སྤྱིར་བཏང་གི་ཀུན་སྤྱོད་ནས་ནང་བའི་ཀུན་སྤྱོད།

རྩོམ་པ་པོ།:ཚེ་དཔལ་སྟོབས་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-11 15:48:00 ཀློག་གྲངས།:

སྤྱིར་བཏང་གི་ཀུན་སྤྱོད་ནས་ནང་བའི་ཀུན་སྤྱོད།
སློབ་དཔོན་ཧྥ་ཡིན་གྱིས་བརྩམས།
ཚེ་དཔལ་སྟོབས་རྒྱལ་གྱིས་བསྒྱུར།

        ཀུན་སྤྱོད་ནི་ནང་བ་ཁོ་ནར་མཆིས་པ་ཞིག་མ་ཡིན་པར་འཛམ་གླིང་སྟེང་གི་ཆོས་ལུགས་དང་མི་རིགས། དུས་སྐབས་མི་འདྲ་བ་གང་ཞིག་ཡིན་རུང་ཀུན་སྤྱོད་ནི་མེད་དུ་མི་རུང་བ་ཞིག་ཡིན། ཡིན་ནའང་ནང་བའི་ཀུན་སྤྱོད་ཀྱི་ལྟ་བ་ནི་ཐུན་མོང་གི་རྨང་གཞི་སྟེང་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཆགས་ཡོད་པས། ངས་འདི་ནས་སྤྱིར་བཏང་གི་ཀུན་སྤྱོད་ནས་ནང་བའི་ཀུན་སྤྱོད་བར་བརྗོད་པར་བྱ།
        མིའི་རིགས་ཀྱི་ཞི་བདེ་དང་མཉམ་གནས། ཕན་ཚུན་རོགས་རམ་གྱི་བླ་ན་མེད་པའི་ཕུགས་བསམ་འདི་མངོན་འགྱུར་བྱ་བར་ཀུན་སྤྱོད་ཀྱིས་ནུས་པ་ཆེན་པོ་ཞིག་ཐོན་ཡོད། གལ་ཏེ་ཀུན་སྤྱོད་དང་རྒྱབ་ཀྱིས་ཕྱོགས་ཚེ་ཁྱིམ་ཚང་དང་རྒྱལ་ཁབ། རྒྱལ་སྤྱི་སོགས་ཟིང་ཟིང་དུ་འགྱུར་ངེས་པ་ཡིན། སྔར་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་དུས། རྒྱ་གར་དུ་བྲམ་ཟེ་ཆོས་ལུགས་ཉམས་རྒུད་གྱུར་པས་བསམ་བློ་གསར་བས་བྲམ་ཟེ་ཆོས་ལུགས་ཀྱི་ཀུན་སྤྱོད་ལ་ཐེ་ཚོམ་དང་དགག་བཞག་བྱས། ཁོ་ཚོའི་ཁྲོད་དུ་མི་ཕལ་མོ་ཆེ་ཞིག་གིས་རྟག་པ་དང་དངོས་གཙོའི་ལྟ་བར་གཞི་བྱས་ནས་འཇིག་རྟེན་ན་ཀུན་སྤྱོད་དང་ཀུན་སྤྱོད་མ་ཡིན་པ། དགེ་སྡིག་ལས་རྒྱུ་འབྲས་ཟེར་བ་གཏན་ནས་མེད་པའི་ལྟ་བ་བཏོན་ཏེ། ཀུན་སྤྱོད་དང་གནའ་བོའི་ཀུན་སྤྱོད་ཀྱི་ཆོས་ཉིད་དང་རྒྱབ་འགལ་བྱས་ནའང་ཀུན་སྤྱོད་གསར་བ་དང་ཆོས་ལུགས་གསར་བའི་གོང་བུ་གཏན་ནས་མ་གྲུབ། ཡིན་ན་ཡང་འཇིག་རྟེན་འདིར་ཡིན་མིན་དང་དགེ་སྡིག་གི་རྣམ་གཞག་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་བདག་ཅག་གིས་སྟོན་པས་ཀུན་སྤྱོད་ལ་དགག་བཞག་འཕེན་པའི་མི་དེ་དག་ལ་ལོག་ལྟ་ཅན་ཞེས་བརྗོད་དེ་མ་དག་པའི་སེམས་ཅན་རྣམས་ཀྱི་སྐྱབས་མགོན་མཛད། བླ་མེད་ཀྱི་སྟོན་པ་ཁོ་རང་གིས་སངས་རྒྱས་ཆོས་ལུགས་གསར་གཏོད་བྱས་པ་ནི་ཀུན་སྤྱོད་ཀྱི་རིན་ཐང་ལྡན་པའི་ཆོས་ལུགས་ཤིག་ཡང་བསྐྱར་གཏན་ཁེལ་བྱས་པ་རེད། དེ་བས་ནང་ཆོས་ལ་སློབ་སྦྱོང་བྱེད་པའི་ལས་དང་བོ་པ་བ་རྣམས་ཀྱིས་སྤྱིར་བཏང་གི་ཀུན་སྤྱོད་ཀྱི་ཉམས་ལེན་ནས་མགོ་བརྩམས་ཏེ་ཀུན་སྤྱོད་ཀྱི་ཡང་རྩེར་བསྙེག་དགོས་པ་ཡིན།
དང་བོ། ཀུན་སྤྱོད་དང་ཀུན་སྤྱོད་མ་ཡིན་པ། 
        ཀུན་སྤྱོད་ཟེར་བ་ཞིག་ཡོད་ན་ཀུན་སྤྱོད་མ་ཡིན་པའང་ཡོད་སྲིད་པས་དེ་ལ་ནང་བས་དགེ་སྡིག་ཅེས་བརྗོད་ལ་འདི་ནི་ཆོས་ཀྱི་ངོ་བོ་ལ་གྲུབ་པ་ཞིག་གཏན་ནས་མིན། ཀུན་སྤྱོད་དང་ཀུན་སྤྱོད་མ་ཡིན་པ་ནི་མིའི་རིགས་ཀྱི་དཔལ་ཡོན་མ་དར་བའི་ཡར་སྔོན་དུ་ཡོད་ལ་འདི་ནི་བསམ་པའི་ཀུན་སློང་ལ་བརྟེན་ནས་ཕྱིར་མངོན་པ་ཞིག་ཡིན། དགེ་སྡིག་གི་དབྱེ་མཚམས་དང་དགེ་སྡིག་ནི་ག་འདྲ་ཞིག་ཡིན་པའི་ཆ་ལ་བྱ་བའི་ངོ་བོ་སྟེང་ནས་དབྱེ་ན་གཉིས་ཡོད་དེ། གཅིག་ནི་བྱ་བའི་འབྲས་བུ་ལ་བལྟས་ནས་བཤད་དེ། མི་རྣམས་ཀྱིས་ཀུན་སློང་ཡག་པོ་ཞིག་ལ་བརྟེན་ནས་ལས་གང་ཞིག་བསྒྲུབས་ཀྱང་ཐ་མར་འབྲས་བུ་བདེ་བ་འབྱིན་པ་ལ་དགེ་བ་དང༌། ལས་གང་ཞིག་བསྒྲུབས་ཀྱང་ཐ་མར་འབྲས་བུ་སྡུག་བསྔལ་བ་འབྱིན་པ་ལ་མི་དགེ་བ་ཟེར། གཉིས་པ་མིག་སྔར་གྱི་བྱ་བར་བལྟས་ནས་བརྗོད་ན། ལས་གང་ཞིག་གཞན་ལ་ཕན་ན་དགེ་བ་དང་དེ་ལས་ལྡོག་ན་མི་དགེ་བ་ཡིན། འདི་ལ་དབྱེ་ན་བཞི་ཡོད་དེ། གཅིག ལས་གང་ཞིག་རང་གཞན་གཉིས་ཀར་ཕན་པ་ལ་དགེ་བ་དང༌། གཉིས། ལས་གང་ཞིག་རང་ལ་སྡུག་བསྔལ་དང་གཞན་ལ་བདེ་བ་འབྱིན་པས་དགེ་བ་དང༌། གསུམ། ལས་གང་ཞིག་རང་གཞན་གཉིས་ཀར་བདེ་བ་ལས་སྡུག་བསྔལ་འབྱིན་པ་དེར་མི་དགེ་བ་དང༌། བཞི། རང་ལ་བདེ་བ་དང་གཞན་ལ་སྡུག་བསྔལ་བསྐྱེད་པའི་ལས་ལ་མི་དགེ་བ་ཟེར། གནས་སྐབས་གཞན་ལ་ཕན་ཞིང་རང་ལ་གནོད་ཀྱང་མཐར་འབྲས་བུ་བདེ་བ་འབྱིན་པས་དགེ་བ་དང༌། དེ་ལས་ལྡོག་སྟེ་གནས་སྐབས་རང་ལ་ཕན་ཡང་མཐར་འབྲས་བུ་མི་བདེ་འབྱིན་པ་ལ་མི་དགེ་བ་ཟེར། ནང་བས་མི་དགེ་བ་དང་སྡིག་པ་ལ་ཆོས་དང་ཆོས་མ་ཡིན་པ་ཟེར། འདི་ལ་རྒྱ་ནག་གིས་ལུགས་མཐུན་དང་ལུགས་ལྡོག་ཅེས་བརྗོད་དེ། བདེན་ལུགས་དང་མཐུན་པར་ཆོས་སམ་དགེ་བ་དང༌། བདེན་ལུགས་དང་མི་མཐུན་པ་ལ་ཆོས་མ་ཡིན་པ་སྟེ་མི་དགེ་བ་ཟེར། གཞན་ཁྲིམས་མཐུན་གྱི་བྱ་བས་མི་ལ་ཕན་བདེ་བསྐྲུན་པས་དགེ་བ་ཡིན་ནོ། །
གཉིས་པ། ཆེས་སྤྱིར་བཏང་གི་ཀུན་སྤྱོད་དང་ཀུན་སྤྱོད་ཀྱི་བསྲུང་བྱ།
        སྤྱིར་བཏང་གི་ཀུན་སྤྱོད་ནི་ནང་ཆོས་ཁོ་ནར་ཡོད་པ་ཞིག་མ་ཡིན་པར་འཛམ་གླིང་སྟེང་གི་ཆོས་ལུགས་དང་མི་རིགས། དུས་སྐབས་མི་འདྲ་བ་གང་ཡིན་རུང་ཐམས་ཅད་ལ་ཐུན་མོང་དུ་མངའ་བ་ཞིག་ཡིན། འདི་ནི་ཀུན་སྤྱོད་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན་པས་ཀུན་སྤྱོད་ཀྱི་སྤྱོད་པ་ཐམས་ཅད་དང་འབྲལ་ཐབས་མེད་པ་ཞིག་ཡིན་ལ། གལ་ཏེ་ཀུན་སྤྱོད་ཀྱི་རྩ་བ་འདི་དང་རྒྱབ་ཀྱིས་ཕྱོགས་ན་དགེ་མཚན་ཆེ་ཆུང་ཅི་རིགས་ཤིག་ལྡན་སྲིད་པས་དེ་ལ་ཆེས་སྤྱིར་བཏང་གི་ཀུན་སྤྱོད་ཟེར། བདག་ཅག་གི་སྟོན་པ་སྐུ་འཁྲུངས་པའི་སྔ་གཞུག་ཏུ་རྒྱ་གར་གྱི་ཆོས་ལུགས་ཁྲོད་ཕྱོགས་བསྒྲིགས་བྱས་ཡོད་པའི་ཧྥ་ལོང་དང་ཧྥ་ཅིན①ཞེས་པ་དེ་ཀྲུང་གོའི་སྲི་ཞུ་དང་ཧ་ཅང་ཉེ་བར་འདུག ཀུན་སྤྱོད་འདི་དག་གི་བསྲུང་བྱའི་ཁྲོད་དུ་སྲོག་མི་གཅོད་པ་ནི་ཆེས་སྤྱིར་བཏང་གི་ཀུན་སྤྱོད་ཡིན། འདི་ནི་རྒྱ་གར་བ་ཁོ་ནའམ་གྲལ་རིམ་ག་གེ་མོ་ཞིག་མ་ཡིན་པར་མིའི་རིགས་སྤྱི་ལ་ལྡན་དགོས་པའི་ཀུན་སྤྱོད་ཅིག་རེད། རྒྱ་གར་གྱི་ནང་བས་བྱམས་སྙིང་རྗེ་ནི་རྩ་བ་ཡིན་ཞེས་གལ་བོ་ཆོས་ལ་ནན་ཏན་གྱི་ཚུལ་གྱིས་གསུངས་ཡོད་པ་རེད། ནང་བའི་གསུང་རབ་ཏུ་བྱམས་པ་དང་སྙིང་རྗེ་ལ་ཁྱད་པར་ཡོད་དེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སྙམ་པ་བྱམས་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་པ་ སྙིང་རྗེ་ཡི་དོན་ཡིན་ལ། སོ་སྐྱེས་རྒྱུད་ཀྱི་བྱམས་སྙིང་རྗེ་དང་ནང་བས་བཤད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོ་གཉིས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆ་ནས་ཁྱད་པར་ཙམ་མཆིས་པ་ལས་ངོ་བོ་ལ་ཁྱད་པར་མེད་དེ། ཐམས་ཅད་སེམས་པའི་ཀུན་སློང་ལ་རག་ལས་པ་ཡིན།
        ང་ཚོ་ནང་བའི་བསྟན་པ་ལ་འཇུག་པར་ཐོག་མར་སྐྱབས་འགྲོ་དགོས་ཏེ། སྐྱབས་འགྲོའི་སྨོན་ལམ་ལས་དེང་ནས་ཚེ་ཡི་འདུ་བྱེད་རྫོགས་པའི་བར་དུ་སེམས་ཅན་སྲུང་བའོ། །ཞེས་སྡོམ་པའི་ཐོག་མ་སྲོག་མི་གཅོད་པ་ཡིན་ལ། སེམས་ཅན་སྲུང་བ་དང་སྲོག་མི་གཅོད་པ་ནི་བྱམས་པ་དང་སྙིང་རྗེའི་ཉམས་ལེན་ཡིན་ཏེ་གཞན་ལ་འཚེ་བ་སྤངས་པ་ནི་ནང་བའི་སྤྱོད་པའི་ཁྱད་ཆོས་ཡིན། ནང་བ་ལྟར་ན་ཚེ་སྲོག་གི་རྒྱུན་ནི་སྡུག་བསྔལ་གྱི་འབྱུང་ཁུངས་ཡིན་པར་བརྗོད་ན་ཡང་ཚེ་ལ་ཆགས་ཞེན་བྲལ་བ་ཞིག་གཏན་ནས་མེད་དེ། ཚེ་ནི་ཟག་བཅས་བདེ་བ་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལྟ་བུ་ཡིན་པས། མར་གྱུར་སེམས་ཅན་ཐམས་ཅད་ལ་འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་ཁྱབ་ན་ཡང་ཟག་བཅས་ཀྱི་བདེ་བ་ཙམ་ལ་ཆགས་ནས་རང་རང་གི་ཚེ་ཡི་འདུ་བྱེད་རྫོགས་པར་དངངས་སྐྲག་སྐྱེ་བཞིན་འདུག སེམས་ཅན་ཐམས་ཅད་གསོན་ན་དགའ་ལ་འཆི་བར་འཇིགས་པ་དང༌། སྡུག་བསྔལ་ལ་སྐྱོ་བ་དང་བདེ་བར་ཞེན་པས། ནང་བས་སེམས་ཅན་སྲུང་བ་དང་སྲོག་མི་གཅོད་པ། གཞན་ཐེག་པ་ཆེན་པོའི་ཤ་མི་ཟ་བ་སོགས་འགྲོ་བ་སྤྱིའི་མོས་པ་དང་མཐུན་པར་སྤྱོད་པ་ཡིན། ཆེས་སྤྱིར་བཏང་གི་ཀུན་སྤྱོད་འདི་ནི་ཀྲུང་གོའི་རིག་གཞུང་གི་སྲོག་ཤིང་སྟེ་བྱམས་པ་ཞེས་པ་ཡིན་ལ། འདིར་སྤྱོད་པ་ནི་ཧ་ཅང་མང་སྟེ་སྲི་ཞུ་དང་དམན་ཆ་འཛིན་པ། གྲོན་ཆུང་བྱེད་པ། ཁྲེལ་ཡོད་པ་སོགས་ལས་བྱམས་པ་ནི་ཀུན་སྤྱོད་ཀྱི་སྲོག་ལྟ་བུ་ཡིན། གཞན་ལོ་ཙིས་བཤད་པའི་རིན་ཆེན་གསུམ་གྱི་ཡ་གྱལ་བྱམས་པ་དང་མའོ་ཙིས་བཤད་པའི་བརྩེ་ལྡན། ཡེ་ཤུའི་ཆོས་ལུགས་ཀྱི་བརྩེ་བ་སྟེ་ཐམས་ཅད་བྱམས་སྙིང་རྗེ་ཡི་མིང་གི་རྣམ་གྲངས་ཙམ་ལས་མ་འདས། མི་རྣམས་ཀྱི་ལེགས་པའི་སྤྱོད་པ་ཐམས་ཅད་གཅིག་ཏུ་དྲིལ་ན་བྱམས་པ་དང་སྙིང་རྗེ། བརྩེ་བ་ཡིན་ལ། རྒྱ་གར་གྱི་རིག་གཞུང་ཁྲོད་ཀྱི་ཆེས་སྤྱིར་བཏང་གི་ཀུན་སྤྱོད་བྱམས་སྙིང་རྗེ་ཞེས་བརྗོད་ན་ཧ་ཅང་ལེགས། དེར་བརྟེན་བྱམས་སྙིང་རྗེ་ནི་ཀུན་སྤྱོད་ཀྱི་རྨང་རྡོ་སྟེ་བདེ་བ་བསྐྲུན་པ་དང་སྡུག་བསྔལ་ལས་སྒྲོལ་བ་ཡིན། གལ་ཏེ་ཀུན་སློང་ངན་པའི་གཞི་བྱས་ནས་ལས་གང་བསྒྲུབས་ཀྱང་རང་གཞན་གཉིས་ཀར་འབྲས་བུ་སྡུག་བསྔལ་འབྱིན་པ་ལས་བདེ་བའི་གནས་མེད་དོ། །
        བྱམས་པ་དང་སྙིང་རྗེ། བརྩེ་བ་གསུམ་ནི་ཀུན་སྤྱོད་ཀྱི་རྩ་བ་དང་སྡོམ་ལྟ་བུ་ཡིན་པའི་རྒྱུ་མཚན་ཅི། ཀུན་སྤྱོད་ནི་རང་གཞན་གྱི་འབྲེལ་བའི་སྟེང་དུ་མངོན་པ་ཡིན་ལ། བརྩེ་བ་ནི་མི་དང་མི་བར་གྱི་ཆོས་མཐུན་འབྲེལ་བ་ཞིག་ལ་བྱ། ནང་བས་བདག་གཞན་མཉམ་བརྗེ②ནི་རང་གིས་ཅི་འདོད་པ་བཞིན་གཞན་ཡང་ཚུལ་དེ་ལས་མ་འདས་པ་དང༌། འདི་ནི་རའོ་ལུགས་པའི་རང་སེམས་ལས་གཞན་སེམས་རྟོགས་པའི③ལུགས་དང་འདྲ་བ་རེད། རང་ཉིད་སྡུག་བསྔལ་ལས་གྲོལ་བར་འདོད་པ་བཞིན་གཞན་ཡང་ཚུལ་དེ་ལས་མ་འདས་པས། ཕ་རོལ་ལ་འཚེ་བ་མི་བྱ་བར་སྡུག་བསྔལ་ལས་སྒྲོལ་བར་གྲོགས་བྱེད་པ་དང༌། རང་ཉིད་ཀྱིས་བདེ་བ་འདོད་པ་བཞིན་གཞན་ཡང་ཚུལ་དེ་ལས་མ་འདས་པས་གཞན་གྱི་བདེ་བ་དགྲ་ལྟར་མི་འཇོམས་པར་དེ་སྒྲུབ་པའི་ཐབས་ལ་འབད་དགོས་པ་ཡིན། རང་ཉིད་མ་རིག་པ་ལས་གྲོལ་འདོད་དང་ཤེས་རབ་ལྡན་འདོད། ལུས་ཁམས་བདེ་འདོད། མི་གཤིས་ཡག་པོ་ཞིག་འདོད་པ་བཞིན་གཞན་ཡང་ཚུལ་དེ་ལས་མ་འདས་པས། རང་སེམས་ལས་གཞན་སེམས་རྟོགས་པ་ནི་བྱམས་སྙིང་རྗེ་དང་ལེགས་སྤྱོད་ཐམས་ཅད་ཀྱི་རྩ་བ་ཡིན། ཡེ་ཤུས་ཁྱེད་ཀྱིས་ཇི་ལྟར་འདོད་པ་བཞིན་གཞན་ལ་དེ་བཞིན་བསྒྲུབ་དགོས་ཞེས་རང་གིས་གཞན་ལ་ཕན་པ་བསྒྲུབས་ན་གཞན་གྱིས་ཀྱང་རང་ལ་ཕན་པར་འདོད་པའི་བསམ་བློ་འདི་བདག་གཞན་མཉམ་བརྗེ་དང་ཅུང་ཉེ་ན་ཡང་བདག་འཛིན་གྱི་ཀུན་སློང་ཤུགས་དྲག་པོ་འདུག་པ་དང༌། ནང་བའི་རང་གིས་ཇི་ལྟར་འདོད་པ་བཞིན་གཞན་ཡང་དེ་ལྟ་བུ་ཡིན་ཞེས་གཞན་ལ་ཕན་པ་སྒྲུབ་པ་ནི་ཆོས་བརྒྱད་ཀྱི་དྲི་མ་དང་བྲལ་བའི་ཀུན་སློང་ཞིག་ཡིན། རའོ་ལུགས་པས“རང་གི་མི་འདོད་པའི་ལས་ལ་ཕ་རོལ་བོ་བཙན་གྱིས་མ་འཇུག་ཅིག”ཅེས་པ་ནི་ནང་བའི་བསམ་བློ་དང་ཧ་ཅང་མཐུན།
        སེམས་ཅན་གྱི་སྲོག་ནི་སེམས་གཟུགས་ཀྱི་འདུས་པ་ཞིག་ལ་བྱ། དེ་གཉིས་ཕན་ཚུན་རྟེན་དང་བརྟེན་པའམ་བདེ་སྡུག་མཉམ་མྱོང་གི་རྣམ་པ་ཅན་ཞིག་ཡིན། མི་དང་མིའམ་སེམས་ཅན་ཐམས་ཅད་ཀྱི་བར་དུ་འདི་ལྟ་བུའི་འབྲེལ་བ་དམ་པོ་ཡོད་པས་གཞན་ལ་གནོད་པ་བྱ་མི་རུང་སྟེ། གཞན་ལ་གནོད་པ་སྒྲུབ་པ་ནི་རང་ཉིད་རྨེག་མེད་དུ་གཏོང་བ་དང་ཕན་པ་བསྒྲུབས་ན་རང་ཉིད་ལ་བདེ་བ་བསྐྲུན་པ་ཡིན་པས་དགེ་བ་ཡིན། ཐོག་མར་མི་མང་བོ་ཞིག་གིས་གཞན་ལ་ཕན་པ་བསྒྲུབས་ན་འབྲས་བུ་བདེ་བ་འབྱིན་པ་དང་གནོད་པ་བསྒྲུབས་ན་འབྲས་བུ་སྡུག་བསྔལ་འབྱིན་པའི་གནས་ལུགས་མ་རྟོགས་པར་ཀུན་སྤྱོད་ཀྱི་ཆོས་ཉིད་དང་རྒྱབ་ཀྱིས་ཕྱོགས་པ་རེད། ཡིན་ན་ཡང་ང་ཚོ་ཐོག་མ་མེད་པ་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་བདེ་སྡུག་འབྲེལ་བའི་ཆོས་ཉིད་ཀྱིས་ཤུགས་རྐྱེན་ཐེབས་བཞིན་ཡོད་པའི་རྐྱེན་གྱིས་རང་གཞན་གཉིས་ཀ་གཅིག་འདྲ་ཡིན་པས་བསམ་བློ་ཞིག་ངང་གིས་སྐྱེས་སྲིད་པ་དང༌། སེམས་ཅན་ཐམས་ཅད་ཀྱིས་སྡུག་བསྔལ་མྱོང་བར་སྙིང་རྗེ་དང་བདེ་བར་མཐོང་ནས་དགའ་བ་ངང་གིས་འབྱུང་བ་ནི་ཀུན་སྤྱོད་ཀྱི་འདུ་ཤེས་ཤིག་ཡིན། འདི་ལྟ་བུའི་ཀུན་སྤྱོད་ཀྱི་འདུ་ཤེས་ལ་དགེ་སེམས་ཟེར་ཞིང༌། ཤུགས་ཆེ་ཆུང་མི་འདྲ་བ་ལས་མི་ཕལ་མོ་ཞིག་གི་རྒྱུད་ན་རང་མཆིས་སུ་ཡོད་པ་ཞིག་ཡིན། ཡིན་ན་ཡང་མི་ལ་ལ་དེ་ལས་ལྡོག་སྟེ་འདོད་ལོག་དང་གྲགས་པ། རྙེད་པ་དང༌། རིམ་གྲོ་དང༌། ཐོབ་གོ་ས་སོགས་ཀྱིས་བསླུས་ནས་ཀུན་སྤྱོད་ཀྱི་འདུ་ཤེས་མེད་པར་རང་ཉིད་ཀྱི་བདེ་བ་ཁོ་ནར་བསམ་ནས་གཞན་ལ་འཚེ་བ་བྱེད་པ་དང༌། ཐ་ན་ཕ་རོལ་བོར་མི་བདེ་བ་བྱུང་ན་དགའ་བ་དང་བདེ་བ་བྱུང་ན་སྡུག་བསྔལ་འབྱུང་མོད། ནམ་ཞིག་གི་ཚེ་རང་ཉིད་ཀྱིས་སྒྲུབ་བཞིན་པ་ཐམས་ཅད་མི་དགེ་བ་ཡིན་པར་རྟོགས་ཚེ་འགྱོད་པས་མིག་ཆུ་འབྱིན་ངེས།
        ཐོག་མ་མེད་པ་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་བསམ་བློ་ཡག་པོ་འདི་བྱམས་སྙིང་རྗེ་ལས་བྱུང་ཞིང༌། འདི་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་མཆིས་པ་མ་ཟད་ཀུན་སྤྱོད་དང་འབྲལ་ཐབས་མེད་པ་ཞིག་ཡིན། དཔེར་ན་ཕ་མར་སྲི་ཞུ་སྒྲུབ་པ་ནི་དགེ་བ་ཡིན་ལ། ཕ་མར་སྲི་ཞུ་སྒྲུབ་པའི་ཆེད་དུ་འཕྲོག་བཅོམ་དང་ལྐོག་ལེན། གཡོ་ཐབས་ཀྱི་ལེན་པ་ནི་མི་དགེ་བ་སྟེ། རྒྱུ་ནོར་གྱི་ཆེད་དུ་ཀུན་སྤྱོད་དོར་བ་རེད། དེ་བས་ཀུན་སྤྱོད་ཀྱི་སྤྱོད་པའི་ཁྱད་ཆོས་ནི་སྤྱིར་བཏང་གི་ཀུན་སྤྱོད་ཀྱི་འདུ་ཤེས་ལ་མཐོང་ཆེན་བྱ་དགོས་པ་དེ་ཡིན།
        ཀུན་སྤྱོད་ཀྱི་འགྱུར་དང་མི་འགྱུར་བ། མི་ལ་ལ་ཞིག་གིས་ཀུན་སྤྱོད་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་ལ་བསྟུན་ནས་འགྱུར་བཞིན་ཡོད་པས་རྟག་བརྟན་ཞིག་གཏན་ནས་མིན་ཞེས་བརྗོད་པ་འདི་ལ་གནས་ལུགས་ཤིག་མཆིས་ན་ཡང༌། དོན་དངོས་སུ་བྱམས་སྙིང་རྗེ་ནི་ཀུན་སྤྱོད་ཀྱི་རྩ་བ་ཡིན་པའི་འགྱུར་པ་མེད་མོད། སྤྱོད་པའི་ཆ་ལ་འགྱུར་པ་མང་བོ་ཡོད་ན་ཡང་དོན་གྱི་སྙིང་བོ་བྱམས་སྙིང་རྗེ་ཡིན་པའི་འགྱུར་པ་ཅི་ཡང་མེད་པས་ཕྱོགས་གསུམ་དུ་དབྱེ་ནས་བརྗོད་པར་བྱའོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།