དམངས་ཁྲོད་རྩོམ་རིག་གི“བཏགས་པའི”རིག་གནས་སྐོར་ལ་དཔྱད་པ།

རྩོམ་པ་པོ།:འབའ་སྨད་རྒྱལ་ལོ་ཚེ་རིང༌། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-09 09:05:00 ཀློག་གྲངས།:
        གསོན་ཉམས་ལྡན་པའི་ཁྱད་ཆོས། ⑻(བྱ་ང་ཡི་སེམས་གཏམ་དེ་ཡིན།)“སྔོན་ཟ་མར་དཀའ་ངལ་ཆེ་ཞིང་གོང་མའི་བཀའ་ཁྲིམས་དོག་པའི་ལོ་ཞིག་ལ་གོང་མ་ཚང་གི་མངགས་བཀོད་ལྟར་དུ། མི་སུམ་ཅུ་ལྷག་ཅིག་ནགས་ལ་ཤིང་གཅོད་དུ་སོང་བ་དང་ཟ་མར་དཀའ་ངལ་ཆེ་བས། ཁོ་ཚོར་མ་མོ་ཞིག་གི་ཤ་མ་གཏོགས་བྲོ་ཆས་གཞན་འཁྱེར་རྒྱུ་མེད་ལ། ཉིན་ཞིག་ཁོ་ཚོ་ཤིང་གཅོད་དུ་འགྲོ་ཁར་ཤ་འཕྲོ་མ་སྡོང་བོ་ཞིག་གི་རྩེར་བཏགས་ནས་བུད་སོང༌། ཉིན་གུང་ཕྱིར་བ་ཁར་འབྱོར་དུས་བྲོ་ཤ་བྱ་རྒོད་ཀྱིས་ཟ་བཞིན་ཡོད་པས། མི་ཞིག་འཇབ་ནས་སོང་སྟེ་ཞགས་པ་འཕང་ནས་བྱ་རྒོད་ཅིག་བཟུང་བ་དང༌། མི་འགའ་རེས་རྡོ་དང་དབྱུག་པས་བརྒྱབས་ནས་བྱ་རྒོད་བསད་སོང་བས། ཁོ་ཚོས་གྲས་ཀྱི་མི་ཁ་བདེ་ཞིག་གིས་འདི་ལྟར་བཏགས་པ་བྱས་སོ།།
རྒྱ་གོང་མའི་སྐུ་དོན་སྒྲུབ་ཀི།
མི་སུམ་ཅུ་ཐམ་པ་ཐོན་ནས།།
ཤིང་གསོམ་དཀར་ཆམ་ལ་འབེབས་ཀི།
ཉིན་གུང་གི་གུང་ཚོད་ཅིག་ལ།།
ངས་མིག་གི་བལྟ་ཕྱོགས་ཤིག་གིས།།
རྒོད་ཐང་ལོས་ཉི་ཟླ་གཡོལ་ཀི།
ཁ་ཕྱིར་འཁོར་བ་ཁར་ཐོན་དུས།།
ཤ་ཁྱ་རྒོད་གཟན་ལ་འཕངས་ཡོད།།
རྒོད་ཐང་དཀར་གཟན་ལ་བབས་ཡོད།།
ཁ་འཇམ་པོ་འཇབ་ནས་ཡོང་ནས།།
སྐེ་ཞགས་ནག་ཨ་ལོང་འཕང་ནས།།
བྱ་རྒོད་པོ་བཙོན་ལ་བཟུང་ངེ༌།།
ལུས་འབྲི་ཤུག་རྩེ་བརྒྱར་བཏགས་ཐལ།།
ཤིང་གཅོད་སྔོན་མའི་གྱབ(གྲས)ནས།།
མྱི་རྒྱ་གོར་སྒྱུད་གོར་གན་ཀི།།
རྒྱ་ཞིག་གི་ཚུགས་ཀ་ཕུད་ནས།།
ལག་ལྕང་དཀར་བེར་ཀ་བཟུང་ནས།།
བྱ་རྒོད་པོ་ཁེ་དཔས(开会)བྱེད་ཀི།
ལམ་ཁ་ཐག་རིང་ནོ་འདི་རེད།།
དགྲ་ཁ་བཙན་ཆེ་ནོ་གན་རེད།།
ཨ་བྱ་བརྒྱའི་ཐང་དཀར་རྒོད་པོ།།
ཤ་ཁྱ་རྒོད་མ་མོའི་ཤ་རེད།།
དངུལ་དོང་ཙེ་བྱིན་ཀི་རིན་རེད།།
མི་སུམ་ཅུ་ཐམ་པའི་བྲོ་རེད།།
རྐུས་བྱས་ནས་ཟ་ནོ་ཅི་རེད།།
བྱས་ཕྱིར་ལ་ཚིག་གསུམ་བཤད་ནོ།།
དགུང་ཨ་སྔོན་ཁ་རུ་མཐོ་རུང༌།།
བློ་འདྲི་སའི་ཕ་ཞིག་མེད་ཀི།
ས་དོག་མོ་ཁ་ཞེང་ཆེ་རུང༌།།
བྲོ་སློང་སའི་མ་ཞིག་མེད་ཀི།
ནང་བྱ་བརྒྱ་ཁ་གྲངས་མང་རུང༌།།
ཤ་ཚ་བའི་སྤུན་ཞིག་མེད་ཀི།
ཤིང་གཅོད་བར་མའི་གྱབ(གྲས)ནས།།
ཁ་སེར་པོ་ཨ་བྷོ་ཡོང་ནས།།
སྒྲོ་ཐུལ་དཀར་སྤར་གང་བཏོགས་ཀི།
ཁ་སེར་པོ་ཨ་བྷོ་ལོ་ལོ།།
སྒྲོ་ཐུལ་དཀར་བཏོགས་ཀི་ན་ཟུག།
སྤུ་སེར་པོ་བཏོགས་ཀི་ཐུ་རེད།།
ཤིང་གཅོད་རྗེས་མའི་གྱབ(གྲས)ནས།།
སེམས་བཟང་གྲགས་པ་ཡོང་ནས།།
ཞེ་བསམ་པས་ཤ་ཞིག་ཚ་ནས།།
དོན་དམ་པའི་སྙིང་ཞིག་རྗེ་ནས།།
སྐེའི་ཞགས་ནག་ཨ་ལོང་བླངས་ནས།།
ལུས་འབྲི་ཤུག་རྩེ་བརྒྱའི་བཏང་ངེ༌།།
བྱ་དགུང་སྔོན་གནམ་ལ་འཕུརཐལ།།
དགུང་སྔོན་པོར་དཀྲིས་གསུམ་བརྒྱབ་ནས།།
བྱ་བྲག་དམར་ཐེམ་ལ་འབབས་ཀི།
མྱི་བྱ་སྐེ་བྱེའུ་མགོ་གན་ཀིས།།
ཕྱག་གཡས་པས་རྡོ་ཞིག་བཟུང་ངེ༌།།
བྱ་བྲག་དམར་ཐེམ་ནས་འཕེན་ཀི།
རྡོ་ཨོ་ཅོས(དབྱུག་པ)ཆར་ཞིག་འཕབ་ཀི།
བྱ་ཕྱི་མའི་ལམ་ལ་འཇུག་ཀི།
བྱ་ཕྱི་མར་འགྲོ་ཁ་ཞིག་ལ།།
ཕྱིར་འཁོར་རེས་ཁ་ཆེམས་བཞག་ནོ།།
ཚེ་ཕྱི་སྡོད་ཞི་ལི་ཆ་བོ(ཁྱོད་ཚོ)།།
ནང་ཡང་དགོས་བྱ་སྐེ་བྱེའུ་མགོ།
ངའི་འབྱུང་གཞི་ས་གཞིར་འཐིམ་ཡོད།།
སྒྲོ་སྨུག་པོས་བར་སྣང་གང་ཡོད།།
ཚེ་འདི་ཡི་རི་མགོ་བསྐྱུར་ཡོད།།
ཚེ་ཕྱི་མའི་ལམ་མགོ་བསྙེགས་ཡོད།།
ཚེ་ཕྱི་མའི་གཤིན་ལམ་སྐྱ་མོར།།
ལོ་ཆེ་ཆུང་གཉིས་ཀ་ཞུགས་དགོས།།
ཚེ་ཕྱི་མའི་གཤིན་རྗེ་ཆོས་རྒྱལ།།
ཁ་རྒན་གཞོན་གཉིས་ཀ་མཇལ་དགོས།།
ཁྱོད་ཕྱི་མ་ཐུར་ལ་ལོས་ཡོང༌།།
ངས་གཤིན་རྗེའི་འཕྲང་ནས་ལོས་བསྒུག།
བྱ་ང་ཡི་མགོ་སྐེ་བྲང་གསུམ།།
རྗེ་བླ་མའི་ཕྱག་ལ་འཕྲོད་ན།།
བྱ་ང་ཡི་སེམས་རྟེན་དེ་ཡིན།།
ཞེས་ཤར་མར་བརྗོད་དོ། །”འདི་ལྟ་བུར་མཚོན་ན་མི་སུམ་ཅུ་ལྷག་ཅིག་གི་ཉིན་གུང་གི་གཏམ་རྒྱུད་ཅིག་ཁ་གསལ་རང་བཞིན་དང༌། གསོན་ཉམས་རང་བཞིན་གྱི་སྒོ་ནས་བཏགས་པ་བྱས་ཡོད་པས་ཚིག་གི་སྦྱོར་བ་དང༌། བརྗོད་བྱའི་ནང་དོན་སོགས་ལ་གསོན་ཤུགས་ཀྱིས་ཕྱུག་འདུག
        སློབ་གསོའི་ཁྱད་ཆོས།  ⑼(ར་རོག་པོས་སྐད་ཅིག་གཏོང་ཀི)“བཅིངས་འགྲོལ་བྱས་པའི་རྗེས་སུ་གོང་མ་ཚང་གི་བཀོད་སྒྲིག་ལྟར་ཕྱུགས་ཟོག་དང་རྩྭ་ས་སྒེར་ལ་བགོས་ཤིང་ཁྱིམ་ཚང་རེ་རེར་ས་མཚམས་ཆུ་མཚམས་ཕྱེས་ནས་ལྕགས་ར་བསྐོར་ཞིང་ཕན་ཚུན་ལ་བཀག་འགོག་ནན་མོ་བྱས་ཏེ་བདག་མེད་ཀྱི་རྩྭ་ཆུའི་དོན་ལ་ཁྱིམ་མཚེས་གཡས་གཡོན་དང་ཤ་ཉེ་ཕུ་ནུའི་བར་ལའང་རྩོད་གླེང་དྲག་པོ་བྱུང་སྟེ་ནང་འཁྲུག་དང་དམར་འཛིང་བྱེད་པའི་དུས་སྐབས་ཤིག་ལ། ཁྱིམ་ཚང་ཞིག་གི་ར་རྒན་ཞིག་ཁྱིམ་མཚེས་ཚང་གི་རྩྭ་རའི་ནང་ཤོར་སོང་བ་རྩྭ་བདག་རྒད་པོས་བཟུང་ནས་ལག་ལྡེ་བརྒྱབས་ཏེ་མུ་གེར་བསད་སོང་བས། ཕྱུགས་བདག་གིས་བཤད་རྒྱུར་ར་རྒན་འཆི་ཁར་ཁྱོད་ལ་ཁ་ཆེམས་འདི་ལྟར་འཇོག་ཀི་ཞེས་བཏགས་པ་འདི་བྱས་སོ།།
ལྕགས་ནག་པོའི་ལྕགས་རའི་ནང་ནས།།
ར་རོག་པོས་སྐད་ཅིག་གཏོང་གི།
རྩྭ་ཡར་སྐྱེས་རྩེ་མོ་ཅན་པོ།།
ཁྱོས་བཏབ་ནས་སྐྱེས་ནི་མ་རེད།།
ཆུ་མར་བཞུར་དྭངས་ཤ་ཅན་པོ།།
ཁྱོས་བརྐོས་ནས་བླངས་ནི་མ་རེད།།
ང་ཉམ་ཆུང་དུད་འགྲོ་ཡིན་རུང༌།།
རྩྭ་ཟ་བའི་དབང་སྐལ་ལོས་ཡོད།།
ས་བདག་མེད་ཐུག་ལ་ཚད་ཀི།
ཆུ་དོན་མེད་ཐོམ་ལ་འཇལ་ཀི།
རི་རང་བྱུང་རྩྭ་ཆུའི་དོན་ལ།།
ཕྱི་སྡེ་བ་གྱོད་ལ་གཏུགས་ཀི།
ནང་ཕུ་ནུས་དམར་འཛིང་བྱེད་ཀི།
ཟོག་དུད་འགྲོར་ཆད་པ་གཅོད་ཀི།
རྒྱ་གོང་མའི་རྒྱ་ཁྲིམས་དོག་གི།
ཏང་གོང་མ་དྭངས་རྩིག་འདྲེས་ཀི།
ཁྱོད་རྒད་པོར་སེར་སྣ་ཆེ་ཀི།
རྩྭ་ཁམ་གང་ཟ་དབང་མ་དགོས།།
ཆུ་ཧུབ་གང་འཐུང་དབང་མེད་ཀི།
ཚེ་ཕྱི་མའི་གཤིན་རྗེའི་ཡུལ་ལ།།
ང་ལྟོགས་ནས་སྐོམ་ནས་བུད་སོང༌།།
ང་གསོད་ཀི་རྩྭ་བདག་རྒད་པོ།།
ཁྱོད་ཕྱི་མའི་ཡུལ་ལ་ཤོག་ར།།
ཚེ་ཕྱི་མའི་གཤིན་རྗེའི་འཕྲང་ནས།།
ངའི་ལག་མགོའི་བ་ཐིག་སུམ་སྒྲོག།
ཕྱིར་འཁོར་ར་རྒད་པོ་ཁྱོད་རྒྱག།ཅེས་བཤད་པས་རྩྭ་བདག་དེས་རང་བྱས་ལ་འགྱོད་པ་ཆེན་པོ་སྐྱེས་སོ།།”གཏམ་རྒྱུད་འདིས་ཤུགས་སུ་བསྟན་པའི་བསླབ་བྱ་ནི་རང་བྱས་ལ་འགྱོད་པ་སྐྱེས་པ་དང་སླད་ཕྱི་མི་དག་ལ་སློབ་གསོའི་བརྡ་ལན་ཞིག་བརྒྱབ་འདུག་པས་གཏམ་རྒྱུད་འདི་ལྟ་བུར་མཚོན་ན་སློབ་གསོ་གཏོང་སྟངས་ཀྱི་ལམ་ཁ་ཞིག་ཕྱེས་པ་དེ་རེད། འདི་ལའང་རང་ལ་ཐོབ་པའི་སློབ་གསོའི་དོན་སྙིང་འབའ་ཞིག་གོ །
        ལོ་རྒྱུས་རྒྱབ་ལྗོངས་ཀྱི་ཁྱད་ཆོས། ⑽(རྩི་བླངས་ནོ་རླུག་པ་རེད།)“ཉིན་ཞིག་ལ་གསར་བུ་གཉིས་རི་དྭགས་རྔོན་པར་སོང༌། ལམ་བར་དུ་གླ་ཞིག་འགྲོ་བ་མཐོང་བས་གསར་བུ་གཅིག་གིས་མྱུར་དུ་ཕྲག་ནས་བོའུ་བླངས་ཏེ་གླ་ཡི་སྟེང་ལ་གཟུར་མེད་ཀྱིས་ཚད་ནས་བརྒྱབ་སྟེ་བཤད་རྒྱུར། ཁྱེད་རང་སོང་ནས་ལྟོས་དང༌། བསད་ཡོད་པ་ཕོ་གླ་ཞིག་ཡིན་ན་གླ་རྩི་བླངས་ནས་ཁྱེར་ཤོག་ཅེས་རོགས་པ་འགྲོ་རུ་བཅུག  རོགས་པ་སོང་ནས་གླ་རྩི་མ་ཤེས་པར་རླིག་པ་བཅད་ནས་ཁྱེར་ཡོང༌། གླ་གསོད་མཁན་གྱི་གདོང་ལ་འཛུམ་ཞིག་ལངས་ནས་ཅི་ཡང་མི་སྨྲ་བར་ལྐོག་ཏུ་སོང་ནས་གླ་རྩི་ངོ་མ་དེ་བླངས་ནས་སྨྲས་པ།
གླ་བསད་ནོ་ཕོ་གླ་རེད།།
རྩི་བླངས་ནོ་རླིག་པ་རེད།།
རྩི་ཁྱོད་ལ་གཅིག་དང་ང་ལ་གཅིག།
རྩི་གོང་ཆེན་ཡིན་ནོ་ངའི་དེ་རེད།།
རྩི་ཡ་མཚན་ཅན་པོ་ཁྱོའི་དེ་རེད།།ཅེས་སྨྲས་སོ།”བཏགས་པའི་བྱེད་སྟངས་ཀྱི་ཁྱད་ཆོས་རེ་རེར་ལོ་རྒྱུས་རྒྱབ་ལྗོངས་ངེས་ཅན་རེ་ཡོད་ཅིང༌། གོང་གི་འདི་ལྟ་བུ་མཚོན་ན་རྒྱབ་ལྗོངས་ངེས་ཅན་ཞིག་ལ་གཞི་བཅོས་ཏེ་དངོས་ཡོད་ཁྲོད་ཀྱི་དོན་རྐྱེན་ཞིག་བཏགས་པ་ལ་བརྟེན་ནས་མངོན་པར་མཚོན་ཡོད་པ་ལྟ་བུ།
        ཚིག་ཉུང་དོན་འདུས་ཀྱི་ཁྱད་ཆོས། ⑾(སེམས་མེད་སེར་མོ།)“བན་དེ་པྲ་ཆལ་ཞིག་ལམ་ལ་ཞུགས་ནས་འགྲོ་སྐབས་བྱ་གོང་མོ་ཞིག་གིས་རྒུམ་བུ་འཐུ་བཞིན་སྡོད་པ་རིག་ནས་ཁོའི་སེམས་ལ་ངན་སེམས་ཤར་ཏེ་རྡོ་བ་ཞིག་བླངས་ནས་བྱ་གོང་མོར་བརྒྱབ་པས། བྱ་གོང་མོའི་ཀླད་པར་ཕོག་སྟེ་དེ་མ་ཐག་བསད། ཚུལ་དེ་མི་གཞན་ཞིག་གིས་མཐོང་ནས་འདི་ལྟར་བཏགས་པ་བྱས།
བན་སེར་མོ་སེམས་མེད་ཅིག་གིས།།
བྱ་གོང་མོ་གོ་མེད་ཅིག་ལ།།
རྡོ་གོར་མོས་ཀླད་རྡོ་སྤྲད་ཀི།
ཞིང་ཞིག་ལ་འདྲེན་རྒྱུ་མིན་ན།།
འཕྲང་ཞིག་ནས་བསྒུག་ནས་ལོས་འདུག།ཅེས་བཏགས་པ་བྱས་སོ།།”བཏགས་པ་གང་ཡིན་ཡང་སྤྱི་ཚོགས་ཀྱི་བཟང་སྐྱོན་གང་རུང་ཞིག་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྒྱུས་ཏེ་ཚིག་ཉུང་ཞིང་བསྟན་དོན་རྒྱ་ཆེ་བ། གནད་དུ་གྲིམ་པ། བློ་ཁ་སྒྱུར་བ་བཅས་ཀྱི་ཁྱད་ཆོས་དུ་མ་ལྡན་པས་བཏགས་པ་ནི་སྐྱེ་བོ་རང་ག་བ་ཞིག་གིས་མི་འཇོན་པ་ཞིག་ཡིན། དེ་བས། གོང་གི་བསྟན་དོན་འདི་ལས་ཀྱང་ཤེས་རྟོགས་སྦྱིན་ཐུབ་པ་ནི་ཚིག་ཉུང་ཡང་དོན་རྒྱ་ཆེ་བ་ཞིག་སྟོན་ཐུབ་པ་འདིས་ཀྱང་བཏགས་པའི་རིག་གནས་ནི་ཁྱད་དུ་འཕགས་པ་ཞིག་ཡིན་པ་ངེས་རྟོགས་འབྱུང་ཐུབ་པ་དེའོ།།

མཇུག་གཏམ།

        ལོ་རྒྱུས་ལ་ཕྱིར་རྟོགས་ཤིག་བརྒྱུས་ཚེ་ང་ཚོའི་སེམས་སུ་ལྗིད་ཏིག་གེར་བསྣན་འོང་བ་ནི་བཙན་པོ་དག་གིས་རང་ཅག་ལ་ཚེ་གང་བོར་འདང་བའི་རྟག་བརྟན་གྱི་རྒྱུ་ནོར་སྟེ་ངོ་མཚར་བའི་རིག་གནས་འདི་སྐྲུན་པ་རེད། ཡིན་ཙང༌། ད་ལྟའི་དུས་འདིར་རིག་གནས་ལ་ལ་ཞིག་ས་སྒང་རིང་འདིའི་སྟེང་གཏན་ཆགས་ཀྱི་གནས་ཐུབ་མེད་ཅིང༌། ཤེས་མེད་ཚོར་མེད་རྒྱུན་ཆད་པའི་སྣང་ཚུལ་མངོན་སུམ་དུ་མཐོང༌། དཔེར་ན་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་བཏགས་པའི་རིག་གནས་འདི་ལྟ་བུར་མཚོན་ན་སྐྱེ་བོ་དག་གིས་ཐུགས་འཇོག་མི་བྱེད་པའི་ཁར་བཏགས་པ་ཞེས་རིག་གནས་འདི་གླེང་དུས་མང་པོ་ཞིག་ལ་ཆ་མེད་རྒྱུས་མེད་དང་རིམ་གྱིས་རང་ཅག་གི་རྫོང་མཐུག་པོའི་རིག་གནས་བང་མཛོད་ཁྲོད་དུ་ཁ་གྱེས་ཀྱིན་པ་ཁོ་བོས་དཔྱད་རྩོམ་འདི་འབྲི་སྐབས་ད་གཟོད་ཤེས་རྟོགས་བྱུང་བ་ཡིན། ལྷག་པར་རིག་གནས་ལ་དོན་གཉེར་མི་སྤྲོ་བའི་དུས་རབས་འདིར་རིག་གནས་མང་བོ་ཞིག་ང་ཚོའི་ལྟག་རྒྱབ་ན་ཉམ་ཆུང་གིས་འཚོས་ཡོད་པ་མཐོང་དུས་ཁོ་བོ་ལོ་ན་ཆུང་ཡང་ཁ་རོག་གེར་སྡོད་ཐུབ་བྲལ་ཞིང་དཔེ་ཀློག་བྱེད་ཞོར་དང་བྲི་རྩོམ་གནང་རྒྱུ་ནི་དེང་གི་སྐབས་འདིར་ཤིན་ཏུ་མཁོ་བར་འདོད་དེ། རིག་གཞུང་ཉམས་ཞིབ་ཀྱི་ལས་ཀ་འདི་ལ་མི་འཐམ་རང་འཐམ་རེད། དེ་བས་ཁོ་བོས་བྲིས་པའི་བཏགས་པའི་རིག་གནས་སྐོར་འདི་ནས་ཆད་ནོར་འཆིག་སྐྱོན་མང་དུ་མཆིས་པར་ཐེ་མི་ཚོམ་པས་རིག་གཞུང་ལ་དོན་གཉེར་བྱེད་མཁན་དག་གིས་རང་སོ་སོའི་ལྟ་གྲུབ་འཁྱེར་ཡོང་སྟེ་རིག་གནས་གར་སྟེགས་སྟེང་དུ་རིག་གཞུང་ཉམས་ཞིབ་དང་རྩོད་གླེང་ཡོད་པར་ཞུའོ།།མཆན་འགྲེལ།
⑴《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》པེ་ཅིན་མི་རིགས་དཔེ་སྐྲུན་ཁང༌།
⑵《མི་ལ་རས་པའི་མགུར་འབུམ》གཙང་སྨྱོན་ཧེ་རུ་ཀས་བརྩམས། མཚོ་སྔོན་མི་ རིགས་དཔེ་སྐྲུན་ཁང༌།
⑶《ཞབས་དཀར་པའི་རྣམ་ཐར》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།
⑷《ཨ་མདོའི་བཏགས་པ་ཕྱོགས་བསྒྲིགས》ཅེས་པའི་དེབ་སྟེང་བཤུས། ལྷ་སྡེ་ཉི་མ་ཚེ་རིང་གིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།
 ⑸《བོད་ཀྱི་དམངས་རྩོམ་གཅེས་བསྡུས་དང་དེ་དག་གི་ཕྲན་བཤད》འབའ་སྟོད་བདྨ་དབང་རྒྱལ་དང་ཀླུ་བྱམས་རྒྱལ་གྱིས་སྒྲིག་རྩོམ་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།
 ⑺2001ལོའི《མང་ཚོགས་སྒྱུ་རྩལ》གྱི་དེབ་དང་པོ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།