སྤྱིར་བཏང་གི་ཀུན་སྤྱོད་ནས་ནང་བའི་ཀུན་སྤྱོད།

རྩོམ་པ་པོ།:ཚེ་དཔལ་སྟོབས་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-11 15:48:00 ཀློག་གྲངས།:
        གཅིག རང་གཞན་གྱི་འབྲེལ་བའི་ཁྲོད་ཁྱིམ་ཚང་དང་ས་གནས། རྒྱལ་ཁབ། འཛམ་གླིང་སོགས་སྤྱི་ཚོགས་ཀྱི་རིམ་གྲས་མི་འདྲ་བའི་དབང་གིས་ཀུན་སྤྱོད་ཀྱི་མངོན་ཚུལ་ཡང་མི་གཅིག་སྟེ། དཔེར་ན་དགེ་འབྱུང④ལས་ཕ་བུ་དང་ཁྱོ་ཤུགདཔོན་སློབ་བར་ཡང་སྲུང་དགོས་པའི་བསྲུང་བྱ་ཡོད། སྲི་ལུགས་ནི་སྤྱིར་བཏང་གི་ཁྱིམ་ཚང་དག་ལ་མེད་དུ་མི་རུང་བའི་ཀུན་སྤྱོད་ཅིག་ཡིན་མོད། འོན་ཀྱང་སྤྱི་ཚོགས་སམ་རྒྱལ་ཁབ་ཀྱི་ཆ་ནས་བལྟས་ན་སྲི་ལུགས་ལས་གཞུང་དྲང་གལ་ཆེ་བའམ་ལ་རྒྱའི་ཆེད་དུ་གཉེན་ཉེ་བསྣུབ་དགོས་པས་ཁྱིམ་ཚང་གི་སྲི་ལུགས་ལས་གྲོལ་དགོས་པ་ཡིན། ནང་བས་ཁྱིམ་ཚང་གི་ཆེད་དུ་རང་ཉིད་དང་སྡེ་བའི་ཆེད་དུ་ཁྱིམ་ཚང༌། རྒྱལ་ཁབ་ཀྱི་ཆེད་དུ་སྡེ་བ་དོར་དགོས། ཞེས་གསུངས་པ་ལས་ཆེན་པོའི་ཆེད་དུ་ཆུང་ངུ་དོར་བ་དགོས་པ་ཡིན། ཀུན་སྤྱོད་ནི་རྩ་ཁྲིམས་མིན་པར་མིའི་བསམ་བློ་ལ་ཁ་ལོ་སྒྱུར་བཞིན་ཡོད་པས་ཐབས་མཁས་ཀྱིས་འགུག་པ་ལས་དབང་ཤུགས་སྤྱད་མི་ཆོག་པ་ཡིན། མི་ལ་ལས་རང་དོར་གཞན་ཕན་གྱི་མིང་ཡག་པོ་གཡར་ནས་མིའི་རིགས་བཙན་གྱིས་མི་ཆོས་དང་རྒྱབ་འགབ་ཀྱི་ལས་ལ་བསྐུལ་ནས་སྡུག་བསྔལ་གྱི་རྒྱ་མཚོར་འཕེན་པ་ནི་བྱམས་སྙིང་རྗེ་དང་འགལ་བའི་ལས་ཡིན་པས་མི་དགེ་བའོ། །
        གཉིས། དུས་སྐབས་མི་འདྲ་བའི་མངོན་ཚུལ། སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ཏེ་ཀུན་སྤྱོད་ལ་ཡང་རྣམ་པ་སྣ་ཚོགས་ཤིག་མཆིས་ཏེ། དཔེར་ན། གནམ་འོག་གི་ཁྱིམ་གཅིག་གི་དུས་སྐབས་ནས་རྒྱལ་དམངས་ཀྱི་རྒྱལ་བོ་མི་འདྲ་བ་བཞིན་དང༌། ཡང་དཔེར་ན་ཕོ་མོའི་བར་སྲུང་དགོས་པའི་བསྲུང་བྱ་དེ་མ་རྒྱུད་ནས་ད་ལྟའི་ཁྱོ་གཅིག་ཤུག་གཅིག་གི་ལམ་ལུགས་པར་འགྱུར་པ་བྱུང་བ་འདི་ཡང་ཀུན་སྤྱོད་ལ་འགྱུར་པ་མེད་པ་མིན། དུས་སྐབས་མི་འདྲ་བར་མིའི་རིགས་ལ་དགོས་ངེས་ཀྱི་ཀུན་སྤྱོད་དེ་རྣམ་པ་མི་གཅིག་པའམ་མི་ལེགས་པ་ནས་ལེགས་པའི་ཕྱོགས་སུ་འགྲོ་བཞིན་ཡོད། 
        གསུམ། རྟོགས་པ་མི་འདྲ་བའི་དབང་གིས་མི་འདྲ་བ་ནི། སྤྱི་ཚོགས་སམ་དུས་སྐབས་གཅིག་གི་ནང་དུ་ཡང་མིའི་རྟོགས་པ་མི་འདྲ་བའི་དབང་གིས་ཀུན་སྤྱོད་ཀྱང་སྣ་ཚོགས་ཤིག་ཆགས་ཡོད། དཔེར་ན་ནང་བ་སངས་རྒྱས་ཀྱི་ལྷ་མིའི་ཐེག་པ་སྐབས་སུ་མི་ཚངས་སྤྱོད་བཀག་པ་དང༌། ཉན་ཐོས་ཀྱི་ཐེག་པར་ཚངས་སྤྱོད་ཀྱང་བཀག་པ་ནང་བཞིན། སྲོག་གཅོད་པ་དང་རྐུ་བྱེད་པ་སོགས་སྡོམ་པ་ཡིན་པ་འདྲ་ན་ཡང་ཐེག་པ་ཆེ་ཆུང་གི་དབང་གིས་གནང་བཀག་མི་འདྲ་སྟེ། ཐེག་དམན་གྱི་སྐབས་སུ་བཀག་པ་ཐེག་ཆེན་ལ་གནང་བ་དང་ཐེག་དམན་ལ་གནང་བ་ཐེག་ཆེན་ལ་བཀག་པ་སོགས་ཐེག་པ་ཆེ་ཆུང་གི་སྡོམ་པ་མི་འདྲ་བ་འདི་དག་ནི་སེམས་བསྐྱེད་སོགས་ཀྱི་དབང་གིས་ཁྱད་པར་བྱུང་བ་ལས་དོན་གྱི་འབབ་ས་གཅིག་ཡིན།
        མདོར་ན་བྱམས་སྙིང་རྗེ་ནི་ཀུན་སྤྱོད་ཀྱི་རྩ་བ་ཡིན་པའི་ཆོས་ཉིད་ལ་འགྱུར་པ་མེད་ཅིང༌། གལ་ཏེ་བྱམས་སྙིང་རྗེ་ལས་ལོག་ན་ཀུན་སྤྱོད་དུ་འགྱུར་མི་སྲིད། བདག་གཞན་བར་གྱི་འབྲེལ་བ་སྣ་ཚོགས་ཤིག་མཆིས་ཏེ། སྲི་ཞུ་དང་གཞུང་དྲང་སོགས་ཀུན་སྤྱོད་མི་འདྲ་བ་ཆགས་པ་རེད། འདི་དག་ཡུལ་དུས་དང་མོས་པ། བྱ་ཡུལ་གྱི་དབང་གིས་མི་འདྲ་བ་ནི་མིའི་རིགས་འཇིག་རྟེན་འདིར་ཕན་ཚུན་མཉམ་གནས་ཀྱི་འཚོ་བ་དང་འབྲལ་ཐབས་མེདཔའི་ཆོས་ཉིད་ཅིག་ཡིན། གནའ་བའི་བཤད་རྒྱུན་ལ་རྐུ་མར་རྐུ་ལུགས་ཡོད་ཟེར་པ་ཡང་འཕྲོག་བཅོམ་བྱས་ནས་གཞན་ལ་གནོད་པ་བཟོ་བ་ནི་ཀུན་སྤྱོད་མིན་ལ། འོན་ཀྱང་རྐུ་མ་རྐུ་མའི་རྒྱལ་བོར་འགྱུར་པ་ཡང་ཆོས་ཉིད་ཅིག་དང་ཁ་འབྲལ་ཐབས་མེད་པ་ཡིན། གལ་ཏེ་བདག་གཞན་བར་གྱི་ལུགས་མཐུན་གྱི་འབྲེལ་བར་རྒྱབ་འགལ་བྱས་ཚེ་རྐུ་མའི་རྒྱལ་བོར་ཡང་འགྱུར་མི་སྲིད་འདིས་མི་རིགས་དང་སྤྱི་ཚོགས། མི་དང་མིའི་བར་ལུགས་མཐུན་གྱི་འབྲེལ་བར་རྒྱབ་འགལ་བྱ་མི་རུང་བ་གསལ་བཤད་བྱས་ཡོད། དེར་བརྟེན། ང་ཚོས་མིའི་རིགས་ལ་སྐུལ་མ་བྱས་ནས་ཀུན་སྤྱོད་ལ་བརྩི་བཀུར་དང་ལག་ལེན་བྱེད་དུ་བཅུག་ན་འཕེལ་རྒྱས་སུ་འགྲོ་ལ་དེ་ལས་ལོག་ན་བཀག་རྡོ་རུ་འགྱུར་ངེས།
        ཀུན་སྤྱོད་ཀྱི་རྟེན་གསུམ། རྟེན་གསུམ་ལ་བརྟེན་ན་ང་ཚོའི་སྤྱོད་པ་བླ་མེད་ཅིག་ཏུ་འགྱུར་སྲིད་དེ། རྟེན་གསུམ་ག་སྟོབས་དང་ལྡན་པས་དེ་ལ་གཙོ་ཕལ་གྱི་དབྱེ་བ་མེད་པར་འབད་པ་བྱ་དགོས། རྟེན་གསུམ་ནི། གཅིག རང་གི་རྟེན། རང་ནི་རང་ཉིད་ལ་གོ་དགོས། གཉིས། ཆོས་ཀྱི་རྟེན། ཆོས་ནི་སྟོང་ཉིད་དང་ཆོས་ཉིད་ལ་ཟེར། གསུམ། སྲིད་ལ་རྟེན་པ། འཇིག་རྟེན་གྱི་འགྲོ་ལུགས་དང་ཐམས་ཅད་ཀྱིས་ཁས་ལེན་པའི་ལྟ་བ། བླ་མེད་ཀྱི་ཀུན་སྤྱོད་ལ་བརྩི་བསྲུང་བྱ་དགོས་ན་འདི་གསུམ་ལ་ངེས་པར་དུ་ཡིད་འཇོག་བྱ་དགོས། འདིར་རང་རྒྱལ་གྱིས་གནམ་གྱི་ལས་དང༌། མི་རྗེ། དམ་པའི་བཀའ་ནི་བསྲུང་བྱ་ཡིན་ཞེས་བྱ་བ་དང་ཁད་ཉེ་བར་འདུག
གཅིག རང་གི་རྟེན། རྒྱུན་ཏུ་རང་བཀུར་གྱི་བསམ་པ་སྐྱེད་པ་དང་རང་ལ་མཐོང་ཆེན་བྱས་ནས་ཐ་མལ་གྱི་ལས་ལ་མི་འཇུག་པ། རང་གི་བྱ་བ་ཐམས་ཅད་རང་གིས་ཁུར་དུ་འཁྱེར་ནས་འབད་པས་བསྒྲུབ་པ་ཞིག་ཡིན། ཉན་ཐོས་ཀྱི་ཐེག་པས་སེམས་ཅན་ཐམས་ཅད་ཐར་བའི་ཆ་ཞིག་ཡོད་པར་སྨྲ་བ་དང༌། ཐེག་ཆེན་གྱིས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་བདེ་གཤེགས་ས་བོན་ཡོད་ཅེས་བརྗོད་པས་རང་གིས་བརྩོན་འགྲུས་བརྩམས་ན་མི་འགྲུབ་པའི་ལས་གང་ཡང་མེད།
གཉིས། ཆོས་ལ་རྟེན་པ། ཀུན་སྤྱོད་ཀྱི་བསླབ་པ་ལ་སློབ་པའི་ཚེ་དེ་ཆོས་ཉིད་དང་མི་འགལ་བར་བྱ་བ་དང༌། དགེ་བའི་ལས་ནི་ཀུན་སྤྱོད་ཡིན་པས་ང་ཚོས་འདི་དང་བསྟུན་པ་ཤིན་ཏུ་གལ།
གསུམ། སྲིད་ལ་བརྟེན་པ། འདི་ལྟར་བསྒྲུབས་ན་མི་དང་སྐྱེས་བུ་དམ་པའི་བསྟོད་པར་འགྱུར་པས་འཇུག་པར་བྱ་བ་དང༌། སྤྱི་ཚོགས་ཀྱི་ཐུན་མོང་གི་མོས་པ་དང་ཡང་དག་པའི་བསླབ་བྱ་ལ་མཐོང་ཆེན་བྱས་ན་དོན་དང་མཐུན་པའི་མི་བཟང་བོ་ཞིག་ཏུ་འགྱུར་ངེས། དཔེར་ན། མི་རྣམས་ཀྱིས་ཆབ་སྲིད་ཀྱི་བྱ་བར་སྐྱོན་བརྗོད་བྱས་ཀྱང་མ་བརྟགས་མ་དཔྱད་པར་བག་མེད་དུ་བཏང་ན་ནམ་ཞིག་གི་ཚེ་རྒུད་པར་འགྱུར་པ་དང༌། དེ་ལས་ལྡོག་སྟེ་མི་དམངས་ཀྱི་བསམ་འཆར་བསྡུ་ལེན་དང་མཐོང་ཆེན་བྱས་ན་རང་ཉིད་ཀྱི་སྐྱོན་ཆ་ཡོ་སྲང་བྱས་ནས་ལེགས་ལམ་དུ་འགྲོ་བ་ཡིན།
        རྟེན་གསུམ་ནི་མི་རྣམས་ཀྱི་ཀུན་སྤྱོད་འཕེལ་རྒྱས་སུ་འགྲོ་བའི་རྨང་རྡོ་ལྟ་བུ་ཡིན། འདི་གསུམ་གར་དཀྱུས་གཅིག་ཏུ་འབད་དགོས་པ་ལས་གཙོ་ཕལ་གྱི་དབྱེ་བ་ཕྱེ་ཚེ་ནོར་འཁྲུལ་འབྱུང་ངེས་ལ། གལ་སྲིད་རང་ཉིད་ཀྱིས་རང་ཉིད་ཆེ་དྲག་དང་བཟང་བོར་རློམ་ན་བདེན་ལུགས་དང་མི་ཆོས་ལ་འགལ་སླ་བ་དང༌། འདིའི་རྩ་བ་དགེ་སེམས་ཡིན་ནའང་རིམ་གྱིས་རང་ཉིད་མི་དགེ་བའི་ལམ་དུ་སོང་ནས་མཐར་བདག་གཞན་ཐམས་ཅད་ཕུང་ལ་སྦྱོར་ངེས་པ་ཡིན། གནས་ལུགས་ལ་ཡིད་ཆེས་དྲག་ན་འཇིག་རྟེན་མི་ཆོས་དང་འགལ་སླ་བ་དང༌། འཇིག་རྟེན་དང་བསྟུན་ན་གནས་ལུགས་དང་འགལ་སླ་སྟེ། རྒྱུ་མཚན་ནི་འཇིག་རྟེན་པའི་ལྟ་བ་ཡིན་ན་ཡང་དག་ཡིན་པའི་ངེས་པ་མེད་ལ་གནས་ལུགས་ཡང་དག་ཅིག་ཡིན་མིན་གྲངས་ཀྱི་སྒོ་ནས་དབྱེ་བ་ཞིག་གཏན་ནས་མིན། དེར་བརྟེན། ང་ཚོ་ཡང་དག་པའི་ཀུན་སྤྱོད་ནས་བླ་མེད་ཀྱི་ཀུན་སྤྱོད་མངོན་འགྱུར་བྱེད་པར་རྟེན་གསུམ་དང་འབྲལ་ཐབས་མེད་ལ། ཐེག་པ་རིམ་གཉིས་ཀྱིས་ཤེས་རབ་གཙོ་ཆེར་བཟུང་ནས་འཇིག་རྟེན་གྱི་བྱ་བ་སྣང་ཆུང་བྱེད་པ་དེ་ཀུན་སྤྱོད་ཅིག་ལས་ཡང་དག་པའི་ཀུན་སྤྱོད་མིན། ཐེག་པ་ཆེན་པོའི་ལམ་དུ་རྟེན་གསུམ་ལ་གཙོ་ཕལ་གྱི་དབྱེ་བ་མེད་པར་འབད་པས་བསྒྲུབས་ན་ཡང་དག་བའི་སངས་རྒྱས་ཀྱི་ས་ལ་བགྲོད་ངེས།
ནང་བའི་ཀུན་སྤྱོད་ནི་ཤེས་རབ་ཡིན། 
        གོང་དུ་བརྗོད་པ་ཐམས་ཅད་ཕལ་ཆེར་འཇིག་རྟེན་མི་ཆོས་དང་འབྲེལ་བས་ནང་བ་སངས་རྒྱས་ཀྱི་ཁྱད་ཆོས་མངོན་ཐུབ་མེད། ནང་ཆོས་ཀྱིས་ཀུན་སྤྱོད་ལེགས་པོ་ཞིག་སྐྱེད་ཐུབ་བམ། དེ་ཁྱད་ཆོས་ག་འདྲ་ཡིན།
ནང་བའི་ཀུན་སྤྱོད་ཀྱི་ཁྱད་ཆོས་ནི་ཤེས་རབ་ཡིན། ཤེས་རབ་ཐད་ཀར་སྟོང་ཉིད་དང་འབྲེལ་བས་ཤེས་པ་ཙམ་མ་ཡིན་པར། ཤེར་ཕྱིན་ལས་ཤེས་རབ་ཟབ་ཀྱང་རྒྱ་ཆེ་བས། །ཤེས་པར་ཤེས་རབ་གདགས་མི་བྱ་ཞེས་གསུངས་ཡོད། ཀུན་སྤྱོད་མ་ཡིན་པའི་ལས་ཐམས་ཅད་ཉོན་མོངས་ཀྱིས་བསྐྱེད་པ་ཡིན་ལ། དེ་ཡང་བདག་འཛིན་ལས་བྱུང་ཞིང་སྡུག་བསྔལ་མཐའ་དག་བདག་འཛིན་ལས་བྱུང་བ་ཡིན། འཇིག་རྟེན་གྱི་ལས་ཕལ་ཆེ་བ་ཞིག་བདག་འཛིན་གྱིས་བསླངས་པ་ཡིན་ཏེ། ལས་དགེ་མི་དགེ་ཐམས་ཅད་བདག་འཛིན་དང་འབྲེལ་བས། མི་མང་བོས་རང་ཉིད་ཀྱི་དོན་དུ་རྒྱལ་ཁབ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་བདག་འཛིན་དང་འབྲལ་ཐབས་མེད་པ་ཞིག་ཡིན།
        རང་གི་འདོད་པའི་ཆེད་དུ་གཞན་ལ་གནོད་པ་ནི་ཀུན་སྤྱོད་མིན་པས་བྱ་མི་རུང་ལ། སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་ལྟ་བུ་མཚོན་ན་ཡང་རང་ཉིད་གཞན་ལས་མཆོག་སྙམ་པར་འདོད་ནས་སྒྲུབ་པ་ནི་ངར་འཛིན་གྱིས་འཆིང་བ་ཡིན་ཏེ། རང་གི་དོན་དུ་མིའི་རིགས་དང་སྤྱི་ཚོགས་ཀྱི་རྒྱལ་མཚན་མཐོན་པོར་བསྒྲེངས་ན་ཡང་ཉོན་མོངས་ཀྱི་དབང་དུ་སོང་བའི་རྐྱེན་གྱིས་མི་དགེ་བ་ཡིན། ངར་འཛིན་མ་སྤངས་པར་གཞན་གྱི་དོན་དུ་འབད་ན་དགེ་བ་ཧ་ཅང་ཆུང་སྟེ། བཟང་བའི་ལས་མཐའ་དག་རང་ཁོ་ནའི་སྤྱོད་ཡུལ་དུ་བསམས་ནས་སྒྲུབ་པ་ནི་ཡང་དག་པའི་དགེ་བ་ ཞིག་མིན་ཏེ། དགེ་མི་དགེ་གཉིས་ལས་དགེ་བ་འདོད་ཀྱང་ཉོན་མོངས་ཀྱི་དབང་གིས་མི་དགེ་བ་བསྐྱེད་པ་ཡིན། གལ་ཏེ་དགེ་བ་ཡིན་ན་ནམ་ཡང་དགེ་བ་ཡིན་པས་རང་གཞན་སུས་བསྒྲུབས་ཀྱང་དགེ་བ་ཡིན་ལ། དགེ་བའི་དོན་དུ་གཞན་ལ་བརྙས་ན་རང་གཞན་གཉི་གར་ཕན་པ་དང་བྱང་ཆུབ་ཐོབ་པ་སོགས་ནི་རི་བོང་གི་རྭའི་རྗེས་སུ་སོང་བ་ཡིན། དེ་བས་སྡིག་པ་ཆུང་ངུས་སྡུག་བསྔལ་ཉི་འཚེ་བ་དང་དགེ་བ་ཆུང་ངུས་འཁོར་བའི་སྡུག་བསྔལ་ལས་སྒྲོལ་མི་ནུས་པས་ལོག་ལྟ་ཅན་རྣམས་ཀྱིས་གཞན་དོན་ཁོ་ན་འབད་པའི་ཀུན་སྤྱོད་ཅིག་ཡོད་མེད་ལ་ཐེ་ཚོམ་སྐྱེ་བཞིན་ཡོད། དོན་དངོས་སུ་འདི་ནི་སོ་སོ་སྐྱེ་བོ་རྣམས་བདག་འཛིན་གྱིས་འཆིང་བའི་དབང་གིས་དགེ་བ་གང་བྱས་ཐམས་ཅད་སྟོབས་ཆུང་བས་རེད། ཡིན་ན་ཡང་ང་ཚོས་ཁོ་ཚོ་ལ་མཐོང་ཆུང་མི་བྱ་མར་དེ་ལས་ལྡོག་སྟེ་གདེང་དྲོད་བསྐྱེད་དགོས་ཏེ། མི་དགེ་བ་ལས་དགེ་བ་ཙམ་སྒྲུབ་ན་ཡང་དགེ་མཚན་ཆེན་པོ་མཆིས་པ་ཡིན། འདི་དང་འཕགས་པའི་དགེ་བའི་ལས་ལ་ཁྱད་པར་ཆེན་པོ་མཆིས།
        ནང་བའི་ཀུན་སྤྱོད་ནི་བདག་མེད་རྟོགས་པའི་ཤེས་རབ་ལ་བརྟེན་པ་ཡིན་པས་སོ་སོ་སྐྱེ་བོའི་ཀུན་སྤྱོད་དང་བསྡུར་ན་ཁྱད་པར་ཧ་ཅང་ཆེ། ནང་བའི་ཀུན་སྤྱོད་ནི་རང་ཉིད་དང་ཁྱིམ་ཚང༌། ཕ་ཡུལ་ལ་དམིགས་པ་ཙམ་མ་ཡིན་པར་མ་དག་པའི་འགྲོ་བ་ཀུན་ལ་དམིགས་པས་རིན་ཆེན་གྱི་སེམས་ཞེས་བརྗོད། ཡང་དག་པའི་ཀུན་སྤྱོད་ལ་ཐེ་ཚོམ་ཟ་མཁན་རྣམས་ཀྱིས་ནང་བའི་བདག་གཞན་མཉམ་བརྗེ་ལ་ཞིབ་འཇུག་བྱས་ན་ཐེ་ཚོམ་གྱི་རྒྱ་ལས་གྲོལ་ངེས། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་པར་བདག་མེད་རྟོགས་པའི་ཤེས་རབ་གྱི་གྲོགས་བྱ་དགོས་ལ། གལ་ཏེ་བདག་མེད་རྟོགས་ཚེ་འདོད་ཆགས་དང་ཞེ་སྡང་གི་རྒྱུན་ཆད་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྐྱབ་འདོད་དང་བདེ་བར་འགོད་འདོད་ཀྱི་སེམས་རིན་པོ་ཆེ་མི་ཉམས་པར་འགྱུར་རོ། ། འདི་རའོ་ལུགས་པའི་བྱམས་པ་དང་ཡེ་ཤུའི་ཆོས་ལུགས་ཀྱི་བརྩེ་བ་དང་ཕྱོགས་ཙམ་མཐུན་ན་ཡང་སྙིང་རྗེ་ཆེན་པོ་ཡིན་མིན་གྱི་ཆ་ནས་ཁྱད་པར་ཡོད་དེ། བདག་མེད་དང་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་པར་ཐབས་ཤེས་ཟུང་འབྲེལ་བྱེད་དགོས། 
        ཐབས་ཤེས་ཡ་བྲལ་དུ་གནས་པས་བདག་མེད་རྟོགས་པར་མི་འགྱུར་ཏེ། དཔེར་ན་ཞིང་ནང་གི་རྩ་ལྡུམ་མ་སེལ་བར་ལོ་ལེགས་མི་འབྱུང་བ་བཞིན་དུ་ཐབས་ལ་མ་བརྟེན་པར་བདག་མེད་རྟོགས་མི་ནུས་པས་ཐབས་ཤེས་ཟུང་འབྲེལ་བྱ་དགོས། མི་ལ་ལས་ནང་བའི་ཉམས་ལེན་མིའི་རིགས་ཀྱི་འཚོ་བ་དང་འབྲེལ་མེད་དུ་སྨྲ་བ་ནི་ལོང་གཏམ་ཡིན་ཏེ། བདག་འཛིན་སྤང་བར་བསླབ་པ་གསུམ་ཚང་དགོས་པ་ཡིན། རའོ་ལུགས་པའི་བློ་སྦྱོང་ལ་དགེ་མཚན་ཞིག་མཆིས་པ་ནི་བག་ཡོད་བརྟེན་ནས་གཞན་ལ་བསྙེན་བཀུར་དང༌། ནང་བའི་ཉམས་ལེན་ནི་སེམས་པ་རྩེ་གཅིག་ཏུ་གཏད་ནས་བདག་འཛིན་སྤང་དགོས་པ་ཡིན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་མ་རིག་པ་ཟད་པར་སྤངས་ན་འཁོར་བ་ལས་ཐར་ནས་དོན་གཉིས་མཐར་ཕྱིན་པར་འགྱུར་པས་སྤྱིར་བཏང་གི་ཀུན་སྤྱོད་དང་བསྡུར་ན་ཁྱད་པར་ཤིན་ཏུ་ཆེ།
ནང་ཆོས་ནི་ཀུན་སྤྱོད་ཀྱི་ལག་ལེན་ཡིན།
        ནང་ཆོས་སློབ་པ་ནི་ཀུན་སྤྱོད་ཀྱི་ལག་ལེན་ཡིན་པས་མཆོག་དམན་དང་རྒན་གཞོན་གྱི་དབྱེ་བ་མེད་པར་ཐམས་ཅད་ཀྱི་བསླབ་ཆོག་པ་ཞིག་ཡིན། དད་ལྡན་རྣམས་ཀྱིས་ཕྱག་དང་སྐོར་བ། མཚན་གཟུངས་བཟློ་བ་ནི་དེ་བཞིན་གཤེགས་པར་དད་པ་དང་རང་ཉིད་ལ་བྱིན་རླབས་འཇུག་པའི་ཆེད་དུ་ཡིན། ནང་བ་བ་ཞིག་ཡིན་ན་དད་གུས་དང་སྤྱོད་ལམ་དཀྱུས་གཅིག་ཏུ་བསྲུང་དགོས་པས་དད་ཤེས་གཉིས་ཧ་ཅང་གལ་ཆེ། ནང་ཆོས་སློབ་པ་ནི་སྡོམ་པ་སྲུང་པ་དང་མོ་རྩིས་ལ་ཞིབ་འཇུག་བྱེད་པ་ཙམ་མ་ཡིན་པར་བསམ་པ་དང་སྒོམ་པ་གཉིས་ཤིན་ཏུ་གལ་ཆེ།
        ནང་བའི་བརྗོད་བྱ་བསླབ་པ་གསུམ་མམ་ཕྱིན་དྲུག་ཐམས་ཅད་ཀུན་སྤྱོད་ཀྱི་ལག་ལེན་ཡིན་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སྤྱིར་བཏང་གི་སྤྱོད་ལམ་སྟེ་མི་དགེ་བའི་སྤྱོད་པ་ལས་བསྲུངས་ནས་ཚུལ་མཐུན་དུ་གནས་པ་ཞིག་ཡིན། འདིས་ལུས་ངག་གི་སྤྱོད་པ་ཙམ་ལས་ནང་སེམས་ཀྱི་ཀུན་རྟོག་ཞི་ཐབས་བྲལ་བས་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ལ་བརྟེན་དགོས། ཏིང་འཛིན་གྱིས་སེམས་པ་རྩེ་གཅིག་ཏུ་གཏད་ནས་ཉོན་མོངས་ཕྱོགས་རེ་བ་ཙམ་སྤངས་པ་ལས་ཡོངས་སུ་སྤོང་མི་ནུས་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྟེན་དགོས་པ་ཡིན། ཤེས་རབ་ཀྱིས་ངར་འཛིན་ས་བོན་དང་བཅས་པ་སྤོང་བ་ནི་རབ་ཏུ་ཚ་བའི་མེས་ཉོན་མོངས་ལྷག་མ་མེད་པར་བསྲེགས་པས་སྤྱོད་ལམ་ཐམས་ཅད་དགེ་བའི་ཕྱོགས་སུ་འགྲོ་བ་ཡིན། ནང་ཆོས་ལ་སློབ་སྦྱོང་བྱེད་པ་ནི་སྒོ་གསུམ་དགེ་ལ་སྦྱོར་བའི་གོ་རིམ་ཞིག་ཡིན། འདི་ནི་ལེགས་ཚོགས་ཐམས་ཅད་ཀྱི་འཇུག་ངོགས་སུ་ཟད་པས་སོ་སོ་སྐྱེ་བོ་ཐམས་ཅད་འཇུག་དཀའ་མོད། འོན་ཀྱང་འཇིག་རྟེན་གྱི་མི་ཡ་རབས་ཤིག་བྱེད་པར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་འབྲལ་མི་རུང་ངོ༌། །
མཆན།
①ཧྥ་ལོང་ཧྥ་ཅིན། 〈〈法经〉〉〈〈法论〉〉②བདག་གཞན་མཉམ་བརྗེ། 自通之法③རང་སེམས་ལས་གཞན་སེམས་རྟོགས་པ། 以己(心)度他心
④དགེ་འབྱུང༌། 〈〈善生经〉〉
ཚེ་དཔལ་སྟོབས་རྒྱལ་ནི་ཨ་མདོ་མང་རའི་མི་ཡིན་ཞིང་ད་ལྟ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ནང་བསྟན་ཞིབ་འཇུག་སློབ་མ་ཡིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།