དམངས་ཁྲོད་རྩོམ་རིག་གི“བཏགས་པའི”རིག་གནས་སྐོར་ལ་དཔྱད་པ།

རྩོམ་པ་པོ།:འབའ་སྨད་རྒྱལ་ལོ་ཚེ་རིང༌། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-09 09:05:00 ཀློག་གྲངས།:

 


དམངས་ཁྲོད་རྩོམ་རིག་གི“བཏགས་པའི”རིག་གནས་སྐོར་ལ་དཔྱད་པ།
            འབའ་སྨད་རྒྱལ་ལོ་ཚེ་རིང༌།  (ལྷ་ས)

        བོད་ཀྱི་རྩོམ་རིག་གི་ས་བོན་དག་ནི་མི་དམངས་མང་ཚོགས་ཀྱི་ལག་ལེན་དང་ཉམས་མྱོང༌། ངལ་རྩོལ་དང་ཟབ་ཞུགས། མདོར་ན།རང་བྱུང་ཁམས་ལ་འཐབ་རྩོད་བརྒྱུད་དེ་རིག་གནས་ཀྱི་ས་བོན་དེ་ཡང་དང་པོ་དམངས་ཁྲོད་ནས་དར་མགོ་ཚུགས་ཤིང༌། རིམ་གྱིས་རིག་གནས་ལ་དོན་གཉེར་བྱེད་མཁན་རྣམས་ཀྱིས་ཆ་ཇེ་ཚང་གི་འབད་འབུངས་བརྒྱུད་དེ་ཇེ་རྒྱས་ཇེ་ལེགས་བཅས་ཀྱི་གོ་རིམ་མང་པོ་བརྒྱུད་ཡོད་པ་སོམ་ཉི་ཅི། དེ་ལྟར་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གྲུབ་ཆ་ཡིན་པའི་བཏགས་པ་ཡང་དེ་ལས་མ་འདས་པར་གདོད་མའི་དུས་ནས་དར་ཁྱབ་ཡོད་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ཁས་འཆེ་མི་དགོས། ཡིན་ཙང༌། ད་བར་ཏུ། བོད་དམངས་ཁྲོད་དུ་གླུ་དང་ལ་གཞས། སྟོན་བཤད། གཉེན་བཤད། ཁེད། ཇ་བཤད་སོགས་དར་ཁྱབ་ཆེ་ཞིང་དེའི་སྐོར་གྱི་རྒྱུ་ཆ་འཚོལ་བསྡུ་དང་དཔེ་ཆ་ཕྱོགས་བསྒྲིགས་བྱེད་པ། དེའི་རིགས་ལ་ཆེ་དམིགས་ཀྱི་བྲིས་པའི་དཔྱད་རྩོམ་སོགས་མང་པོ་མཐོང་རྒྱུ་འདུག  དེས་ན་སྐད་ཆའི་སྒྱུ་རྩལ་ཁྱད་ཆོས་འབུར་དུ་ཐོན་ཞིང་རྩེད་མཚར་གྱི་རང་བཞིན་དང༌། སློབ་གསོའི་རང་བཞིན་ལྡན་པའི་བཏགས་པ་སྐོར་ལ་ཐུགས་ཉན་འཇོག་མཁན་དམངས་ཁྲོད་ཀྱི་རྒད་པོ་ཁ་ཤས་མ་གཏོགས་ཞིབ་འཇུག་པ་དང་ཤེས་ཡོན་པ། དགེ་རྒན་དང་སློབ་མ་རྣམས་ཀྱིས་ཐུག་འཁུར་མཛད་ཡོད་པ་ཤིན་ཏུ་ནས་ཉུང༌། ཐ་ན་འདིའི་སྐོར་གྱི་དཔྱད་རྩོམ་བྲིས་ཡོད་པ་གཅིག་དང་གཉིས་མ་གཏོགས་བོད་ཀྱི་རིག་གཞུང་ཆེད་གཉེར་ཀྱི་དུས་དེབ་དང་རྩོམ་རིག་ཆེད་གཉེར་ཀྱི་དུས་དེབ། དམངས་ཁྲོད་ཆེད་གཉེར་གྱི་དུས་དེབ་སོགས་ཀྱི་སྟེང་བཏགས་པའི་སྐོར་ལ་དཔྱད་རྩོམ་བྲིས་ཡོད་པ་ཁོ་བོས་གཅིག་མ་གཏོགས་མཐོང་བའི་སྐལ་བར་སྨིན་མྱོང་མེད། དེ་ལྟར། བཏགས་པའི་རིག་གནས་འདི་བོད་ཀྱི་རིག་གནས་གར་སྟེགས་སྟོང་བར་གྱུར་ཡོད་ཅིང༌། ཐ་ན་དེང་གི་སློབ་གཉེར་བ་དག་ལ་མཚོན་ན་གོ་ཐོས་མེད་མཁན་ཤིན་ཏུ་མང་ཞིང༌། མ་ཟད། བཏགས་པ་ཞེས་པ་འདི་རིག་གནས་ཤིག་ཡིན་མིན་མི་ཤེས་མཁན་ཡང་མང་པོ་ཡོད་པ་རིག་པས་དཔག་ན་ཤེས་ཐུབ་འོང༌། རྐྱེན་དེ་དག་ལ་གཞི་བཅོས་ཏེ། གཅིག་བྱས་ན་བོད་ཀྱི་རིག་གནས་གར་སྟེགས་སྟེང་སྟོང་བར་ལུས་པའི་བཏགས་པའི་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་འདོད་ཀྱི་བློ་ཐག་དང༌། གཉིས་ན་བཏགས་པའི་རིག་གནས་འདི་ཤེས་བྱའི་ཀུན་གྱི་མཐའ་གཡས་སུ་དེད་ཡོད་པའི་སྣང་ཚུལ་སྤྱི་ལ་དམིགས་ཏེ་ཞིབ་འཇུག་བྱེད་འདོད་ཀྱི་བློ་ཐག་གཉིས་དང༌། གསུམ་ནས་བཏགས་པའི་རིག་གནས་འདི་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་མཐོང་ནས་འདིའི་རིགས་དར་སྤེལ་དང་ཞིབ་འཇུག་བྱེད་རྒྱུ་ནི་རིག་གནས་ལ་དོན་གཉེར་བྱེད་པའི་མི་ཀུན་གྱི་ལས་འགན་ཞིག་ཏུ་བསམ་ནས་ཁོ་བོས་དཔྱད་པར་མོས་སོ།།

བཏགས་པའི་ལོ་རྒྱུས་རྒྱབ་ལྗོངས།

        བཏགས་པ་ཞེས་པའི་རིག་གནས་འདི་བོད་དུ་གདོད་མ་ནས་དར་ཡོད་པར་འདོད་ཅིང༌། འོན་ཀྱང༌། དེའི་སྐོར་གྱི་གཞུང་ལུགས་དང་དཔྱད་གཞིའི་ཡིག་ཆ་ཡི་གེར་ཕབ་མེད་སྟངས་དུས་ཚོད་ཀྱི་ཆ་ནས་ངོས་འཛིན་གསལ་བོར་འཛིན་མི་ཐུབ། བརྗོད་བྱའི་ནང་དོན་གྱི་ཆ་ནས་ཀྱང་རྡོག་རྡོག་ཅིག་འཆད་པར་ཁག  དེ་བཞིན་རིགས་དགར་ཚུལ་གྱི་ཐད་དུ་རྨོངས་པའི་ངང་ཚུལ་མི་འཛིན་ཅི། རྒྱན་ཕྲན་བསིལ་མ་བཅུ་གཉིས་ཀྱི་རིང་དང༌། མ་སངས་སྤུན་དགུ། རྒྱལ་ཕྲན་ཉི་ཤུ་རྩ་ལྔ། མདོར་ན་བོད་བཙན་པོ་དུས་ནས་བསིལ་བུར་ཐོར་བའི་བར་ཏུ་བཏགས་པའི་རིག་གནས་འདི་དར་ཡོད་མེད་དང་ཚད་གཞི་ག་འདྲ་ཞིག་ཡིན་པ་གཞི་ནས་བརྗོད་པར་ཁག  བཏགས་པའི་རིག་གནས་ཀྱི་བྱུང་འཕེལ་སྐོར་ལོ་རྒྱུས་ཡིག་ཚང་དང་ཆོས་འབྱུང་དེབ་ཐེར་སོགས་སུ་ཅི་ཡང་འཁོད་མེད་པས་དུས་ཀྱི་ཆ་ནས་ངོས་འཛིན་གསལ་བོར་མེད། བོད་ཀྱི་རིག་གནས་སྤྱིའི་འཕེལ་རིམ་དང་རྩོམ་བྱུང་ལོ་རྒྱུས་ཀྱི་གནས་བབ་ལ་བལྟས་ཙམ་གྱིས་བོད་ཀྱི་དམངས་ཁྲོད་རྩོམ་རིག་འདི་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་རབས་དང་རིམ་པ་བརྒྱུད་དེ་ད་གཟོད་ལག་ལེན་དངོས་དང་ཉམས་མྱོང་དངོས་དང་བསྟུན་སྐད་ཆ་དང་གླུ་བྲོ་གར་གསུམ་རིམ་གྱིས་བྱུང༌། སྐད་ཆ་དང་གླུ་བྲོ་ག་གསུམ་གྱི་རྨང་གཞིའི་སྟེང་དུ་ད་གཟོད་ངལ་རྩོལ་གྱི་གོ་རིམ་ཁྲོད་དུ་ཕན་ཚུན་གྱི་མིའི་བྱ་བྱེད་དང་ཚུགས་ཀ  ཕོ་མོའི་དབྱེ་བ། སྐད་ཆ་བཤད་སྟངས། རྣམ་པ་སོགས་ལ་བལྟས་ཏེ་ཕན་ཚུན་ལ་མིང་གདགས་ཏེ་རྩེད་མཚར་གྱི་རྣམ་པའི་ཁྲོད་དུ་བཏགས་པ་ཞེས་པའི་ངག་གི་སྒྱུ་རྩལ་གྱི་རིག་གནས་འདི་དར་བར་འདོད། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གླུ་དང་ཁེད། གཏམ་དཔེ། ཇ་བཤད། སྟོན་བཤད་སོགས་གང་ལ་བལྟས་ཀྱང་གཅིག་མཐུན་དུ་སྣང་བ་ནི་ལུས་ནི་ཚིགས་བཅད་ཡིན་ལ་ཚེག་བར་མང་ཉུང་དང་བརྗོད་བྱའི་ནང་དོན་མི་གཅིག་པ་མ་གཏོགས་ལུས་ཀྱི་ཆ་ནས་ཀུན་པོར་གཅིག་མཐུན་དུ་སྣང༌། དེ་བཞིན་བཏགས་པའི་རིག་གནས་འདིའི་ལུས་ནི་དམངས་ཁྲོད་རྩོམ་རིག་གཞན་དང་འདྲ་བར་ཚིགས་བཅད་ལྟར་གྲུབ་ཡོད། དཔེར་ན།⑴“རི་རབ་ལྷུན་པོ་ཡང་དགུ་དུད་དུད། ། ཤིང་སྡོང་བོ་ཡང་བར་ཐང་ཐང༌། ། ཆབ་ལི་མ་ཡང་དངོ་སིལ་སིལ། ། གོར་ཕ་བོང་ལ་ས་སྩོགས་པ་ཡང་མཉེད་ཁྲུང་ཁྲུང་གིས་ཕྱག་འཚལ་ལོ། ། ”ཞེས་འདིའི་ཚིག་གི་ཉམས་དང་བསྟན་དོན་ལ་དཔག་ན་བཏགས་པའི་ཆ་ཞིག་ཐོན་ཡོད། འདི་དང་རིགས་བསྒྲེས་ཏེ་ཕར་དཔག་ན་བཏགས་པའི་རིག་གནས་འདི་རྗེ་ལ་སྔ་བ་གཉའ་ཁྲིའི་སྔོན་ནས་བཏགས་པ་དང་ཆ་འདྲ་བ་ཞིག་བྱུང་ཡོད་པའང་འགལ་བ་ཆེར་མེད།“ཕྱ་འདའི་ནི་ཁང་སྐྱ་དང༌།། ཕྱིང་བ་ནི་སྟག་རྩེ་གཉིས།། གང་མཐོ་ནི་གབ་དམའ་བ།། ཡར་ལྟ་ནི་ཤམ་པོ་མཁྱེན།།”ཞེས་པའི་ཚིགས་བཅད་འདིའི་རྒྱབ་ལྗོངས་ལ་གཞིགས་ན་བཏགས་པའི་ཁྱད་ཆོས་དང་ལྡན་པ་གསལ་བཤད་བྱས་ཡོད་ཅིང༌། བོད་བཙན་པོའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལ་གཞིགས་ན་བོད་ནི། གཏམ་ཀུ་རེ་མེད་ན་རྩེད་སྲོལ་མེད།། ཟ་ས་མཆོད་ཁ་མེད་ན་ཟ་སྲོལ་མེད།།ཅེས་པའི་གཏམ་དཔེ་འདིས་གསལ་དཀྲོལ་བྱས་པ་མངོན་སུམ་དུ་མཐོང༌། ཡང་དཔེར་ན། ⑵  “ང་གུང་ཐང་གི་མི་ལ་རས་པ་དང༌།། ཁྱོད་མང་སྨད་ཀྱི་འཆོར་བོ་འཆོར་མོ་རྣམས།། མིང་ཡང་ཕར་བརྗེ་ཚུར་བརྗེ་ཡིན།། ཞེ་ཡང་ཕར་ཁྲེལ་ཚུལ་ཁྲེལ་ཡིན།། ” ⑶“སྐྱོན་ཡོད་རྣམས་ཀྱི་སྐྱེ་བོ་ཕོ་མོ་ལ།། སྐྱོན་གཏམ་གང་བྱས་ཕན་པར་བྱིན་གྱིས་རློབས།། བླ་མས་དགོན་པར་དོམ་ཞིག་སྟེར་དགོས་སམ།། ཅི་རེད་ཟེར་ན་ལོ་རེ་ཟླ་རེ་བཞིན།། འགྱེད་ཕོག་བརྒྱབ་རུང་ད་དུང་ངན་བཤད་ཀ། ཁྲི་བ་དགོན་པའི་གཡོག་པོ་མ་ཡིན་ནམ།། ཅི་རེད་ཟེར་ན་དཀའ་ཚེགས་དཀའ་ལས་མྱང༌།། བྱ་བ་ལས་དོན་བསྒྲུབས་ཀྱང་ངོ་མེད་ཀ ། སེར་མོ་འགའ་རེ་སྒོ་དང་སྒོར་རྒྱུག་ཀ། གཡང་གཞི་མེད་ན་སྐུ་རིམ་མི་རུང་ངམ།། ཅི་རེད་ཟེར་ན་གཅོད་སྔགས་འགའ་རེ་ལ།། གཡང་གཞི་མ་ལེན་བཤད་ན་སྤྲོ་ལངས་ཀ། སྨན་ཐུན་ཆེ་ན་ནད་པར་མི་ཕན་ནམ།། ཅི་རེད་ཟེར་ན་སྨན་པ་ཁ་ཅིག་གིས།། སྨན་ཐུན་ཨ་དར་ཆུང་ཆུང་རྐྱང་སྟེར་ཀ། ཨ་མཆོད་ཟེར་ནོ་གཡོག་པོ་མ་ཡིན་ནམ།། ཅི་རེད་ཟེར་ན་ཞྭ་རྙིང་ལྷམ་ཆད་གྱོན།། མི་ཕྱུགས་གཉིས་ཀའི་སྔ་ཕྱིར་རྒྱུག་དགོས་ཀ། སྡོམ་པ་བསྲུངས་ན་དོན་གོ་ཅང་མེད་དམ།། ཅི་རེད་ཟེར་ན་སེར་མོ་འགའ་ཞིག་དེ།། ལོ་འགའི་འཕྲོ་ནས་སྐྱ་སར་བབས་འཇོག་ཀ།” ལྟ་བུ་ནི་བཏགས་པའི་རིག་གནས་ཀྱི་ཁོངས་སུ་གཏོགས་ཤིང་ཆ་ཚང་བ་ཞིག་ཡིན་པ་ཐེ་ཚོམ་ཅི།
        དེ་ལྟར། བཏགས་པ་ནི་མི་རྣམས་ཀྱིས་ཕན་ཚུན་ལ་འདོགས་རེས་བྱེད་པའི་རིག་པའི་རྩེད་མོ་ཞིག་ཡིན་ལ། སྐད་གཅིག་གི་ཚོར་བ་ལ་བརྒྱུས་ཏེ་མི་ཕན་ཚུན་ལ་འདོགས་རེས་བྱེད་པའི་སྐད་ཆའི་སྒྱུ་རྩལ་ཞིག་གོ། རིག་པའི་རྩེད་སྲོལ་བྱེད་པའི་སྐད་ཆའི་སྒྱུ་རྩལ་འདི་གདོད་མ་ནས་དར་ཡོད་ལ། ད་ལྟའི་རྣམ་པ་ལ་བལྟས་ན་བཏགས་པ་བྱེད་མཁན་ནི་དམངས་ཁྲོད་དང་ལས་བྱེད་མི་སྣ། དགོན་པ། སྡེ་བ་ཚོ་བ། མི་སྒེར་དང་ཁྱིམ་ཚང་སོགས་སུ་དར་ཁྱབ་ཆེ། དེ་དག་གི་ནང་དོན་ཡང་ཡ་རབས་སྤྱོད་སྟངས་ཀྱི་གཤིས་ཀ་དང་མ་རབས་ངན་གཤིས་ཀྱི་ལུགས་དང༌། མིའི་བྱ་བྱེད་ཀྱི་དང་སྐྱེས་གཟུགས་ཡག་བཙོག་སོགས་ཀྱི་ཐབས་སྤྱད་དེ་འདོགས་རེས་བྱེད་པ་ནི་སྒྱུ་རྩལ་གྱི་བརྗོད་བྱ་དོན་འགངས་ཆེན་ཞིག་ཏུ་སྣང༌། བཏགས་པའི་སྒྱུ་རྩལ་ལ་བསམ་བློའི་ནང་དོན་དང༌། སྒྱུ་རྩལ་ཁྱད་ཆོས། རིགས་དགར་ཚུལ་སོགས་དུ་མ་ཡོད་པས་གཤམ་ནས་གླེང་གཞི་དངོས་ལ་འཇུག་པར་བྱ།

བཏགས་པའི་བསམ་བློའི་ཁྱད་ཆོས་དང་བཏགས་པ་བྱེད་ཚུལ་སྤྱི་བཤད།

        ཕན་ཚུན་ལ་འདོགས་རེས་བརྒྱུད་དེ་མཐར་ཐུག་གི་དམིགས་འབེན་ནི་གཅིག་བྱས་ན་ཕན་ཚུན་གྱི་སེམས་ཁམས་སྐྱིད་སྣང་ཡོང་བྱེད་ཀྱི་ཐམས་ལམ་ཞིག་དང༌། གཉིས་ལྟར་ན་རིག་པའི་རོལ་རྩེད་འདི་བརྒྱུད་དེ་སྡེ་བ་དང་ཁྱིམ་ཚང༌། མི་སྒེར། སྤྱི་ཚོགས་ཀྱི་མི་གང་རུང་ཞིག་ལ་མི་གཤིས་ཀྱི་ཐད་དང་བསམ་བློ་གཏོང་སྟངས་ཀྱི་ཆ། བྱ་བ་བྱེད་ཕྱོགས་ཀྱི་ཐད་དུ་ཡ་རབས་ལུགས་བཟང་གི་ཕྱོགས་སུ་སློབ་གསོ་གཏོང་བ་ཡིན། འདོགས་རེས་བྱེད་ཕྱོགས་འདི་དང་བསྡོངས་ཤུགས་སུ་བོད་མིའི་སེམས་རྒྱ་ཆེ་བ་བསྟན་ཡོད་པ་ཡང་ཤེས་ཡོང་སྟེ། བློ་རིག་མྱུར་བ། ཁོག་རྒྱ་ཡངས་པ། རྟོག་བཏགས་ལ་འབྱོར་བ། སྐད་ཅིག་གི་ཚོར་བ་སྐབས་ཐོག་ནས་ངག་ཐོག་ཏུ་འབྱོན་ཐུབ་པ། གཉུག་གཤིས་སུ་གྲུབ་པའི་བོད་མིའི་རང་རྒྱུད་ཀྱི་དྭངས་གཙང་གི་མི་གཤིས་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཞར་ཏུ་ཤེས།བཏགས་པ་བྱེད་ཐབས་ཀྱི་ནང་དོན་ལ་ཡང་བསྟོད་པའི་ཆ་ཡོད་ལ་སྨད་པའི་ཆ་ཡང་ཡོད། དེ་བཞིན། སློབ་གསོ་བྱེད་ཐབས་ཀྱི་ཆ་ཡོད་ལ་གནད་དོན་དམར་རྗེན་བཤུས་པའི་དོན་གྱི་འདུས་ཚད་སོགས་ཤིན་ཏུ་མང༌། དཔེར་ན།⑷(དྲུག་མདའ་དཔོན་པོ།) “སྔོན་ཆད་ཡུལ་སྡེ་ཞིག་ན་དྲུག་མདའ་དཔོན་པོ་ཞེས་པའི་ཁ་ཡག་ངོ་བསྟོད་ལ་དགའ་ཞིང་དྲང་གཏམ་དང་གནས་ལུགས་བཤད་ན་མི་དགའ་ཞིང་ཁོའི་སྐྱོན་མཚང་ལ་ཕོག་ཐུག་བཏང་ན་ཁྲིམས་ལ་སྦྱོར་མཁན་ཞིག་ཡོད། ཁོ་རང་ཡང་སྔོན་ཆད་ཅི་ཡང་མེད་པའི་་དབུལ་བོ་ཞིག་ཡིན་ལ། གྱོན་གོས་མེད་པར་བེའུ་སློག་ཅིག་གྱོན་ནས་རབ་ཁ་ནས་མི་ཕར་སྐྱེལ་ཚུར་ལེན་བྱེད་པའི་རབ་གཡོག་ལ་བསྡད་མྱོང༌། གཉའ་རྐྱལ་བ་ཟེར་བའི་མི་ཞིག་གིས་ཁོ་ལ་གཅར་རྡུང་བྱས་ནས་སྐེ་གཉའ་ལ་རྫིང་བཏང་མྱོང༌། ཉིན་ཞིག་ཁོས་བཏགས་པ་བྱེད་མཁན་ཁ་བདེ་ཞིག་ཡོད་པ་དེ་མདུན་དུ་བོས་ནས་ཁོ་ལ་བསྟོད་པའི་བཏགས་པ་ཞིག་བྱོས་ཞེས་བཀའ་ཕབ། མི་ཁ་བདེ་དེའི་ཞིབ་ལྟ་ཞིག་བྱས་པ་ན་ཁོ་རང་ས་སྟེགས་ཀྱི་ཁྲི་ཞིག་གི་སྟེང་དུ་བསྡད་འདུག་པ་དང༌། ཐབ་ཀའི་མ་སྒྱིད་སྟེང་དུ་རྔ་ཆུང་ཞིག་བཏགས་ཡོད་པ་དང་རྔ་བརྡུང་ནས་བརྡ་བརྒྱབ་དུས་ཤ་གཡེ་ཁྱེར་ཡོང་ནས་བཞེས་ཀྱི་ཡོད་པས། དེ་ལ་འདི་ལྟར་བཏགས་པ་བྱས་སོ།།
ས་སྟེགས་གྲུ་བཞིའི་སྟེང་ན།།
དྲུག་མདའ་དཔོན་པོ་བཞུགས་ཡོད།།
མ་སྒྱིད་གྲུ་བཞིའི་སྟེང་ལ།།
བརྡ་རྒྱག་རྔ་ཆུང་བཏགས་ཡོད།།
བརྡ་རྒྱོབ་ཀི་རྒྱོབ་ཀི་གཡེ་ཟོ།།ཞེས་བཤད་རྗེས་ད་དེ་ཙམ་གྱིས་ཆོག་གི་ཅེས་བཤད་ཀྱང་དཔོན་པོས་མ་ཉན་པར་ད་དུང་མུ་མཐུད་དུ་ཤོད་ཅེས་ནན་གྱིས་བསྐུལ། དེ་ནས་མུ་མཐུད་དུ་བཤད་རྒྱུར།
མགོ་སྤྱི་གཙུག་ཀླད་པའི་སྟེང་ན།།
རྒྱ་གོང་མས་བཙུག་གི་ཏོག་ཡོད།།
ཁའི་དུང་སོ་སུམ་ཅུའི་བར་ན།།
གླིང་སྡེ་བ་ཐུབ་གི་གཏམ་ཡོད།།
གཉའ་ཡི་གཉེར་མའི་ནང་ན།།
གཉའ་རྐྱལ་བས་བཏང་གི་རྫིང་ཡོད།།ཅེས་བཤད་པ་ན་དཔོན་པོས་གོ་ཁའི་མེ་ཐུར་བླངས་ནས་ཁ་མེ་གསུར་ཞིག་བྱས་པ་ན་མུ་མཐུད་དུ་འདི་ལྟར་བཤད།།
ཁྱོས་གོ་ཁའི་རྒྱ་ཞིག་བྱས་ནོ།།
དེ་སྒོ་ཁའི་གོ་སྲོལ་མེད་གི།
ངའི་ཡ་ཁ་མེ་གསུར་བྱས་ནོ།།
མ་ཁར་ཐུག་ན་ཚ་གི།
རྫ་གོ་རི་གོ་ཆེན་དྲང་ན།།(གཞི་བདག་ཅིག)
ཁྱོའི་ད་རུང་གོ་སློག་གྱོན་ན།།
ཨ་མྱེ་ར་གཟུགས(གཞི་བདག་ཅིག)དྲང་ན།།
ཁྱོད་ད་དུང་རབ་ཁར་ལྷུང་ང༌།།ཞེས་བཤད་དོ།།”འདི་ལྟ་བུར་མཚོན་ན་དངོས་ལྡོག་གང་རུང་ནས་འདོགས་རེས་བྱེད་པའི་བཏགས་པ་ཞིག་ཡིན་ལ། བསྟན་དོན་འདིའི་ལོ་རྒྱུས་རྒྱབ་ལྗོངས་ལ་གཞིགས་ན་དོན་དངོས་གཞིར་བཟུང་སྟེ་བཏགས་པ་ཞིག་རེད། ཤུགས་སུ་བཏགས་པ་ནི་སྐད་ཅིག་གི་ཚོར་འདུ་དང་བརྒྱུས་ཏེ་བློ་རིག་པ་མྱུར་བའི་སྟེང་ནས་སྐད་ཆའི་སྒྱུ་རྩལ་ལྷང་ལ་ཕྱུང་ཡོད་པ་ཞིག་ཡིན་པ་ཤེས་ཐུབ། ⑸“མིང་ལ་མཁའ་མ་ཞེས་པའི་ཅང་མེད་བུ་མོ་ཞིག་ཡོད་དེ། ལྷན་པ་མང་བའི་ལྭབ་གྱོན་ནས་གཡོག་ལ་བསྡད་དེ་ཐང་ཞིག་ན་ཕྱུགས་འཚོ་སྐབས། ཕྱུག་པོའི་བུ་ཚ་ཞིག་གི་ལག་ལ་ཇ་རྟ་ཞེས་ཤིང་གི་དབྱུག་པ་ཞིག་བཟུང་ནས་འཕྱ་སྨོད(ཟུར་ཟ)དང་བཅས་དབྱུག་པ་དེས་ལྷན་པ་གཅིག་གཉིས་གསུམ་ཞེས་བརྩི་སྐབས་ཕྱེན་ཤོར་བྱུང(འོག་རླུང་རྒྱུ་བ)། མཁའ་མས་འདི་སྐད།
ཐང་ཆེན་པོ་ཡག་གི་དཀྱིལ་ནས།།
སྡེ་ཕྱུག་པོ་བྱི་ལུ་ཞིག་གིས།།
ཤིང་ཀྱལ་རྟའི་རྡ་བུ་བཟུང་ནས།།
ང་མཁའ་མའི་ལྷན་པ་བརྩི་གི།
རྒྱུ་མེད་ནོ་སྙིང་རྗེ་སྐྱེས་ནས།།
གཡག་ཟིག་གི་གནང་སྦྱིན་བྱེད་ཀུ།
སྣ་མེད་ལ་འབྲོང་ཁྱུར་ཤོར་ཐལ།།
ལས་ཟིག་གི་ཅིག་གི་གཙོག་རེ།།ཞེས་ཟེར།”⑹“ཡང་མནའ་མ་སོ་མ་ཞིག་གིས་མིའི་མཐོང་སར་ལྟོ་གང་ཟ་བར་ང་ཚ་སྟེ་ཚོད་མ་གཅིག་བརྐུས་ཏེ་རུམ་ལ་བཅུགཕྱག་འཚལ་བའི་སྒང་ལ་སྟབས་མ་ལེགས་པར་ཚོད་མ་སར་ལྷུང་བར་ལྡོག་ཐོས་བརྒྱབ་ནས་སུས་མི་མཐོང་སར་འཕེན་སྐབས་ཨ་ནེས་ཤེས་ནས་འདི་སྐད།
ཕྱག་འཚལ་ན་ཡུག་རྒྱ་གྱག་གི།
ཆོས་བཏོན་ན་འུར་སྒྲ་གྲགས་ཀི།
ཁོན་རིག་ན་ཁོང་ཁྲོ་ལངས་ཀི།
ཁོན་ཁ་ལོ་བཛས་ཏྭ།།
དེའི་ས་ཡ་ལྡོག་ཐོས་མ་རྒྱག།
ཚེ་གང་གི་འཚོ་རྟེན་དེ་རེད།།ཅེས་ཟེར་རོ།།”ཞེས་བཏགས་པ་བྱེད་ཚུལ་འདི་ལ་ཟུར་ཟ་དང་སློབ་གསོ་རང་བཞིན་ལྡན་པར་མ་ཟད་ཉན་སྤྲོ་ཞིང༌། གོ་སླ་བ།  གསོན་ཉམས་རང་བཞིན་ལྡན་པ་ཞིག་ཡིན་པ་མཐོང་ངོ༌།།
        ཞིབ་ཏུ་དཔྱད་ན་བཏགས་པ་ནི་མི་འཇོན་ནུས་ཅན་དག་གིས་ཕ་རོལ་བའི་མི་དག་གི་ལུས་ཀྱི་བྱ་བྱེད་ཀྱི་ཚུལ་ལ་བལྟ་ཞིབ་ཀྱིས་གནད་ལ་ཕོག་པ། ཁ་འཕྲོད་པ། དོན་ལ་འབྱོར་བ་བཅས་ཀྱི་སྐྱོན་མཚང་ཅི་རིགས་ངག་ནས་ཤར་མེར་བརྗོད་པ། འདོགས་རེས་བྱེད་མཁན་གྱི་མི་ལ་བློ་རིག་མྱུར་བ། ཁོག་རྒྱ་ཡངས་པ། རྟོག་བཏགས་ལ་འབྱོར་བ། སྐད་ཅིག་གི་ཚོར་བ་སྐབས་ཐོག་ནས་ངག་ཐོག་ཏུ་འབྱོན་ཐུབ་པ། འདོགས་པ་པོ་རང་ཉིད་ལ་སྤྱིར་བཏང་གི་འཚོ་བ་ལ་ཟབ་ཞུགས་ཆེ་ཆེར་ལྡན་ཞིང༌། རང་བྱུང་གི་སྤྱིའི་ཁོར་ཡུག་གི་ཆོས་རྣམས་ལ་རང་ལ་ངེས་ཤེས་གསལ་བོར་འདྲོངས་པ། མི་རིགས་རང་ཉིད་ཀྱི་འཚོ་བ་ལ་བྱང་ཆ་ཕུལ་དུ་བྱུང་བ་ཞིག་ཡོད་དགོས་པ། དེ་མིན། བོད་མིའི་མཛེས་དཔྱོད་ཀྱི་སེམས་ཁམས་དང་དད་མོས་ཀྱི་ཁ་ཕྱོགས་བཅས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་ལྡན་དགོས་པ་གནད་ཀྱི་དོན་ཆེན་ཡིན་ནོ།།
        དེ་ཡང༌། བཏགས་པ་ལ་དམངས་ཁྲོད་རྩོམ་རིག་གི་གླུ་ཤགས་དང་ཚིག་རྒྱན་ལ་འདྲ་ཆ་དོད་པོ་ཡོད་ཅིང༌། དེ་དག་ལ་ཞིབ་ཏུ་དཔྱད་ན་འདི་འདྲའི་ཐུན་མིན་གྱི་ཁྱད་ཆོས་ཡོད་འདུག  སྤྱིར་འདི་དག་ལ་ལུས་ཀྱི་ཆ་ནས་ཀུན་པོ་ཚིགས་སུ་བཅད་པ་ཡིན་པ་འདྲ་བའི་ཆ་དང༌། བརྗོད་བྱའི་ནང་དོན། སྐད་ཆའི་སྒྱུ་རྩལ། བསམ་བློའི་དགོངས་པ། ཚིག་ཉུང་དོན་འདུས། གླུ་རུ་ལེན་མི་ལེན་གྱི་ཁྱད་པར་དུ་མ་ཡོད་དོ། ། ⑺“གླུ་ཤགས་དང་ཚིག་རྒྱན་ནི་གླུ་ཡི་བྱེ་བྲག་སྟེ་དབྱངས་རྟ་རུ་དྲངས་ནས་ལེན་དགོས་ལ་བཏགས་པ་ནི་དབྱངས་སུ་གྱེར་ནས་འདོན་པ་ལས་གླུ་རུ་མི་ལེན། གླུ་ཤགས་དང་ཚིག་རྒྱན་ནི་མང་ཆེ་བ་ཟུར་ཟ་དང་རང་ཉིད་ངོམ་བྱེད་ཡིན་ལ་བཏགས་པ་ནི་བཟང་ངན་བར་མ་ཅི་རིགས་དང་རང་བསྟོད་གཞན་སྨད་ལ་ངེས་པ་མེད། གླུ་ཤགས་དང་ཚིག་རྒྱན་ནི་སྔོན་དུ་ཡོད་པ་དག་བརྗོད་བྱ་དང་བསྟུན་ནས་བེད་སྤྱོད་བྱས་ཆོག་ལ་བཏགས་པ་ནི་སྐབས་དེ་དང་དེར་གསར་དུ་རྩོམ་དགོས་པ་བཅས་ཀྱི་ཁྱད་པར་ཡོད་པ་རེད། ”

བཏགས་པའི་རིག་གནས་ཀྱི་ཁྱད་ཆོས་སྤྱི་བཤད།

        བཏགས་པའི་རིག་གནས་ཀྱི་སྤྱིའི་ཁྱད་ཆོས་ཤིག་གོང་དུ་བསྙད་པའི་ངོ་སྤྲད་པ་ཇི་བཞིན་བཏགས་པ་ནི་མི་བུ་འཇོན་ནུས་ཅན་དག་གིས་རང་གི་རིག་ལམ་ལ་བརྟེན་ཏེ་སྐབས་ཐོག་གི་མཐོང་སྣང་དང་མྱོང་བ་ཐད་ཀར་དུ་བཤད་ཅིང༌། ཚིག་གི་སྦྱོར་ཚུལ་གྱི་ཐད་དུ་རང་དབང་གི་ཤེད་ཆེ་བ་དཀྱེལ་ཡངས་པ། གསོན་ཉམས་ལྡན་པའི་སྐད་ཆའི་སྒྱུ་རྩལ་གྱི་ཐུན་མིན་ཁྱད་ཆོས་ཕྱོགས་འགའ་མཆིས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།