ཚད་མ་རིག་པའི་ལོ་རྒྱུས་ལས་གསང་ཕུ་ནེའུ་ཐོག་ཏུ་ཚད་མ་དར་ཚུལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-12-02 11:23:00 ཀློག་གྲངས།:
ནང་དོན་གནད་བསྡུས།
      སྤྱིར་ན་བོད་དར་ཚད་མ་རིག་པའི་འཕེལ་རིམ་གྱི་ལོ་རྒྱུས་སྐོར་ལ་འཆད་རྩོམ་རྒྱས་བསྡུས་མི་གཅིག་པ་ཧ་ཅང་་་མང་པོ་བཞུགས་ཡོད་་ནའང་། སློབ་དཔོན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་མཛད་པའི《རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས》ཞེས་པའི་ལྗག་རྩོམ་འདི་ནི་ཚད་མ་རིག་པའི་འཕེལ་རིམ་གྱི་ལོ་རྒྱུས་ཁ་གསལ་ལ་ཞིབ་ཚགས་པ་དང་།དཔྱད་གཞིའི་ཡིག་ཆ་ཁུངས་བཙན་ལ་ནང་དོན་རིམ་པར་རིམ་པར་གསལ་བས་རྙོག་འཛིངས་མེད་པ། བརྗོད་བྱའི་སྙིང་པོ་འབུར་དུ་ཐོན་པ། ཚད་མའི་འཕེལ་རིམ་གྱི་ལོ་རྒྱུས་དུས་མཚམས་གྱི་དབྱེ་བ་གསལ་བ། ཚད་མའི་སྨྲ་བའི་དབང་པོ་དག་ཀྱང་མ་འདྲེས་པར་ཡང་དག་སོ་སོར་ཕྱེ་ནས་ཡོད་པ། གྲུབ་མཐའ་སོ་སོའི་ཚད་མའི་འཕེལ་རིམ་དང་ཚད་གཞུང་ཇི་ལྟ་བུ་བཞུགས་ཡོད་པ་དང་ཆོས་བརྒྱུད་ཇི་ལྟར་ཡིན་པ་སོགས་ལས་བོད་ཀྱི་ཚད་མའི་ལོ་རྒྱུས་སྐོར་གྱི་ལྗག་རྩོམ་ཕུལ་དུ་བྱུང་བ་ཞིག་རེད་ཅེས་བཤད་ཆོག་སྙམ། འདི་ལྟར་བཤད་དོན་ཡང་བོད་ཀྱི་ཚད་མའི་བསྟན་བཅོས་ཆེ་གྲས་ཁག་ཏུ་ནི་གཞུང་དངོས་ཀྱི་ལྟ་གྲུབ་ཐད་ཀར་སྨྲ་བ་ལས་ལོ་རྒྱུས་ཀྱི་འཕེལ་རིམ་ཅང་མི་སྨྲ་བ་མང་ཆེ་བ་དང་། ད་བར་ཚད་མའི་གཞུང་ལུགས་འདི་གའི་ལོ་རྒྱུས་རགས་རིམ་ཙམ་གྱི་དཔྱད་རྩོམ་མང་པོ་ཞིག་མཐོང་མྱོང་ཡང་གོང་ཞུས་ལྟར་གྱི་ཁྱད་ཆོས་མི་མངའ་བས་སློབ་དཔོན་ཆེན་མོ་འདི་གའི་གསུང་རྩོམ་ལྟ་ཀློག་བྱས་པ་ལས་ངེས་པ་ཅུང་ཟད་རྙེད་ནས་གསང་ཕུ་ནེའུ་ཐོག་ཏུ་ཚད་མ་རིག་པ་ཇི་ལྟར་འཕེལ་བའི་སྐོར་ཟུར་ཙམ་བཤད་འདོད་ཆེ། དེ་ཡང་གསང་ཕུ་ནེའུ་ཐོག་འདི་བོད་དར་ཚད་མ་རིག་པའི་ལོ་རྒྱུས་ཁྲོད་ཀྱི་དགུང་གི་ཉི་མ་ཡིན་ཏེ། དུས་རབས་གསུམ་ཙམ་གྱི་དུས་ཡུན་ནང་ཚད་མའི་འཆད་ཉན་ཐད་ལ་མི་ཉམས་གོང་འཕེལ་བྱུང་ཡོད་ལ་ད་ཆ་བོད་ཀྱི་སློབ་གྲ་ཆེ་འབྲིང་ཁག་དང་ལྷག་པར་དུ་དགོན་སྡེ་ཁག་ཏུ་ཚད་མའི་འཆད་ཉན་མི་ཉམས་པར་གནས་ཡོ་ད་འདི་ནི་གསང་ཕུ་ནེའུ་ཐོག་ཅེས་པའི་གདན་ས་ཆེན་པོ་འདི་བྱུང་ཡོད་པས་མ་ཡིན་ནམ། ཡང་སྒོས་སུ་གདན་ས་འདིར་རྔོག་ལོ་ཆེན་པོ་ཁུ་དབོན་གཉིས་དང་གསར་གཏོད་ཀྱི་སྙིང་སྟོབས་དང་སྤོབས་པ་ཆེ་ཆེར་ལྡན་པའི་རིག་པའི་དཔའ་བོ་ཕྱྭ་པ་ཆོས་ཀྱི་སེང་གེ་བྱོན་ནས་བོད་དར་ཚད་མ་རིག་པའི་འཕེལ་རིམ་གྱི་ལོ་རྒྱུས་སྟེང་སྔར་མེད་གསར་བསྐྲུན་གྱི་མཛད་རྗེས་ངོ་མཚར་ཆེ་བ་སོགས་ཀྱི་བཀའ་དྲིན་ལ་བསམ་ནས་འདི་ཕྱོགས་ལ་བསྐྱར་དུ་བསམ་གཞིགས་བྱ་ཁུལ་ལས།
གཅིག གསང་ཕུ་ནེའུ་ཐོག་གོང་རོལ་གྱི་བོད་དར་ཚད་མའི་སྐོར་སྤྱིར་བཤད་པ།
༡ བསྟན་པ་སྔ་དར་གྱི་སྐབས།
      དེ་ཡང་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ངོ་སྟོང་དང་ལྔ་བརྒྱ་བཅུ་ཐམ་པ་ད་ལྟ་སྤྱི་ལོ་ཞེས་པའི་མགོ་ཚུགས་ནས་ལོ་དྲུག་བརྒྱ་དང་བཅུ་བདུན་འདས་པ་གཉའ་ཁྲི་བཙན་པོ་ནས་དུས་རབས་བདུན་པའི་སྔ་ཆར་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོ་འཁྲུངས་ཞིང་སྐབས་འདིར་བོད་ཀྱི་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མི་བྱུང་བ་དང་ཁོང་གི་ཐོག་མར་མདོ་སྡེ་དཀོན་མཆོག་སྤྲིན་སོགས་རྒྱ་གར་གཞུང་ལུགས་མང་དུ་བསྒྱུར་ཅིང་དུས་་རབས་བདུ་པའི་སྔ་ཆར་བོད་རྒྱལ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱི་སྲིད་སྐྱོང་་བའི་བར་ཡུལ་གངས་ཅན་དུ་ཚད་མ་རིགས་པའི་གཞུང་ལུགས་མ་དར་ཞེས་མཁས་པ་ཀུན་གྱིས་གྲགས་པར་བྱེད།ཚང་མས་ཤེས་གསལ་ལྟར། བོད་རྒྱལ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་འདིའི་སྐབས་སུ་རྒྱ་གར་ནས་མཁན་ཆེན་དང་པཎཌི་ཏ་མང་དུ་སྤྱན་དྲངས་ཤིང་། བོད་ཀྱི་ལོ་ཙ་བ་ཆེན་པོ་སྐ་ཅོག་ཞང་གསུམ་སོགས་གདན་འཛོམས་པའི་རྟེན་འབྲེལ་གྱིས་བཀའ་བསྟན་སོགས་བསྟན་བཅོས་གང་མང་བསྒྱུར་དུ་བཅུག་པ་ལས་རིགས་པའི་དབང་ཕྱུག་ཆེན་པོ་ཕྱོགས་ཀྱི་གླང་པོ་ཡབ་སྲས་དང་བཅས་པས་མཛད་པའི་ཚད་མ་མདོ་ཀུན་ལས་བཏུས་པ་དང་། དེའི་དགོངས་འགྲེལ་བསྟན་བཅོས་ཆེན་པོ་ཚད་མ་སྡེ་བདུན་སོགས་ཐོག་མར་ལེགས་པར་བསྒྱུར་ཞེས་གྲགས་པ་ཙམ་ལས་ཚད་མའི་འཆད་ཉན་སྐོར་ཕལ་ཆེར་དར་མེད་པ་འདྲ། འོན་ཏེ། སློབ་དཔོན་ཆེན་མོ་ཁང་དཀར་ཁོང་གིས“སྟག་ཚང་ལོ་ཙ་བ་ཤེས་རབ་རིན་ཆེན་གྱི་རིག་གནས་ཀུན་ཤེས་ལས། མདོ་དང་རྣམ་འགྲེལ་རྣམ་ངེས་འགྲེལ་ཆེན་དང་བཅས་པ་ནི་ཕྱི་དར་གྱི་ལོ་ཙ་བ་རྨ་དགེ་བའི་བློ་གྲོས་ཀྱིས་ཐོག་མར་བསྒྱུར་ཅེས་གསུངས་པ་ཡང་དཔྱད་བཟོད་དུ་འཇལ” ① གསུངས་པ་དང་འགལ་བར་མི་སྲིད་དམ། ཡང་སྒོས་སྡེ་བདུན་མདོ་དང་བཅས་པ་གྲགས་པ་ཆེ་བའི་དུས་སྐབས་འདི་རུ་བོད་ཀྱི་ལོ་ཙ་བ་དང་རྒྱ་གར་པཎ་གྲུབ་ཆེན་པོ་དག་གི་མི་བསྒྱུར་བར་རང་གར་འཇོག་སྲིད་དམ། འདི་ལྟར་ལགས་ན་སྟག་ཚང་ལོ་ཙ་བའི་གསུང་འདི་ཅུང་ཟད་མི་མཐུན་པར་མཐོང་སྟེ། སློབ་དཔོན་ཆེན་མོ་ཁང་དཀར་ཁོང་གིས་ཀྱང་གང་ལྟར།“བསྟན་པ་སྔ་དར་སྐབས་སུ་ཚད་མའི་འཆད་ཉན་ཅུང་ཟད་ཙམ་བྱུང་བར་ཚོད་དཔག་ནུས་ཀྱང་གཞུང་ཚུགས་ནས་འཆད་ཉན་རྒྱུན་ཆགས་སུ་བྱུང་མེད” ②ཅེས་གསུངས་པ་ལྟར་བསྟན་པ་སྔ་དར་སྐབས་འདིར་ཚད་མའི་རིགས་གཞུང་གྱི་འགྱུར་ཅི་རིགས་ཡོད་ནའང་འཆད་ཉན་དར་མེད་པ་མཚོན་ཐུབ།
༢ བསྟན་པ་ཕྱི་དར་གྱི་སྐབས།
      བསྟན་པ་ཕྱི་དར་བྱུང་བ་ནི་བོད་ཀྱི་རིག་གནས་ཀུན་གྱི་ལང་ཚོའི་དཔལ་ཡོན་རབ་ཏུ་རྒྱས་ཤིང་།འོད་ཟེར་སྟོང་ལྡན་གྱི་དུས་སྐབས་ཤིག་ཡིན་པས་ན། བོད་ཀྱི་ཚད་མའི་གཞུང་ལུགས་ཀྱི་འཆད་ཉན་ཡང་དངོས་སུ་དར་ཡོད་པ་དང་སློབ་དཔོན་ཁོང་གིས་དེབ་སྔོན་དང་བཅས་པའི་ལོ་རྒྱུས་ཡིག་ཆ་ཁུངས་བཙན་ལས་དྲངས་ཤིང་དགག་སྒྲུབ་གནང་ཡོད་དེ། “རྨ་དགེ་བའི་བློ་གྲོས་ཀྱིས་ཚད་མའི་འཆད་ཉན་གཏན་ལ་ཕབ་ལས་མཆེད་ནས་དབུས་གཙང་དུ་ཚད་མའི་འཆད་ཉན་བྱུང་བ་དང་ཁྱུང་པོ་གྲགས་སེང་ཞེས་བྱ་བ་དེས་ཚད་མའི་བཤད་པ་མང་དུ་་མཛད་ཅེས”③གསུངས་པ་ལ་བསམ་ནས་ཕྱིས་ཀྱི་ཚད་མའི་འཕེལ་རིམ་ལ་རྨང་རྡོ་བཏིང་བ་ལ་ཚང་མས་ཚད་མ་རྙིང་པ་ཞེས་དང་དེའི་རྗེས་ཀྱི་རྔོག་བློ་ལྡན་ཤེས་རབ་ཀྱིས་ཚད་མའི་བསྟན་བཅོས་རྒྱུན་ཆགས་སུ་སྲོལ་གཏོད་ཟེར་བ་བདེན།
གཉིས་པ། བྱེ་བྲག་ཏུ་གསང་ཕུར་ཚད་མ་དར་ཚུལ་རྒྱས་ཙམ་བཤད་པ།
༡ གསང་ཕུ་དགོན།
      གསང་ཕུ་དགོན་འདིར་ཐོག་མར་ནེའུ་ཐོག་དགོན་ཞེས་འབོད་ལ་འདི་ནི་གྲོང་ཁྱེར་ལྷ་སའི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་གནས་ཡོད་པ་དང་། དེ་ཡང་དགོན་འདི་ནི་བོད་རབ་བྱུང་དང་པོའི་ཆུ་གླང1073ལོར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དངོས་སློབ་ཁུ་རྔོག་འབྲོམ་གསུམ་དུ་གྲགས་པའི་ཡ་རྒྱལ་རྔོག་ལེགས་པའི་ཤེས་རབ་ཀྱི་ཐོག་མར་བཏབ་ཞིང་དགོན་འདིའི་ས་གནས་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལུང་བསྟན་གནང་ཞིང་དགོན་་པ་མ་འདེབས་བར་དུ་གསང་བ་མཛད་པར་ཞུ་ཞེས་ཞུས་པར་བརྟེན་ནས་གསང་ཕུ་ཞེས་པའི་མིང་ཐོགས་པར་གྲགས། “དགོན་འདིར་ཐོག་མར་གྲྭ་པ་ལྔ་བརྒྱ་ཙམ་འདུས་པ་ལ་རྔོག་གིས་འཆད་ཉན་རྒྱ་ཆེར་མཛད”④ཅེས་པ་ལས་དགོན་འདི་དུས་ཕྱིས་ཀྱི་སེ་འབྲས་དགེ་གསུམ་ལྟ་བུ་གཞི་རྒྱ་ཆེན་པོ་མེད་ནའང་སྐབས་དེ་དུས་ཀྱི་སློབ་གཉེར་བྱེད་སའི་གདན་ས་གལ་ཆེན་ཞིག་ཡིན་པ་རྟོགས་ཐུབ། དེ་ལྟར་དར་རྒྱས་ཧ་ཅང་ཆེ་བར་འགྱུར་ཡོད་རུང་དུས་ཕྱིས་མིང་གི་ལྷག་མར་འགྱུར་དོན་ཡང་གཙོ་བོ་དགེ་ལུགས་པའི་གྲུབ་མཐའ་དར་བ་དང་བསྟུན་ནས་གསང་ཕུར་ས་སྐྱ་དང་དགེ་ལུགས་པའི་གྲྭ་ཚང་བཅུ་གཅིག་ཏུ་གྱེས་པལས་བཀའ་བདམས་པའི་གྲུབ་མཐའ་རིམ་བཞིན་ཉམས་རྒུད་དུ་འགྱུར་བས་དེ་སྔོན་བཀའ་བདམས་པ་གཙོར་བྱེད་པའི་གསང་ཕུ་འདི་ཕྱིས་ས་སྐྱ་དང་དགེ་ལུགས་པས་གཙོར་བཟུང་བས་ཉམས་དམས་སུ་འགྱུར་བ་ནི་འཇིག་རྟེན་དངོས་པོའི་ཆོས་ཉིད་ཉིད་དོ།། དགོན་འདི་ནི་ལོ་རྒྱུས་ཐོག་གནས་བབས་ཧ་ཅང་མཐོན་པོར་འཇོག་པ་ནི་བོད་ཀྱི་ཚད་མའི་འཆད་ཉན་ཐོག་མར་རྒྱ་ཆེར་དར་སའི་གནས་དང་། རྔོག་ལོ་ཙ་བ་བློ་ལྡན་ཤེས་བར་དང་། ཕྱྭ་པ་ཆོས་ཀྱི་སེང་གེདེ་བཞིན་རྗེ་ཙོང་ཁ་བ་ཆེན་མོ་ལ་སོགས་རིགས་པའི་དཔའ་བོ་རྣམས་ཀྱི་སློབ་གཉེར་དང་འཆད་རྩོད་གནང་སའི་གདན་་ས་གལ་ཆེན་ཞིག་ཏུ་ལགས་པས་སྐབས་དེ་དུས་བོད་ཀྱི་ནང་བསྟན་ཤེས་རིག་སློབ་གྲྭ་ཆེ་ཤོས་ཤིག་རེད་ཅེས་སྨྲ་མི་ཆོག་པ་མེད།
༢ རྔོག་ལོ་ཙ་བ་ཆེན་པོ་བློ་ལྡན་ཤེས་རབ་དང་བོད་དར་ཚད་མའི་འཕེལ་རིམ་སྐོར།
      རྔོག་ལོ་ཙ་བ་བློ་ལྡན་ཤེས་རབ་མཆོག་ནི1059-1109ལོ་བར་བཞུགས་ཤིང་། རྔོག་ནི་རུས་མིང་ཡིན་ཞིང་རྔོག་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་བཞིའི་ནང་ནས་གསུམ་པ་ཅོས་སྐྱབས་ཀྱི་སྲས་ཡིན། དགུང་ལོ17བར་རང་གི་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་ཕེབས། ཁུ་བོས་བཀའ་བསླབ་དང་མཐུན་རྐྱེན་གནང་བཞིན་རྒྱ་གར་དུ་སློབ་གཉེར་དུ་ཕེབས། རྒྱ་གར་ཡུལ་དབུས་དང་ཁ་ཆེ་བཅས་སུ་ལོ་ངོ17རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིགས་པ་སོགས་ལ་སྦྱངས་པ་མཐར་ཕྱིན་གནང་ནས1092ལོར་བོད་དུ་ཕྱིར་ཕེབས། “ཚད་མ་རིགས་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་མཛད་པས་བོད་ཀྱི་ལོ་ཙ་བའི་ཁྲོད་ན་གཞུང་བསྒྱུར་མང་ཤོས་དང་མཁས་ཤོས་ཡིན།” ⑤ཞེས་དང་“ཆོས་གསུངས་པ་ལ་ཤིན་ཏུ་མཁས་པས་ཆོས་ཐེངས་རེ་གསུངས་དུས་ཉན་མཁན་ཁྲི་ལྷག་དང་ཉུང་མཐར་སྟོང་ཕྲག་ལས་མི་ཉུང་བ་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་རྐྱང་པ་ཡང་ཆིག་སྟོང་བརྒྱད་བརྒྱ་ཙམ་ཡོད་ཟེར།”⑥ཅེས་པའི་ལེགས་བཤད་ལས་ཀྱང་གོ་ཐུབ་བོ།།
      ལོ་ཙ་བ་འདིས་ཚད་མ་རིགས་པའི་སྐོར་དུ“རྟོག་གེའི་གཞུང་ལས་ནི་རིགས་ཐིགས་དང་རྣམ་ངེས་དང་རྣམ་འགྲེལ་ལེའུ་གསུམ་དང་སློབ་དཔོན་ཆོས་མཆོག་གི་ཊིཀ་ཆེ་ཆུང་གཉིས། ཚད་མ་བརྟག་པ་ཆེ་ཆུང་གཉིས། གཞན་སེལ་བ་དང་སྒྲུབ་པ་དང་། སྐད་ཅིག་འཇིག་པ་སྒྲུབ་པ། རྣམ་འགྲེལ་གྱི་རྒྱན་དང་དེའི་ཊིཀ་ཡ་མ་རིས་སྦྱར་བ་དང་། བྲམ་ཟེ་ཆེན་མོའི་རྣམ་འགྲེལ་གྱི་རྗེས་སུ་འབྲངས་པ་སྟོང་པའི་སྟོད་དང་། ཚད་མ་བརྟག་པ་པར་མ་དང་སེལ་བ་སྒྲུབ་པ། འབྲེལ་བ་གྲུབ་པ་སྟེ་སྤྱིར་བདུན་ཁྲི་ཉིས་སྟོང་ལྷག་དང་བཅས་པ་ཕལ་ཆེར་གཞི་བསྒྱུར། ཅུང་ཟད་ཞུས་ཆེན་མཛད་པས་ཤིན་ཏུ་དག་པའི་གཞུང་མིག་ཀྱང་ཡིད་ཆེས་པའི་གསལ་བྱེད་དུ་གནས་སོ།”⑦ཞེས་གསུངས་པ་ལས་ཀྱང་ལོ་ཆེན་འདིས་རྒྱ་གར་གྱི་ཚད་མའི་གཞུང་གི་བརྗོད་བྱ་གཙོ་བོ་རྣམས་མ་ལུས་པར་རང་སྐད་དུ་ཕབ་བསྒྱུར་་གནང་ཡོད་པ་མ་ཟད། ཚད་མའི་གཞུང་གུགས་མཐའ་ཡས་པ་དག་གི་འཆད་ཉན་ཀྱང་གཏན་ལ་ཕབ་པ་ཡིན་ཏེ། “ལོ་ཙ་བ་འདི་ཉིད་ལས་ཆོས་སྤེལ་བའི་ཚུལ་ལ། དེབ་ཐེར་སྔོནཔོ་ལས། ཇོ་བོ་གཤེགས་ནས་ལོ་བཞི་ཅུ་པ་ལ་ལོ་ཙ་བ་བློ་ལྡན་ཤེས་རབ་ཀྱིས་དཔེ་འགྲེམས་ཁྲི་ཚོ་བཞི་དང་གསུམ་སྟོང་ལས་ལྷག་པ་ལ་སྡེ་སྣོད་རྒྱ་ཆེར་གསུངས། ཞེས་པ་ལྟར་ན་ཡང་སྤྱིར་མདོ་སྔགས་གཉིས་དང་ཁྱད་པར་དུ་ཚད་མའི་གཞུང་ལུགས་ལ་འཆད་ཉན་གྱི་སྲོལ་ཐོག་མ་ཡིན་པ་ལྟ་བུར་སྣང་། ལོ་ཙ་བ་འདིའི་སྔོན་དུ་ཚད་མ་རིགས་པའི་གཞུང་བོད་སྐད་དུ་བསྒྱུར་ནས་འཆད་ཉན་བྱུང་བའི་སྲོལ་ཙམ་ལས་ཡུལ་དང་ཆོས་གྲྭ་གང་དུ་དར་བའི་ཚུལ་གསལ་པོར་བཤད་པ་མི་སྣང་བ་མི་ཟད། སྔོན་གྱི་གནའ་ཤུལ་ཙམ་ཡང་བརྗོད་པ་མི་སྣང་ངོ་།”⑧ཁོང་ཉིད་ཀྱི་སློབ་མའི་ཁྲོད་ལས་ཀྱང་ཚད་མའི་འཆད་རྩོད་ལ་མཁས་པ་ཉིས་བརྒྱས་ཟིན་པ་ཡོད་པ་ནི་སློབ་དཔོན་ཁང་དཀར་ཁོང་གི་་བཀའ་གདམས་ཆོས་འབྱུང་དང་དེབ་སྔོན་སོགས་གཞིར་བྱས་ནས་རིགས་པས་སྒྲུབ་ཡོད་པ་ལ་ནི་ཐེ་ཚོམ་མི་དགོས། ལོ་ཆེན་འདི་ཉིད་ནས་བཟུང་རང་རེའི་ཡུལ་དུ་ཚད་མའི་འཆད་ཉན་དབྱར་གྱི་ཆུ་མཚོ་བཞིན་དར་ཞིང་རྒྱས་པའི་དབུ་ཚུགས་པ་ཡིན་ལ། ཚད་མའི་འཆད་ཉན་དེ་དག་ལ་བརྟེན་ནས་རང་རེའི་ཡུལ་དུ་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པའི་སྨྲ་བའི་དབང་ཕྱུག་ཆེན་པོ་རྒྱ་མཚོ་ཆེན་པོའི་ཀློང་བརྡོལ་བ་བཞིན་ཆས་མང་དུ་བྱོན་པ་ཡིན་ཏེ། རིགས་པ་སྨྲ་བ་སྲས་ཀྱི་ཐུ་བོ་སྐུའི་གདན་ས་འཛིན་པ་ཞང་ཚེ་སྤོང་པ་ཆོས་ཀྱི་བླ་མ། གསུང་གི་བསྟན་པ་རྫོགས་པར་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བཤད་སྲོལ་འཛིན་པ་འབྲེ་ཆན་པོ་ཤེས་རབ་འབར་། དབུ་ཚད་ཀྱི་བཤད་སྲོལ་འཛིན་པ་ཁྱུང་རིན་ཆེན་གྲགས་བཅས་དང་བུ་སློབ་སྨྲ་བའི་སེང་ཆེན་བརྒྱད་ཀྱིས་མཛེས་པར་བརྒྱན་པ།རིགས་པའི་ཆ་ལ་སུས་ཀྱང་འགྲན་མི་བཟོད་པ།འཆད་རྩོད་རྩོམ་གསུམ་གྱི་རྩིབས་སྟོང་གསེར་གྱི་འཁོར་ལོ་ཅི་དགར་སྐོར་བར་བྱེད་པའི་སྨྲ་བའི་དབང་ཕྱུག་ཆེན་པོ་ཕྱྭ་པ་ཆོས་ཀྱི་སེང་གེ་བྱོན་པའི་རྟེན་འབྲེལ་གྱིས་གསང་ཕུའི་གདན་སར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་སྤེལ་མཛད་པ་དང་ཡང་སྒོས་ཚད་མ་རིགས་པའི་བྱ་གཞག་ལ་སུས་ཀྱང་འགྲན་དཀའ་བའི་བླ་མེད་ཀྱི་མཛད་རྗེས་བཞག་གནང་བས་བོད་འདིར་ངོ་མཚར་རིག་གནས་འདི་ཉིད་བྱུང་བ་ཡིན། དེ་བཞིན་དུ་ལོ་ཆེན་གྱི་བུ་སློབ་དེ་དག་གི་གསང་ཕུའི་གདན་ས་རབ་ཏུ་བེསྐྱངས་པས་མི་ཚད་པར་གནས་གཞན་དག་དུའང་དབུ་ཕར་་གྱི་བཤད་གྲྭ་ལ་སོགས་བཙུགས་ཡོད་དེ་བཟང་རིང་དར་མ་ཚུལ་ཁྲིམས་ཀྱི་ཁྲོ་ཕུར་ཕར་ཚད་ཀྱི་བཤད་གྲྭ་བཙུགས་པ་དང་ཚད་མའི་སྐྱེས་བུ་བུ་སྟོན་ཐམས་ཅད་མཁྱེན་པ་སོགས་བྱུང་བ་དང་། ཇོ་བོ་ནམ་མཁའ་དཔལ་གྱི་བུ་སློབ་འཇམ་དབྱངས་ཤཱཀྱ་གཞོན་ནུས་འཚལ་ཆོས་འཁོར་གླིང་བཤད་གྲྭ་བཙུགས་ནས་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་སོགས་བྱོན་པས་མཚོན་ནུས་ལ་དེས་མི་ཆོག་པར་ས་སྐྱ་པཎཊི་ཏ་ཇོ་སྲས་ཀྱང་གསང་ཕུར་བྱོན་ནས་རྣམ་ངེས་གསུངས་ཤིང་བཤད་ཚད་མཛད་མྱོང་བ་དང་། ཕྱྭ་པའི་སློབ་མ་བྲུ་ཤ་བསོད་ནམས་སེང་གེས་སྣར་ཐང་དུ་རྣམ་པར་ངེས་པའི་བཤད་སྲོལ་བཙུགས་པ། ད་དུང་ལོ་ཆེན་འདི་ཉིད་ཀྱི་ཟུར་ཆོས་པ་མཛད་པའི་སློབ་མའི་གཙོ་བོ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་དུས་ཕྱིས་གནས་རྙིང་བཤད་གྲྭ་ཆེན་མོ་བཙུགས་པ། ལོ་ཆེན་གྱི་སློབ་མའི་གྲས་ནས་ཁྱུང་རིནཆེན་གྲགས་ནི་ཚད་མ་ལ་མཁས་པ་ཤིག་ཡིན་ཏེ། ས་ཆེན་ཀུན་དགའ་སྙིང་པོས་ཀྱང་ཁྱུང་ལས་ཕར་དང་དབུ་ཚད་གསན་ཞེས་གྲགས་པ་བདེན། འདི་དག་ལ་སློབ་དཔོན་ཁང་དཀར་ཉིད་ཀྱིས་ཀྱང་སྡོམ་ཚིག་འདི་ལྟར་གནང་ཡོད་དེ་“ལོ་ཆེན་གྱི་བཤད་སྲོལ་ལས་འདས་པའི་བྱམས་ཆོས་ལྔ་དང་རང་རྒྱུད་ཤར་པའི་བསྟན་བཅོས་གསུམ། ཚད་མ་རྣམ་པར་ངེས་པ་རྣམས་ཀྱི་བཤད་སྲོལ་གཞན་ནས་བརྒྱུད་པ་མེད་ཅེས”⑧དང“ལོ་ཆེན་མ་བྱོན་གོང་གི་འདུལ་བ་དང་ཆོས་མངོན་པའི་འཆད་ཉན་དར་པོ་ཡོད་ཀྱང་རིགས་པའི་ལམ་ནས་དྲངས་པའི་དགག་སྒྲུབ་ཀྱི་རྣམ་པར་བཞག་པ་སློབ་དཔོན་ཆོས་ཀྱི་གྲགས་པའི་གཞུང་དང་མཐུན་པར་འཆད་ཤེས་པ་མ་བྱུང་ངོ”⑨ཞེས་པ་ལས་ཀྱང་རྔོག་ལོ་ཙ་བ་འདིའི་བཀའ་དྲིན་གྱིས་བསྐྱངས་པ་ཡིན་པས་ན་ཚད་མའི་གཞུང་ལུགས་ཀྱི་འཆད་ཉན་འཛམ་གླིང་གི་་བརྒྱན་དུ་འགྱུར་བ་འདི་ཡུལ་དང་གླིང་གཞན་ན་མེད་པའི་རང་རེའི་ཐུན་མོང་མ་ཡིན་པའི་རིགས་པའོ་གཅེས་ནོར་ཅིག་ཏུ་ལགས་ན་་མ་ཉམས་གོང་འཕེལ་གནང་རྒྱུ་ནི་ང་ཚོ་བོད་ཀྱི་སེར་སྐྱ་ཚང་མས་ངེས་པ་དོན་གྱི་སྒྲུབ་དགོས་པ་ནི་གལ་ཆེའོ།།
      དེ་བཞིན་དུ་གསང་ཕུ་དགོན་འདི་གའི་གདན་རབས་ལོ་ངོ་བཞི་བརྒྱ་དང་བཅོ་བརྒྱད་བར་དུ་སོང་བ་སློབ་དཔོན་ཁབ་དཀར་གྱི་ལྗག་་་རྩོམ་དུ་གསལ་བར་མཚོན་ཡོད་པ་དང་གདན་ས་འདིར་ལོ་ཆེན་གྱི་ཐུགས་སྲས་བཞི་དང་བུ་སློབ་སྐབས་སུ་ཡང་བཀའ་གདམས་པའི་མདོ་དང་བསྟན་བཅོས་ལ་སྦྱངས་པ་གནང་རྒྱུ་གཙོར་བཟུང་ཞིང་ཡོད་པ་ནི་“བཀའ་གདམས་པའི་མདོ་དྲུག་དང་ཇོ་བོ་རྗེའི《བྱང་ཆུབ་ལམ་གྱི་སྒྲོན་མེ》གཞི་བྱས་བཀའ་གདམས་པའོ་ཆོས་བརྒྱུད་འཛིན་པའོ།”⑩ཞེས་པ་ལྟར་ན་གསང་ཕུར་དུས་ཡུན་རིང་པོ་ཞིག་ལ་བཀའ་གདམས་པའོ་ཆོས་བརྒྱུད་གཙོ་བོར་བཟུང་གིན་ཡོད་རུང་ཚད་མ་རིགས་པའི་འཆད་ཉན་ཐད་ལ་སྐབས་དེར་བོད་ཁམས་ཀུན་ཏུ་གྲགས་པ་ཤིན་ཏུ་ཆེ་བས་བར་སྐབས་ཤིག་ནས་བཀའ་གདམས་པའོ་མདོ་དང་བསྟན་བཅོས་དག་གི་འཆད་ཉན་ཉམས་རྒུད་དུ་གྱུར་ནའང་ཚད་མའི་འཆད་ཉན་ནི་དེ་བས་གྲགས་ཆེར་སོང་བ་ཡིན།
༣ ཕྱྭ་པ་ཆོས་ཀྱི་སེང་གེ་དང་བོད་དར་ཚད་མའི་འཕེལ་རིམ་སྐོར།
      མཁས་དབང་དུང་དཀར་རིན་པོ་ཆེས།“གསང་ཕུའི་མཁན་ཐོག་དྲུག་པ་ཕྱྭ་པ་ཆོས་ཀྱི་སེང་གེ་ནི་གསང་ཕུའི་མཁན་པོ་མཛད་མཁན་གྱི་ ནང་ནས་དབུ་མ་དང་ཚད་མ་ལ་ཤིན་དུ་མཁས་ཤིང་གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་མཛད་མཁན་གྱི་སློབ་གསོའི་གྲགས་ཅན་མི་སྣ་རྒྱལ་ཁབ་ཕྱི་ནང་ཀུན་དུ་མཁས་པའི་སྙན་གྲགས་ཡོད་པ་ཞིག་ཡིན།”⑾ཞེས་གདེང་འཇོག་ཚད་ཆེན་གནང་བ་ལས་ཁོང་ནི་རང་རེའི་ཡུལ་དུ་ཚད་མའི་ཤིང་རྟའི་སྲོལ་འབྱེད་དུ་བསྔགས་འོས་པ་འདི་ཉིད་ནི1109-1169ལོ་བར་སྐུ་འཚོ་བཞུགས་ཤིང་། སྐུ་ན་ཆུང་དུས་ནས་ཐུགས་རིག་གསལ་ཞིང་མགུར་མ་སྣ་ཚོགས་ལེན་ཐུབ་མཁན་ཞིག་ཡིན་པས་དགེ་བཤེས་རྒྱ་དམར་བའི་ཞབས་ཕྱིར་ཁྲིད་ནས་འདིལས་ཚད་མ་དང་དབུ་མ་གསན་སྦྱོང་གནང་བའི་རྟེན་འབྲེལ་བྱུང་། དེ་བཞིན་རྔོག་ལོ་ཆེན་པོའི་དངོས་སློབ་ཞང་ཚེ་སྤོང་ཆོས་ཀྱི་བླ་མའི་དྲུང་དུ་རབ་ཏུ་བྱུང་ནས་ལ་ཆོས་ཀྱི་སེང་གེ་ཞེས་གསོལ། ཞང་ཚེ་སྤོང་་དང་ཉང་བྲན་ཆོས་ཀྱི་ཡེ་ཤེས་ལས་ཕར་ཕྱིན་དང་སྤྱོད་ཕྱོགས་གསན། གསང་ཕུའི་མཁན་པོ་ལོ་བཅོ་བརྒྱད་བར་དུ་མཛད་ལ་ཁྱད་པར་དུ་ཚད་མ་རིགས་པའི་གཞུང་ལུགས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་དེ་ཚད་མའི་གཞུང་ལུགས་ལ་གཞན་དང་མི་མཉམ་པའི་ངེས་པ་ཟབ་མོ་བརྙེས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།