐད་ཆ་བཅས་ཀྱི་ཐད་དུ་མཛེས་པ་ཕུན་སུམ་ཚོགས་པ་ཞིག་འདུག། མཛེས་པ་དེ་ཡང་གཙོ་བོ་རྩོམ་པ་པོས་ཉ་མ་ཟིན་པའི་སྐབས་ཀྱི་རྒན་པོའི་སྟེང་དུ་མངོན་པར་བྱས་མེད་ལ།ཉིན85བར་ཉ་ཟིན་པ་ནས་ད་གཟོད་རྒན་པོའི་བྱ་བྱེད་དང་སེམས་ཁམས་སོགས་ཀྱི་མཛེས་པ་དེ་རྩོམ་ཧྲིལ་བོའི་མཛེས་པར་གྲུབ་པར་བྱས་འདུག།
ཧ་ཅང་ཁྱད་མཚར་བ་ཞིག་ནི་རྩོམ་པ་པོས་མི་སྣའི་གདམས་གསེས་ཀྱི་ཁྲོད་དུ་གཞན་གང་ཡང་མ་འདེམ་པར་ལོ་ན་བགྲེས་པའི་རྒན་པོ་ཞིག་གདམས་དགོས་སོང་བ་དེ་རེད། རྗེས་སུ་ཡང་ཁོས་བཟུང་བའི་ཉ་དེ་གཞན་གང་ཡང་མ་གདམས་པར་དབྱིན་ཁྲི18ལྷག་ཡོད་པའི་ཉ་ཆེན་ཞིག་ཡིན་དགོས་སོང་བ་རེད།ཡང་མཐའ་མར་རྒན་པོ་ཕྱིར་ལོག་པའི་ལམ་བར་དུ་ཅིའི་ཕྱིར་ཆུ་སྲིན་དེ་འདྲ་ཞིག་ལ་འཕྲད་དེ་ཁོའི་ཟླ་གཅིག་གི་ཁ་ཟས་སུ་འདང་བའི་ཉ་ཆེན་དེ་མཐར་མར་རུས་པའི་སྒྲོམ་དུ་བཅུག་པ་རེད།འདི་ནི་དོན་དམ་དུ་བརྩམས་ཆོས་ཀྱི་མཛེས་པའི་ས་བོན་རེད། འདི་ནི་རྩོམ་མཁན་རང་ག་བ་ཞིག་གི་བློ་ངོར་འཁོར་མི་སྲིད་ལ།ཧེ་མེང་བེས་འདི་འདྲི་རྒྱུ་ཆའི་གདམས་གསེས་ཕུན་སུམ་ཚོགས་པ་ཞིག་བཀོད་མཐར།མཐའ་མར་ཡང་རྒན་པོ་དང་ཉ།ཆུ་སྲིན་བཅས་ཀྱི་འབྲེལ་བ་ཐག་གཅོད་བྱས་པའང་གཞན་ཡིད་དུ་འཁོར་མི་སྲིད་པ་ཞིག་བྱས་ཡོད་པ་འདི་ནི་དོན་དམ་གྱི་བརྩམས་ཆོས་ཀྱི་མཛེས་པ་ག་ལ་མིན།
འདི་ནི་བརྩམས་ཆོས་འདིའི་སྤྱིའི་མཛེས་པ་རེད་ལ།མཛེས་པ་འདི་ཡང་རྒྱུ་མེད་པར་བྱུང་བ་ཞིག་ག་ཡིན།སྔོན་དུ་གླེང་སོང་བ་བཞིན་འདི་དག་ནི་གཙོ་བོ་མི་སྣའི་ཞིབ་འབྲིའི་སྟེང་དུ་ཡོད་པས་ད་ནི་མི་སྣ་གཙོ་བོ་རྒན་པོ་ཟང་ཏིའུ་ཡ་ཀི་སྟེང་དུ་གླེང་བར་བྱ།
རྒན་པོ་ཟིང་ཏིའུ་ཡ་ཀི་ནི་ཧེ་མེང་བས་བརྩམས་ཆོས་སྣ་ཚོགས་ཀྱི་ཁྲོད་དུ་བཞེངས་བསྐྲུན་བྱས་པའི་མི་སྣ་ཆེས་ལེགས་འགྲུབ་བྱུང་ཡོད་པ་དང་གཤིས་ཀ་ཅན་དེ་ཡིན་པར་འདུག།ཡང་ན་དཔའ་བོ་དང་ཁོར་ཡུག་འཐབ་པའི་ཁྲོད།ཁོང་ནི་ཕམ་ཟིན་པའི་དཔའ་བོ་ཞིག་རེད་ལ།ཕམ་ཁར་གདོང་གཏད་པའི་སྙིང་སྟོབས་ཀྱི་ཐད་ནས་ཁོང་ནི་ཕམ་ཁ་ལས་རྒྱལ་སོང་བ་ཞིག་ཀྱང་རེད།
དཔའ་སྙིང་ཅན་གྱི་རྒན་པོ་འདི་དཀའ་སྡུག་ལ་གདོང་གཏད་ཕོད་པ།རྒྱུན་རིང་ལ་ངང་ཐུང་མ་ཡིན་པ།ལ་རྒྱ་ཆེ་བ།ཉེན་ཁར་དགའ་བ།ཕམ་ཁར་མགོ་མི་སྒུར་བ་བཅས་གཤིས་ཀ་གཙོ་བོ་འགས་གྲུབ་འདུག།གཤིས་ཀ་འདི་དག་གིས་ཁོས་ཉ་འཛིན་པའི་ཐོག་མཐའ་བར་གསུམ་དང་ཡང་ན་བརྩམས་ཆོས་ཀྱི་མགོ་མཇུག་བར་གསུམ་གང་ཐད་དུ་ཤོག་བུ་སྣུམ་ཟས་བཞིན་དུ་སོང་འདུག།དེ་དག་ནི་གཙོ་བོ“དཀའ་སྡུག་ནི་སྐྱེས་ཕོ་རབ་ཅིག་ལ་མཚོན་ན་ཅི་ཡང་མ་ཡིན”དང“ཀ་ཡེ་ཉ་ལགས།ང་རང་ཁྱོད་ལ་ཧ་ཅང་དགའ།དེ་བཞིན་ཁྱོད་ལ་སྙིང་ནས་བརྩི།འོན་ཀྱང་ནམ་མ་ལངས་སྔོན་ལ་ངས་ཅིས་ཀྱང་ཁྱོད་གཟོད་དགོས”ཡང“མི་ནི་ཕམ་ཁའི་ཆེད་དུ་འཇིག་རྟེན་དུ་འཚོ་བ་མིན་ལ།མི་ཞིག་གཞན་གྱིས་འཇོམས་པར་ནུས་ཀྱང་།གཏན་དུ་ཕམ་པར་འཇོག་མི་ཐུབ།”ལྟ་བུ་ལས་རྒན་པོའི་གཤིས་ཀ་དེ་དག་རྟག་ཏུ་མངོན་གྱིན་ཡོད། ཡང་གཅིག་བཤད་ན་གཤིས་ག་དེ་དག་ནི་རྩོམ་པ་པོ་ཧེ་མེང་བེ་ཁོ་རང་དངོས་སུ་བརྒྱུད་པའི་འཚོ་བའི་ཁྲོད་ཀྱི་སྦྱོང་བརྡར་ལས་ཐོན་ཞིང་ཁོ་རང་གི་གཤིས་ཀ་ཡིན་ཡང་སྲིད།གང་ལྟར་འདི་དག་གིས་ད་གཟོད་བརྩམས་ཆོས་ཧྲིལ་བོའི་མཛེས་པ་གྲུབ་པར་བྱས་ཡོད་པར་ཁོ་བོས་འདོད།
གཞན་ཡང་བརྩམས་ཆོས་ཁྲོད་དུ་བུ་ཆུང་ལ་ཁ་བརྡ་བྱེད་དུས“ང་རང་ཁྱོད་ཀྱི་ལོ་ཚོད་འདིར་ཡོད་དུས།ཧྥེ་གླིང་དུ་སྐྱོད་པའི་གྲུ་གཟིངས་ཤིག་གི་སྟེང་དུ་ཉ་རྔོན་གྱིན་ཡོད།”ཅེས་པ་ལས་བརྩམས་ཆོས་ཁྲོད་དུ་ཁོའི་ཕ་མ་དང་སྐྱེ་ཁུངས་སོགས་གླེང་མི་འདུག། ད་དུང“ཁང་བའི་ནང་དུ་མལ་ཁྲི་གཅིག་དང་མདུན་ཅོག་གཅིག་།རྐུབ་སྟེགས་གཅིག་་་་”སོགས་བྲིས་པ་ལས་དབུལ་ཞིང་འཕུང་བའི་ཁོའི་འཚོ་བའི་ཆ་ཤས་ཤིག་མཐོང་ཐུབ།
གཞན་ཡང“བྱེའུའི་འཚོ་བ་ང་ཚོ་ལས་ཀྱང་སྡུག་པོ་རེད”ལྟ་བུ་དང“85ནི་བཀྲ་ཤིས་པའི་གྲངས་ཀ་ཞིག་རེད”ལྟ་བུ།ཡང“རྒྱ་མཚོ་ནི་བྱམས་བརྩེ་ལྡན་པ་ཞིག་དང་མཛེས་པས་ཕྱུག་པ་ཞིག་རེད”“ཁོང་ནི་རུས་སྦལ་དང་སྦལ་གཅོང་ལ་དགའ་ལ་དེ་ཚོའི་དྭག་གཙང་གི་བྱ་སྤྱོད་དགའ”ལྟ་བུའི་བརྩམས་ཆོས་ཁྲོད་ཀྱི་མཚོན་སྟོབས་ཅན་གྱི་བྱ་བྱེད་བྱེ་བྲག་པའམ་ཟུར་འདེགས་སྐད་ཆ་དག་ལས་ཁོའི་གཤིས་ཀ་དང་དགའ་ཕྱོགས་སོགས་ཀྱི་སྤྱིར་བཏང་བའི་ཟུར་གཞན་དག་ཀྱང་མཐོང་ཐུབ་པར་འདོད།
ལྔ་བ། སྒྱུ་རྩལ་གྱི་ཁྱད་ཆོས།
བརྩམས་ཆོས་འདིའི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་ནི།
གཅིག མཚོན་བྱེད་རང་ལུགས་ཀྱི་འབྲི་ཐབས་སྤྱད་པ།
བརྩམས་ཆོས་ཀྱི་ཁྲོད་དུ་བང་རིམ་མང་པོའི་མཚོན་བྱེད་རང་བཞིན་གྱི་ནང་དོན་འདུས་ཡོད་དེ།དཔེར་ན་ཉ་མར་ལེན་གྱིས་མི་ཚེའི་ཕུགས་བསམ་མཚོན་པ་དང་ཆུ་སྲིན་གྱིས་མི་ཚེའི་ལས་དབང་ཁྲོད་ཀྱི་དཀའ་སྡུག་དང་སྐྱོ་སྡུག་གི་ལས་དབང་མཚོན་པ།རྨི་ལམ་དུ་མངོན་པའི་སེང་གེས་སྙིང་སྟོབས་མཚོན་པ།རྒྱ་མཚོས་འགྱུར་བ་སྟོང་ལྡན་གྱི་མིའི་རིགས་ཀྱི་སྤྱི་ཚོགས་མཚོན་པ།བུ་ཆུང་མན་ནའོ་ལེན་གྱིས་རེ་བ་དང་གཤིས་བཟང་མཚོན་པ་སོགས་མཚོན་བྱེད་ཟུང་བཀོད་ཀྱི་ཐབས་ལམ་ལ་བརྟེན་ནས་རྒན་པོ་ཟིང་ཏིའུ་ཡ་ཀིའི་གཤིས་ཀ་མཁྲེགས་པོ་དང་བརྩམས་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་སྒྱུ་རྩལ་གྱི་མཛེས་པ་མངོན་པར་ཐོན་པར་བྱས་ཡོད།
གཉིས། ཞིབ་འབྲིའི་ཐབས་རྩལ་སྤྱད་པ།
རྩོམ་པ་པོས་མི་སྣ་གཙོ་བོ་ཟིང་ཏིའུ་ཡ་ཀིའི་བྱ་བྱེད་དང་སེམས་ཁམས་འབྲི་བཞེངས་ཀྱི་ཐད་དུ་ཞིབ་འབྲི་ལེགས་པོ་བྱས་ཡོད་དེ།ཁོས་ཟིང་ཏིའུ་ཡ་ཀི་འབྲི་བཞེངས་བྱེད་དུས་སྨྱུག་ཁ་གཙོ་བོ་དངོས་སྣང་དང་འགུལ་རིས་ཀྱི་རྣམ་པས་རྒན་པོ་དང་ཆུ་སྲིན་གྱི་འཐབ་རྩོད་ཀྱི་སྟེང་དུ་བཀོད་ཡོད་ཅིང་།ཆུ་སྲིན་གྱི་གཏུམ་དྲག་དང་རྒན་པོའི་བརྟན་བརླིང་འཐབ་པའི་སྣང་ཚུལ་དག་ཞིབ་འབྲི་བྱས་པར་གསོན་ཉམས་ལྡན་ལ།དངོས་སུ་རྒྱ་མཚོའི་ཀློང་ནས་གསལ་བོར་མཐོང་བ་ལྟ་བུའི་ཉམས་སྣང་སྟེར་ཐུབ་པར་འདུག།རྒན་པོས་ཡང་ཡང་བུ་ཆུང་དྲན་པ་དང་།ཉ་ཐག་ཆུ་ལ་གཡུག་པ།ཉ་ཟན་གཏོར་བ།ཁེར་བཤད་བྱེད་པ་སོགས་སེམས་ཁམས་དང་བྱ་བྱེད་གང་ཐད་དུ་གཏིང་ཟབ་པའི་ཞིབ་འབྲི་བྱས་པ་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་ཐོན་ཡོད།
མདོར་ན།བརྩམས་ཆོས་འདིར་ཟ་དང་ཟུར།གཞོག་དང་ལེབ་གང་ནས་བལྟས་ཀྱང་མི་སྣ་འབྲི་བཞེངས་ཡིན་ནའང་འདྲ།རྩོམ་མཁན་གྱི་གསར་རྩོམ་ཐབས་ལམ་ཡིན་ནའང་འདྲ།བརྩམས་ཆོས་ལས་མངོན་པའི་བརྗོད་དོན་ཡིན་ནའང་འདྲ།ཕྱོགས་གང་ཐད་དུ་བྲིས་པ་ཧ་ཅང་གསོན་ཉམས་དང་མཛེས་པས་ཕྱུག་ཡོད་དོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།