བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།

རྩོམ་པ་པོ།:རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-24 10:17:00 ཀློག་གྲངས།:

བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན། 
                  --སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གསར་རྩོམ་གྱི་ཁྱད་ཆོས་རགས་བཤད།

【ནང་དོན་གནད་བསྡུས】  སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་ལགས་ནི་བོད་ཀྱི་བརྩམས་སྒྲུང་གསར་བའམ་དེང་རབས་བརྩམས་སྒྲུང་གི་ལོ་རྒྱུས་ཐོག་གོ་གནས་དང་ཤུགས་རྐྱེན་ངེས་ཅན་ལྡན་པའི་རྩོམ་པ་པོ་ཞིག་ཡིན་ཞིང་། བོད་རང་གི་སྐད་ཡིག་ཐོག་ནས་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་གྱི་གསར་རྩོམ་ལ་འཇུག་པའི་རྩོམ་མཁན་ཁྱད་དུ་འཕགས་པ་ཞིག་རེད། དཔྱད་རྩོམ་འདིའི་ནང་སྟག་འབུམ་རྒྱལ་གྱི་དཔེ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་སྤྱི་ཁོག་ཏུ་བཟུང་ནས་རྩོམ་རིག་གཞུང་ལུགས་དང་། དེ་མིན་རྩོམ་རིག་དང་འབྲེལ་བ་ཟབ་པའི་རིག་ཚན་གཞན་པ་སྟེ་དཔེར་ན་མི་ཆོས་རིག་པ་དང་།  སེམས་ཁམས་རིག་པ།  མཛེས་རྟོག་རིག་པ།   མིའི་རིགས་རིག་པ་སོགས་ཀྱི་མིག་དབང་ཐོག་ནས་ཁོང་གི་སྒྲུང་གཏམ་གསར་རྩོམ་ཁྲོད་ཀྱི་བརྗོད་བྱ་གདམ་གསེས་དང་།  བྱུང་རིམ་བཀོད་སྒྲིག་བྱེད་སྟངས། མི་སྣའི་སྣང་བརྙན་གསར་བཞེངས་བྱེད་སྟངས།  ཁོར་ཡུག་བཀོད་འབྲི་བྱེད་ཐབས།  དེ་མིན་ཁོང་གི་བརྩམས་སྒྲུང་གསར་རྩོམ་ཁྲོད་ཀྱི་མི་འདང་སའི་གནས་སོགས་ལ་རང་བློས་ལྕོགས་ཚོད་ཀྱིས་ཅུང་ཟད་གླེང་ཁུལ་བྱས་ཡོད།
【བརྡ་ཆད་གཙོ་བོ】  སྟག་འབུམ་རྒྱལ།  བརྩམས་སྒྲུང་། གསར་རྩོམ། ཁྱད་ཆོས།

གླེང་གཞི།

        དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བའི་མགོ་ནས་བཟུང་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། བོད་ཀྱི་དེང་རབས་རྩོམ་རིག་ལའང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་དགེ་མཚན་ཉམས་དགའ་བ་ཤར་ཅིང་། དེར་སྔར་ན་མེད་པའི་འཕེལ་རྒྱས་ཀྱི་གོམ་སྟབས་ཤིག་འཕྱུར་བ་སྟེ།   སྐུ་ཞབས་དོན་གྲུབ་རྒྱལ་གྱིས་བོད་ཀྱི་རྩོམ་རིག་གསར་བའི་སྒོ་མོ་ཕྱེས་ཤིང་། བོད་ཀྱི་རྩོམ་རིག་གི་ལམ་བུའི་ཐོག་གཟི་འོད་འཕྲོ་བའི་ངོ་མཚར་གྱི་ལོ་རྒྱུས་གསར་བ་ཞིག་གཏོད་པ་རེད། དེ་ནས་བཟུང་། རང་མི་རིགས་ལ་རྩོམ་པ་པོ་རྒན་དར་གཞོན་གསུམ་ཆར་ཤུལ་གྱི་ཤ་མོང་བརྡོལ་བ་ཇི་བཞིན་གཅིག་རྗེས་གཉིས་མཐུད་ངང་སྐྱེད་སྲིང་ཐུབ་ནས། ཁོ་ཚོས་བླ་མ་དམ་པའམ་མཁས་བཙུན་བཟང་གསུམ་གྱི་ཕྱི་ནང་གསང་གསུམ་དང་མཁྱེན་བརྩེ་ནུས་གསུམ།  སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་ལ་བསྔགས་བརྗོད་དང་། མི་བུ་རང་ག་བ་ཞིག་གི་མི་ཚེའི་རྣམ་ཐར་རྩོམ་གྱི་བརྗོད་བྱར་བཀོད་པའི་སྲོལ་རྒྱུན་བརྩམས་སྒྲུང་ལས་འདའ་འགོངས་མཛད་ཅིང་། ལྷ་གཤིས་ལས་བརྒལ་བའི་མི་གཤིས་ཀྱི་ཁྱད་ཆོས་དང་། འགྲོ་བ་མིའི་འཚོ་གནས་བྱེད་ཡུལ་གྱི་སྤྱི་ཚོགས་འཚོ་བའི་གྲུ་ཁ་གང་སར་སྨྱུག་ཁ་བཀོལ་ཏེ་ཡུལ་དུས་ངེས་ཅན་གྱི་བོད་ཀྱི་སྤྱི་ཚོགས་འཚོ་བ་བརྗོད་གཞིར་བཟུང་ནས་མི་རིགས་འདིའི་རྩོམ་རིག་འཕེལ་རྒྱས་ཀྱི་སླད་དུ་རང་གི་ནུས་པ་བླ་ལྷག་ཏུ་འདོན་སྤེལ་གནང་སྟེ། རྩོམ་རིག་བརྩམས་ཆོས་འབོར་ཆེན་ཅིག་གསར་རྩོམ་གནང་ཡོད་པས།   དེ་ནི་དངོས་གནས་དགའ་འོས་པའི་དོན་དག་ཅིག་ཏུ་འཁུམས་སོ།། འོན་ཀྱང་། དེང་གི་རྩོམ་རིག་ལམ་བུའི་ཐོག  རང་མི་རིགས་ཀྱི་རྩོམ་རིག་བརྩམས་ཆོས་ལ་ཞིབ་འཇུག་བྱེད་མཁན་གྱི་ཆེད་ལས་དཔྱད་བརྗོད་པ་དང་ཞིབ་འཇུག་པ་ཉུང་བ་དང་། འབྲེལ་ཡོད་རྩོམ་རིག་གཞུང་ལུགས་ཀྱི་རྨང་གཞིའི་ཆུ་ཚད་མཐོ་བའི་དཔྱད་བརྗོད་པ་ཉུང་བའི་དངོས་ཡོད་གནས་ཚུལ་འོག་བོད་ཀྱི་རྩོམ་པ་པོའི་གསར་རྩོམ་དང་དེ་ལ་ཞིབ་འཇུག་བྱེད་མཁན་གྱི་དཔྱད་བརྗོད་པ་གཉིས་ཀྱི་ལས་ཀའི་གོམ་སྟབས་ད་དུང་དོ་མི་མཉམ་པར། རྩོམ་རིག་དཔྱད་བརྗོད་དེ་རྩོམ་རིག་གསར་རྩོམ་གྱི་རྗེས་སུ་ལུས་ནས། དཔྱད་བརྗོད་པས་རྩོམ་རིག་གསར་རྩོམ་ལ་འཇུག་མཁན་གྱི་རྩོམ་པ་པོ་རྣམས་ལ་དགོས་ངེས་ཀྱི་མཛུབ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་གྱི་མེད་པས། རང་ཅག་གི་རྩོམ་རིག་འཕེལ་རྒྱས་ཀྱི་གོམ་སྟབས་དེ་རྒྱལ་སྤྱི་རྒྱལ་ནང་དང་བསྡུར་ན་ད་དུང་རྒྱང་ཐག་རིང་ཞིང་། བརྩམས་ཆོས་མང་པོ་ཞིག་རང་རེའི་ཉག་ཕྲ་བའི་རྩོམ་རིག་གི་དམིགས་གསལ་ཁོར་ཡུག་དེའི་ནང་བཞག་ནས་དཔྱད་པ་བཏང་ན་རིན་ཐང་དང་གོ་གནས་ངེས་ཅན་ཡོད་པར་བསམས་ཀྱང་རྩོམ་རིག་རང་གི་ཚད་གཞི་དང་གཞུང་ལུགས་ངེས་ཅན་ཞིག་ལ་གཞི་བཅོལ་ནས་དཔྱད་པ་བཏང་ན་དེ་འདྲའི་གདེང་འཇོག་བྱེད་རིན་ཡོད་པ་མ་རེད། སྣང་ཚུལ་དེ་ལ་སེམས་ན། རང་རེའི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་རྒྱལ་སྤྱི་རྒྱལ་ནང་གི་རྩོམ་རིག་སྤྱིའི་འཕེལ་ཕྱོགས་ཀྱི་གོམ་སྟབས་ལ་རྗེས་བསྙེགས་ཐུབ་ཀྱི་མེད་པས། དངོས་གནས་ཡིད་ཕམ་དགོས་པའི་གནས་སུ་ལྷུང་ཡོད། མི་རིགས་ཤིག་གི་རྩོམ་རིག་འཕེལ་རྒྱས་ཀྱི་ལྗིད་ཚད་དེ་གཙོ་བོ་བརྩམས་སྒྲུང་སྟེང་ནས་གཞལ་དགོས་ཀྱི་ཡོད་ན། བརྩམས་སྒྲུང་ནི་མི་རིགས་ཤིག་གི་ཡུལ་དུས་ངེས་ཅན་ཞིག་གི་སྤྱི་ཚོགས་འཚོ་བ་མཚོན་པའི་ཀུན་གསལ་མེ་ལོང་དུ་ངེས་པས། ཁོ་བོས་འདི་གར་བོད་ཀྱི་དེང་རབས་བརྩམས་སྒྲུང་གི་ལོ་རྒྱུས་ཐོག་གོ་གནས་དང་ཤུགས་རྐྱེན་ངེས་ཅན་ལྡན་པའི་རྩོམ་པ་པོ་སྟག་འབུམ་རྒྱལ་ལགས་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་བརྩམས་སྒྲུང་དག་སྤྱི་ཁོག་ཏུ་བཟུང་ནས་དཔྱད་པ་ཅུང་ཟད་བགྱི་བའོ།།  “སྤྱིར་རིག་ཚན་གང་དང་གང་ཡིན་ཡང་ཞིབ་འཇུག་བྱེད་ཐབས་ལ། སྤྱིའི་ཆ་ནས་དང་བྱེ་བྲག་གི་ཆ་ནས་ཏེ་གཉིས་ཡོད་པ་བཞིན་རྩོམ་རིག་ཞིབ་འཇུག་ཀྱང་དེ་ལས་མ་འདས”【1】ཞེས་སྒྲུང་གཏམ་ནས་གཙོས་པའི་རྩོམ་རིག་བརྩམས་ཆོས་ལ་ཞིབ་འཇུག་བྱེད་ཐབས་ལ་སྤྱིར་བཏང་དུ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་དེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བདུད་ལྷ་རྒྱལ་ལགས་ཀྱི《བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ》ཅེས་པ་ལྟ་བུ་སྤྱིའི་སྒོ་ནས་བརྩམས་སྒྲུང་ལ་ཞིབ་འཇུག་བྱེད་ཐབས་དང་།  དེ་མིན་ལྷ་བྱམས་རྒྱལ་གྱི《ལམ་གྱི་ཉི་འོད་ཅེས་པའི་བརྩམས་སྒྲུང་གི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་མཚོན་ཐབས་ལ་དཔྱད་པ》ཞེས་པ་ལྟ་བུ་བརྩམས་སྒྲུང་བྱེ་བྲག་པར་དཔྱད་པ་གཏོང་ཚུལ་ཡིན། དེ་མིན་བརྩམས་ཆོས་གཉིས་ལྷན་དུ་གཤིབ་བསྡུར་གྱི་ལམ་ནས་དཔྱད་པ་གཏོང་ཐབས་ཀྱང་ཡོད་དེ། དཔེར་ན《ལུའུ་ཞུན་གྱི་ཨQདང་ར་ལོའི་སྣང་བརྙན་གྱི་གཤིབ་བསྡུར》ཅེས་པ་ལྟ་བུའོ། བོད་ཀྱི་རྩོམ་རིག་ཞིབ་འཇུག་ཏེ་ལྷག་པར་དུ་བརྩམས་སྒྲུང་ཞིབ་འཇུག་གི་གནས་བབ་ལ་བལྟས་ན། ཕལ་ཆེ་བ་རྩོམ་པ་པོ་ག་གེ་མོ་ཞིག་གི་བརྩམས་ཆོས་བྱེ་བྲག་པ་ཞིག་གནད་དུ་བཟུང་ནས་དཔྱད་པ་གཏོང་བ་ལས་རྩོམ་པ་པོ་ཆེ་གེ་མོའི་བརྩམས་ཆོས་སྤྱི་ཁོག་ཏུ་བཟུང་ནས་ཞིབ་འཇུག་བྱེད་པའམ་རྩོམ་པ་པོ་ཆེ་གེ་མོར་དཔྱད་པ་གཏོང་མཁན་ཅུང་ཟད་ཉུང་བ་ཡིན་ཏེ། དཔེར་ན《རང་གྲོལ་ཞིབ་འཇུག》དང་།  《ཚེ་རིང་དོན་གྲུབ་ཀྱི་བརྩམས་སྒྲུང་ཞིབ་འཇུག》ཅེས་པ་སོགས་ཀྱི་དཔེ་ཆ་དཔར་སྐྲུན་བྱས་ཡོད་ཀྱང་། ཁོ་ཚོ་ཕལ་ཆེ་བས་རྩོམ་པ་པོ་གང་དེའི་བརྩམས་ཆོས་བྱེ་བྲག་པ་གནད་དུ་བཟུང་ནས་དཔྱད་པ་བྱེད་ཐབས་ལས་མ་འདས་པས། རྩོམ་པ་པོ་གང་ཞིག་གི་བརྩམས་ཆོས་དཔྱད་རིན་ཡོད་པ་དག་སྤྱི་ཁོག་ཏུ་བཟུང་ནས་དཔྱད་པ་གཏོང་བ་ནི་རང་ཅག་ལ་མཚོན་ན་ད་དུང་རྩོམ་རིག་ཞིབ་འཇུག་ཁྲོད་ཀྱི་སྟོང་ཆ་ཞིག་ཏུ་ལུས་འདུག་སྙམ། གནད་དོན་དེའི་དབང་གིས་ཁོ་བོས་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་ལ་སྤྱི་ཁོག་གི་ཚུལ་དུ་དཔྱད་པ་གཏོང་ཁུལ་བྱས་པ་ཡིན། དེ་ཡང་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་ནི1966ལོར་མདོ་སྨད་མང་གཞུང་བན་ཤུལ་རུ་སྡེར་སྐུ་འཁྲུངས་ཤིང་། 1990ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད། ཁོང་ནི་སྤྱི་ལོ་1987ལོ་ནས་བཟུང་སྟེ་སྒྲུང་གཏམ་གསར་རྩོམ་གྱི་ལས་ལ་ཐོག་མར་བཞུགས་ཤིང་། ད་རེག་བར་དུ《སྦྲང་ཆར》དང《མི་རིགས་རྩོམ་རིག》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《ཟླ་ཟེར》 《མཚོ་སྔོན་བོད་ཡིག་གསར་འགྱུར》《མང་ཚོགས་སྒྱུ་རྩལ》ལ་སོགས་པའི་དུས་དེབ་དང་ཚགས་པར་ཐོག་ཏུ་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་ཁྱོན70ལྷག་སྤེལ་མྱོང་ཞིང་། སྔ་ཕྱིར་སྐབས་གཉིས་པ་དང་། བཞི་པ། ལྔ་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནང་བའི་སྐབས་བཞི་པ་དང་ལྔ་པའི“ཕུལ་བྱུང་རྩོམ་རིག་བྱ་དགའ།”《ཟླ་ཟེར》སྤེལ་ནས་ལོ20འཁོར་བའི“ཕུལ་བྱུང་རྩོམ་རིག་བྱ་དགའ།”སྐབས་གཉིས་པའི་རྒྱལ་ཡོངས“གངས་རྒྱན་བུམ་པའི”བོད་ཀྱི་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“འབྲོང”བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ། རྒྱ་ཡིག་གི《མཚོ་སྔོན་པོའི》རྩོམ་རིག་བྱ་དགའ་དང་། 《མི་རིགས་རྩོམ་རིག》གི་བྱ་དགའ་ལ་སོགས་བྱ་དགའ་ཐེངས་མང་ཐོབ་མྱོང་།  ཁོང་གི་དཔེ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ལ་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》དང་། སྒྲུང་འབྲིང་ཕྱོགས་བསྒྲིགས《ཁ་བ་མེད་པའི་དགུན་ཁ》སྒྲུང་ཐུང་ཕྱོགས་བསྒྲིགས《མི་རབས་གསུམ་གྱི་རྨི་ལམ》སོགས་ཡོད།    ཁོང་ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པའི་ཁོངས་མི་ཡིན་ཞིང་། ཁོང་གི་སྒྲུང་གཏམ་སྐོར་ཞིག་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ཏུ་བདམས་པ་དང་།དབྱིན་ཇི་དང་འཇར་མན། ཧྥ་རན་སེ། འཇར་པན་སོགས་ཀྱི་ཡི་གེར་བསྒྱུར་ཡོད་པའོ།། གཤམ་དུ་ཁོང་གི་བརྩམས་སྒྲུང་རིང་འབྲིང་ཐུང་གསུམ་གྱི་གསར་རྩོམ་གྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་པར་བྱའོ།             
དང་པོ།  སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་གསར་རྩོམ་གྱི་ཁྱད་ཆོས་རགས་བཤད།
        སྟག་འབུམ་རྒྱལ་ནི་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་ཚང་མའི་ཐོག་ནས་བརྩམས་སྒྲུང་གསར་རྩོམ་ལ་འཇུག་མཁན་གྱི་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོའི་སྒྲུང་ཐུང་གསར་རྩོམ་ནི་སྒྲུང་རིང་འབྲིང་གཉིས་ལས་ཁྱད་དུ་འཕགས་པར་སེམས་ཤིང་། ཁོའི་སྒྲུང་གཏམ་གསར་རྩོམ་གྱི་ངོས་ནས་བཤད་ན། སྒྲུང་ཐུང་གསར་རྩོམ་གྱི་ཐད་ལ་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད། ཁོའི་སྒྲུང་ཐུང་གསར་རྩོམ་གྱི་ངོས་ནས་བཤད་ན། སྒྲུང་རྩོམ་དག་ནང་དོན་གྱི་ཆ་ནས་སྐྱབས་ཆེན་བདེ་གྲོལ་གྱི《གླུ་སྐད་སྐྱ་བོ》བཞིན་ཀློག་དཀའ་བ་ཞིག་མ་ཡིན་ལ། སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས་བཤད་ན། དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཕལ་ཆེ་བ་ནང་བཞིན་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་ཐབས་ལམ་ནས་བྲིས་པ་ཁོ་ན་མ་ཡིན་པར། སྒྱུ་རྩལ་མཚོན་ཐབས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་དེ། ཁོའི་མཚོན་ཐབས་ལ་དངོས་ཡོད་དགག་སྒྲུབ་རིང་ལུགས་ཡོད་ལ། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱང་ཡོད། དེང་རབས་རིང་ལུགས་ཀྱི་མཚོན་ཐབས་ཀྱང་ཡོད་པས། ཁོའི་བརྩམས་སྒྲུང་དག་བརྩམས་སྒྲུང་གསར་བ་བོད་ལ་ཐོག་མར་དར་སྐབས་ཀྱི་བརྩམས་ཆོས་དག་དང་བསྡུར་ན་ནང་དོན་དང་རྣམ་པ་གང་རུང་ནས་རིམ་པ་གཅིག་གི་འཕེལ་རྒྱས་སུ་ཕྱིན་ཡོད་ལ།  སྲོལ་རྒྱུན་བརྩམས་སྒྲུང་དག་དང་བསྡུར་ནའང་བརྗོད་བྱ་དང་རྗོད་བྱེད་ཚིག་སྦྱོར་གང་ཐད་ནས་བཤད་ཀྱང་ཅུང་ཟད་མི་འདྲ་བར་བརྩམས་སྒྲུང་གསར་བའམ་དེང་རབས་བརྩམས་སྒྲུང་གི་རང་མདངས་མངོན་པར་བྱས་ཡོད་པ་སྟེ། སྲོལ་རྒྱུན་བརྩམས་སྒྲུང་བཞིན་མི་རྣམས་ལ་འཁོར་བ་ནི་སྡུག་བསྔལ་དང་མི་སྡུག་པའི་ཞིང་ཁམས་ཡིན་པ་སོགས་འཁོར་བའི་ཉེས་དམིགས་འབའ་ཞིག་བསྟན་ནས་མི་རྣམས་ཀྱི་བློ་ཁ་དམ་པའི་ཆོས་ལ་ཁ་ལོ་བསྒྱུར་བ་དང་། བླ་མའམ་དཔའ་བོ་སོགས་མི་བུ་ཁྱད་པར་བ་ཞིག་གི་མཛད་རྗེས་ལ་བསྟོད་པ་དང་། དེ་དག་གི་ལོ་རྒྱུས་བརྗོད་པ་ཁོ་ན་མ་ཡིན་པར་གཞི་རིམ་དུ་འཚོ་གནས་ལ་རོལ་བའི་རོང་འབྲོག་མང་ཚོགས་དཀྱུས་མའི་རྒྱུན་གཏན་འཚོ་བ་བརྗོད་བྱར་བཀོད་ནས་དེ་དག་ལ་གདམ་གསེས་དང་གཙོ་སྦྱང་གསར་བཟོ་བྱས་ཏེ་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དག་བརྩམས་ཆོས་སུ་བཀོལ་ཡོད་པས། ཁོའི་རྩོམ་ལ་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་དྲི་ངད་ལྷང་ལྷང་དུ་འཐུལ་རྒྱུ་ཡོད། དེས་མ་ཟད། ཁོས་དངོས་ཡོད་འཚོ་བའི་བདེན་པ་དེ་སྒྱུ་རྩལ་གྱི་བདེན་པར་མཐོར་འདེགས་བྱས་ནས་འཚོ་བའི་ཁྲོད་ཀྱི་བདེན་དངོས་དང་། བབ་ཆགས། འཚོ་བ་དངོས་ཀྱི་རོ་བཅུད་ལྡན་པའི་ནང་དོན་དག་བརྩམས་ཆོས་སུ་བཀོལ་བས། དེས་ང་ཚོར་བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་གཟིགས་མོར་བཤམས་ཤིང་། ང་ཚོར་འཚོ་བ་དངོས་དང་བར་ཐག་ཉེ་བའི་ཚོར་སྣང་ཟབ་མོ་ཞིག་ངམ་ཤུགས་ངང་སྦྱིན་པར་བྱེད་ལ། བདེན་པ་བདེན་ཐུབ་ཀྱི་སྣང་བ་ཞིག་སྦྱིན་པར་བྱེད་པས་ང་ཚོའི་ཡིད་དབང་འགུག་ཤུགས་ཆེས་ཆེར་ལྡན་ཡོད། དེ་ནི་ཁོང་གིས་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་བའི་གནས་བབ་དངོས་ལ་གདོང་གཏད་དེ་འཚོ་བ་དངོས་ལ་ཉམས་ལེན་དང་། མིག་རྒྱང་བསྲིངས་པའི་འབྲས་བུ་ཤ་སྟག་རེད། དེ་ཡང་ཡིན་ཏེ། རྩོམ་རིག་གི་འབྱུང་ཁུངས་ནི་སྤྱི་ཚོགས་འཚོ་བ་ཡིན་པ་དང་།  སྤྱི་ཚོགས་འཚོ་བ་བརྗོད་བྱར་བཟུང་བའི་བརྩམས་ཆོས་ཤིག་ལ་ཆ་མཚོན་ནས་བཤད་ན། འཚོ་བའི་རྫི་ངད་སྟུག་པོ་ཞིག་ངེས་པར་དུ་མཁོ་ངེས་པ་ཡིན་ལ། དེས་མིའི་འཚོ་གནས་དང་འཚོ་སྡོད་ཀྱི་དགོས་མཁོར་བསྟུན་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་སྣའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་མཐའ་དག་ཡུལ་ཅན་རྩོམ་པ་པོ་རང་གི་ལུས་ཐོག་ཏུ་འཕོས་ནས་ཚོར་ཤེས་དང་རྣམ་རིག་སྐྱེན་པོས་དེ་དག་ཉམས་སུ་མྱོང་ཐུབ་པ་དགོས་པ་ཡིན། དེའི་ཉིང་དགོས་ཇི་ལྟ་བུ་ཞིག་ཡིན་ཟེར་ན། “དེ་ནི་རྩོམ་པ་པོ་དག་གིས་སྣེ་མང་རྙོག་འཛིང་གི་དངོས་ཡོད་འཚོ་བ་དང་འགྱུར་ལྡོག་སྣ་མང་གི་དངོས་ཡོད་སྤྱི་ཚོགས་ཁྲོད་ནས་གནས་སྟངས་མི་འདྲ་བའི་གནད་དོན་མང་པོ་ཞིག་བསམ་གཞིག་གི་གཏིང་མཐིལ་ལ་རེག་ཅིང་སྒྱུ་རྩལ་གྱི་ལས་སྣོན་བགྱིས་ཏེ། ཕྱིར་འཚོ་བའི་བག་མེད་ཀྱི་གཡང་དང་འཆལ་སྤྱོད་ཀྱི་འདམ། ཚུལ་འཆོས་ཀྱི་རྒྱ། མི་གཤིས་ལ་འཁྱོག་སྒྱུར་ཐེབས་ཤིང་སེམས་པར་ནག་ནོག་འགོས་པའི་གནས་དག་ལས་བསྐྱབས་ཏེ། བདེ་ཐང་གི་མི་གཞི། མཛེས་སྡུག་གི་མི་གཤིས། ཞུམ་མེད་ཀྱི་སྙིང་སྟོབས་སོགས་མིའི་རྣམ་ཤེས་ཀྱི་ནང་དང་བླ་སྲོག་གི་དཀྱིལ་དུ་འཇུག་རྒྱུ་དེ་ཡིན་སྙམ”【2】ཞེས་པ་ལྟར་ཡིན་པའོ། ཡང་གཅིག་བཤད་ན། “ངེས་པ་དོན་གྱི་རྩོམ་པ་པོ་དག་ནི་དཔེ་མང་བཀླགས་ཀྱང་ཤེས་བྱའི་བྲན་དུ་མ་གྱུར་ལ། གཞུང་ལུགས་རྟོགས་ཀྱང་གཞུང་ལུགས་ཀྱི་གཟེབ་ཏུ་མ་ཚུད་པའི་ངང་ལ་རང་གི་ཁྱད་པར་བའི་གསར་རྩོམ་གྱི་ལས་ལ་འཇུག་པ་སྟེ། ཕུལ་དུ་བྱུང་བའི་རྩོམ་པ་པོ་དག་གི་འཚར་ལོངས་ཀྱི་བརྒྱུད་རིམ་ནི་སྔ་རབས་པས་གསར་སྐྲུན་བྱས་པའི་འབྲེལ་ཡོད་ཤེས་བྱ་དག་ལ་འཐིམ་ཞིང་བརྒྱུད་པའི་མི་ཚེའི་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་དོགས་སློང་དང་དགག་སྒྲུབ།  རང་དབང་གི་སྙིང་སྟོབས་དང་ལྡན་ཞིང་།  རྣམ་དཔྱོད་ཀྱི་བློ་མིག་དང་གསར་གཏོད་ཀྱི་འཇོན་ནུསཀྱིས་ཕྱུག་པའི་ཚུགས་ཐུབ་རང་གཤིས་ཅན་གྱི་“མི”རུ་འགྲེང་བའི་བརྒྱུད་རིམ་ཉིད་དོ”【3】ཞེས་པ་བཞིན། རྩོམ་པ་པོ་ཁོང་གིས་ཀྱང་གཞུང་ལུགས་དང་སྔར་འདས་ཀྱི་རྩོམ་པ་པོ་དག་གི་གསར་རྩོམ་བྱས་པའི་འབྲེལ་ཡོད་ཤེས་བྱའི་གནས་ལ་ནང་བྱན་ཆུད་པའི་སྒོ་ནས་དེ་དག་གི་ལེགས་ཆ་བསྡུ་ལེན་དང་རང་ཉིད་ཀྱི་ཚོར་བ་སྐྱེན་པོ་དང་གསར་གཏོད་ལ་བརྟེན་ནས་འཚོ་བའི་གདོང་རིས་དངོས་དེ་སྒྱུ་རྩལ་གྱི་ལམ་ནས་མཚོན་པར་བྱས་ནས། ཁེ་གྲགས་ཀྱི་བྲན་དུ་མ་གྱུར་བར་རང་ཚུགས་ཐུབ་པའི་མི་བུ་སྒལ་ཚིགས་ཅན་ཞིག་དང་། འགན་འཁྲིའི་འདུ་ཤེས་ཅན་ཞིག་གི་ངོས་ནས་གསར་རྩོམ་ལ་འཇུག་པའི་འབྲས་བུ་ཉག་གཅིག་ཡིན་པའོ།     ཁོའི་བརྩམས་ཆོས་ལ“བདག་གི་བརྩམས་ཆོས་ལས་ཁྱེད་ཀྱི་རྣམ་ཤེས་མཐོང་ཐུབ་ལ། ཁྱེད་ཀྱི་བརྩམས་ཆོས་ལས་བདག་གི་གྲིབ་གཟུགས་མཐོང་ཐུབ་པའི་ཉམས་སྣང་ཞིག་སྟེར་ཐུབ”【4】ཅེས་པའི་སྐད་ཆ་དེ་ཤིན་ཏུ་འཕྲོད། ལྷག་པར་དུ་རྩོམ་པ་པོ་ཁོང་ལ་ཆ་མཚོན་ནས་བཤད་ན། ཁོ་ནི་འབྲོག་ཁུལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་བ་དང་། རོང་འབྲོག་ཁུལ་དུ་ཕྱག་ལས་གནང་བས་རོང་འབྲོག་མང་ཚོགས་ཚོ་དང་ལྷན་དུ་སྐྱིད་སྡུག་འདྲེས་མའི་མི་ཚེའི་ལམ་བུར་བཞུགས་པས། དེས་ཁོང་ལ་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཅིང་། རོང་འབྲོག་མང་ཚོགས་ལ་དམིགས་པའི་དམིགས་བསལ་གྱི་བསམ་བློའི་འདུ་ཤེས་དང་རང་ཕྱོགས་ཀྱི་ལྟ་ཚུལ། བསམ་པའི་རྒྱགས་ཕྱེ་དུ་མ་སྐྱེད་སྲིང་གསོག་འཇོག་ཐུབ་ངེས་པས། ཁོའི་བརྩམས་སྒྲུང་ཕལ་མོ་ཆེ་རོང་འབྲོག་མང་ཚོགས་དང་འབྲེལ་བ་ཟབ་པ་སྨོས་མེད་ཡིན་ཞིང་། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་དྲི་ངད་ལྷང་ལྷང་དུ་འཐུལ་རྒྱུ་ཡོད་པའང་སྨྲ་མི་དགོས་ལ་དོན་དམ་དུའང་དེ་ལྟར་རོ།། “རྩོམ་མཁན་དེ་རིགས་ཀྱིས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་རང་གི་མིག་ཟུང་གཏད་དེ་སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་སྤྱིར་བཏང་གི་མི་སྣའི་གཤིས་རྒྱུད་དང་སེམས་ཁམས། བྱ་བྱེད་སོགས་ཀྱི་ཐད་ནས་སྤྱིར་བཏང་མ་ཡིན་པ་དང་དོན་ཆུང་མ་ཡིན་པའི་གནད་དོན་སྔོག་འཚོལ་བྱས”【5】ཡོད་པ་རེད་ལ།འབྲོག་ཁུལ་གྱི་འཚོ་བའི་མཁའ་དབུགས་སྟུག་པོས་ཁོའི་གསར་རྩོམ་ལ་རྙེད་དཀའ་བའི་རྩ་ཆེའི་རྒྱུ་ཆ་གང་མང་མཁོ་འདོན་བྱས་ཡོད་པ་རེད།
        དེ་ཡང་ཡིན་ཏེ། རྩོམ་པ་པོ་ཞིག་གིས་བརྩམས་ཆོས་ལེགས་པོ་ཞིག་བརྩམས་ཐུབ་མིན་ནི་གཅིག་ནས་རྩོམ་པ་པོ་འཚོ་གནས་བྱ་ཡུལ་གྱི་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། གཉིས་ནས་རྩོམ་པ་པོའི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་ཕུན་སུམ་ཚོགས་པོ་ཡོད་མེད་དང་། སྐད་ཆའི་སྒྱུ་རྩལ་གྱི་མཚོན་ཐབས་ལ་རགས་ལས་ཡོད་པ་རེད། དེ་ཡང“སྤྱི་ཚོགས་ཀྱི་འཚོ་བ་ནི་རྒྱ་ཆེ་ལ་ཕུན་སུམ་ཚོགས་པ་ཞིག་ཡིན་པས།  རྩོམ་རིག་གི་བརྗོད་བྱའི་ཐད་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་ཟད་མཐའ་མེད་པ་ཞིག་ཡིན། འོན་ཀྱང་རྩོམ་པ་པོས་དེ་དག་ལ་བླང་དོར་མེད་པར་མ་ལུས་གཅིག་ཏུ་བསྡུས་ནས་ཤེས་བྱའི་ཐོག་ཏུ་བཀོད་ན་དེ་ནི་བྱེ་ཐང་ནང་དུ་འདྲེས་པའི་གསེར་བྱེ་བཞིན་ཡོད་ཚུལ་ཤེས་པ་ལས་དོན་དུ་བེད་སྤྱོད་ཀྱི་རིན་ཐང་མེད་པ་དང་།  ཀློག་པ་པོའི་དགོས་མཁོ་ཡང་སྐོང་མི་ཐུབ་པ་ཞིག་ཆགས་རྒྱུ་རེད། དེར་བརྟེན། བརྩམས་འབྲས་ཤིག་གི་ལེགས་སྒྲུབ་དང་ཕམ་ཉེས་ཇི་ཡོང་གི་འགག་རྩ་ནི་བརྗོད་བྱ་གདམ་གསེས་བྱ་རྒྱུ་དེ་གནད་དུ་འཁེལ་བ་ཞིག་དང་དངོས་ཡོད་དང་དུས་ལ་བབས་པ་ཞིག་བྱུང་མིན་ལ་རགས་ལས་ཡོད”【6】ཅེས་པ་བཞིན། རྩོམ་པ་པོ་ཞིག་ལ་ཆ་མཚོན་ན། འཚོ་བ་དངོས་གནས་བྱུང་བའི་བརྗོད་བྱ་དག་ལ་གདམ་གསེས་དང་གཙོ་སྦྱང་བྱ་དགོས་པ་ལས། གང་བྱུང་དུ་འཚོ་བའི་སྣང་བརྙན་ཡོད་དོ་ཅོག་རྩོམ་ལ་བཀོད་ན་དེ་ནི་རྒྱ་མཚོའི་ངོས་ཀྱི་ཆུ་ཐིགས་ཁྲག་ཁྲིག་ཇི་བཞིན་ཆུ་ཡིས་གང་ཡང་བ་ཚྭའི་དྲི་ངད་ལྡན་པས་སྐོམ་སེལ་དུ་མི་རུང་བ་བཞིན། རྩོམ་པ་པོའི་བརྗོད་པར་འདོད་པའམ་མཚོན་པར་འདོད་པའི་བསམ་བློ་དངོས་དེ་ཀློག་མཁན་གྱི་ཉམས་སུ་མྱོང་དཀའ་བ་ཡིན། རྩོམ་པ་པོ་སྟག་འབུམ་རྒྱལ་ལ་མཚོན་ན་དེའི་ཐད་སྙིགས་དོར་བཅུད་ལེན་བྱས་པ་ཅུང་ཟད་ལེགས་པར་མཐོང་། ཡོ་རོབ་ཀྱི་རོ་མ་བཙན་པོའི་རྒྱལ་ཁབ་ཀྱི་སྙན་ངག་པ་ཧ་ལ་སིས། “ཁྱེད་ཚོ་རྩོམ་འབྲི་བྱེད་མཁན་ཚོས་བརྗོད་བྱ་གདམ་གསེས་སྐབས་ངེས་པར་དུ་ཁྱེད་ཚོའི་སྟོབས་ཤུགས་ཀྱི་ནུས་པ་ཞིག་གདམ་དགོས་ཤིང་། གང་ཞིག་ནི་ཕྲག་པར་ཐེག་ནུས་པ་དང་གང་ཞིག་ནི་ཐེག་མི་ནུས་པའི་ཐད་ལ་བསམ་གཞིག་ཡག་པོ་བྱ་དགོས།  གལ་ཏེ་ཁྱེད་ཀྱིས་གདམ་གསེས་བྱས་པའི་དོན་དེ་རང་གི་ནུས་པས་ཐེག་པ་ཞིག་ཡིན་ན་རང་ཤུགས་ཀྱིས་མིང་ཚིག་དང་ཐ་སྙད་རྣམས་ཀྱང་ཐོགས་པ་མེད་པ་ཞིག་ཡོང་གི་རེད”【7】ཅེས་པ་ལྟར། རྩོམ་པ་པོ་ཁོང་གིས་ཀྱང་རང་ཉིད་ལ་རྒྱུས་མངའ་ཟབ་ལ་འབྲེལ་འདྲིས་ཆེ་བའི་རོང་འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་དག་བརྗོད་བྱར་བཀོད་ནས་བརྩམས་སྒྲུང་གསར་རྩོམ་ལ་འཇུག་པ་ནི་དངོས་གནས་རང་ཉིད་ཀྱི་ཞལ་ལ་འཚམས་པའི་ཚེམས་ཕྲེང་ཞིག་གསར་དུ་བསྒྲིགས་པ་དང་ཨ་ན་མ་ན་ཡིན་ཞིང་། ཁོང་གིས་བརྗོད་བྱ་འདེམས་སྒྲུག་བྱེད་སྐབས་རང་ཉིད་ཀྱིས་བདམས་པའི་བརྗོད་བྱ་གང་དེར་རྒྱུས་ལོན་དང་ངེས་ཤེས་ཟབ་མོ་ཡོད་དགོས་པ་དང་། རང་གི་བྱང་ཆ་ལྡན་པའི་བརྗོད་བྱ་འདེམས་སྒྲུག་བྱ་རྒྱུ་དེ་གལ་ཆེན་ཡིན་པའི་གནས་ལུགས་དེ་གསལ་པོར་མཁྱེན་ཡོད།     གཤམ་དུ་སྟག་འབུམ་རྒྱལ་གྱི་སྒྲུང་ཐུང་གསར་རྩོམ་གྱི་སྐོར་ལ་རགས་ཙམ་གླེང་བར་བྱའོ།། སྤྱིར་བོད་ཀྱི་བརྩམས་སྒྲུང་ལ་ཆ་མཚོན་ནས་བཤད་ན། སྒྲུང་རིང་དང་སྒྲུང་འབྲིང་། སྒྲུང་ཐུང་གསུམ་གྱི་དབྱེ་བ་འབྱེད་དཀའ་བའི་གནས་སུ་གྱུར་འདུག་སྟེ།  ཡིག་ཚོགས་མང་ཉུང་གི་ཕྱི་ངོས་ཀྱི་ཁྱད་པར་ཙམ་མ་གཏོགས་སྒྲུང་རིང་འབྲིང་ཐུང་གསུམ་ལས་གང་ཞིག་སྒྲུང་རིང་དང་། གང་ཞིག་སྒྲུང་འབྲིང་། གང་ཞིག་སྒྲུང་ཐུང་ཡིན་པའི་ཁྱད་པར་འབྱེད་དཀའ་ལ། ལྷག་པར་དུ་བརྩམས་ཆོས་མང་པོ་ཞིག་ལ་ཆ་མཚོན་ན་སྒྲུང་ཐུང་འབྲིང་གཉིས་ཀྱི་ཁྱད་པར་དེ་བས་འབྱེད་དཀའ། བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་ཅོ་ནེ་ཡུམ་ཚེ་རིང་གིས་ཀྱང་། “སྒྲུང་འབྲིང་དང་སྒྲུང་ཐུང་གཉིས་ཀྱི་རྩ་བའི་ཁྱད་པར་ནི་ངའི་ལྟ་ཚུལ་ཡིན་ན་གཙོ་བོ་ཡིག་ཚོགས་ཀྱི་མང་ཉུང་ཡིན་པ་ལས། རྗོད་བྱེད་ཚིག་སྦྱོར་དང་བརྗོད་བྱའི་ནང་དོན། སྒྱུ་རྩལ་མཚོན་ཐབས་སོགས་ཀྱི་ཐོག་ནས་བལྟས་ན་ངོ་མ་དབྱེ་འབྱེད་ཁག་པོ་འདུག བར་རེར་སྒྲུང་ཐུང་ཡིན་འདོད་དེ་དུས་དེབ་ཁང་ལ་བསྐུར་དུས་སྒྲུང་འབྲིང་གི་ནང་དུ་བཞག་ཡོད་པ་དང་།བར་རེར་སྒྲུང་འབྲིང་ཡིན་འདོད་དེ་བསྐུར་དུས་སྒྲུང་ཐུང་གི་གྲས་སུ་བཞག་འདུག”【8】ཅེས་པ་ལས་ཀྱང་རགས་ཙམ་རྟོགས་ནུས། སྤྱིར་སྒྲུང་རིང་འབྲིང་ཐུང་གསུམ་གྱི་ཁྱད་པར་འདི་ཡིག་ཚོགས་མང་ཉུང་གི་ཕྱི་ངོས་ཀྱི་ཁྱད་པར་ཁོ་ན་ཙམ་མ་ཡིན་ཏེ།  སྒྲུང་ཐུང་ཡིན་ན་མི་སྣ་ཉུང་ཞིང་འདུས་པ་དང་། བྱུང་རིམ་ཀྱག་ཀྱོག་འཕྲུལ་འཛིང་ཅན་ཞིག་མིན་པར་སྟབས་བདེ་ཞིང་སྐུད་སྣེ་ཆིག་རྐྱང་ཅན་ཞིག ཡིན་དགོས་ཏེ། སྒྲུང་ཐུང་ཡིན་ན་དངོས་ཡོད་འཚོ་བའི་དཔེ་མཚོན་དོན་སྙིང་ལྡན་པའི་དུམ་བུ་ཞིག་གམ་འཚོ་བའི་ངོས་ཤིག་ཚུར་སྣང་བྱེད་པ་ཞིག་དང་། སྤྱིར་བཏང་དུ་དོན་དག་ གཅིག་སྒོས་སུ་འབྲི་བའམ་བསྟན་དོན་གཅིག་དམིགས་སུ་གསལ་སྟོན་བྱ་རྒྱུར་འབད་ནས་ཅུང་ཟད་འདུ་སྒྲིག་རང་བཞིན་པའི་བརྩམས་སྒྲུང་ཞིག་ཡིན་དགོས་ལ། དེ་ནི་མིག་ཟུང་ཆུང་ཆུང་ཞིག་གིས་ཡངས་པའི་འཇིག་རྟེན་མཐོང་ཐུབ་པ་བཞིན་ཡིན་དགོས།  དེ་ཡང“སྒྲུང་ཐུང་གི་ཁྱད་ཆོས‘ཐུང་བའི’སྟེང་ན་ཡོད་ལ། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཡིག་འབྲུ་ཉུང་བ་ཞིག་ཡིན། ཡིན་ནའང་། ཡིག་འབྲུ་ཉུང་བ་ནི་ཕྱི་ངོས་ཀྱི་དབང་ཤེས་ཀྱི་ངོས་འཛིན་ཙམ་རེད། དེའི་ནང་སྙིང་ནི་འཚོ་བའི་ཁྱབ་རྒྱ་ཆེན་པོ་མ་ཡིན་པར། འཚོ་བའི་གཏུབ་ངོས་ཤིག་གམ། དུམ་བུ་ཞིག་གམ། ཟུར་ཞིག་མཚོན་པ་ལྷུར་ལེན་པ་དེ་ཡིན”【9】ཅེས་པ་ལྟར་ཡིན་ལ། དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་ཀྱིས་ཀྱང་། “སྒྲུང་ཐུང་གི་ཁྱད་ཆོས་མདོར་ན་ཉུང་ཉིང་རྐྱང་གསུམ་གྱི་སྟེང་ན་ཡོད”【10】ཅེས་བརྩམས་སྒྲུང་ཐུང་གྲས་ཤིག་ལ་ཆ་མཚོན་ནས་བཤད་ན། ངེས་པར་དུ་ཉུང་ཉིང་རྐྱང་གསུམ་གྱི་ཁྱད་ཆོས་ཏེ་ཡིག་འབྲུ་ཉུང་ཞིང་འཚོ་བའི་ཉིང་བཅུད་བསྡུ་ལེན་དང་། བསྟན་དོན་དང་སྐུད་སྣེ་རྐྱང་བ་ཅན་ཞིག་ཡིན་དགོས། ལུའུ་ཞུན་གྱིས་གསུངས་པའི་སྒྲུང་ཐུང་གི་རྩ་བའི་ཁྱད་ཆོས་ནི། “ཐིག་ལེའི་རི་མོ་ཙམ་གྱིས་གཟིག་གི་མཚན་ཉིད་ཤེས་པ་དང་། རྣོ་བའི་མིག་གི་ཟུར་བརྡ་ཙམ་གྱིས་སྙིང་སྟོབས་མཚོན་ནུས་སོ”【11】ཞེས་སྒྲུང་ཐུང་ཞིག་ལ་མཚོན་ན། དོན་ཆུང་ཆུང་ཞིག་གིས་གནས་ལུགས་ཆེན་པོ་ཞིག་ཚུར་སྣང་བྱེད་ཐུབ་པ་དང་། འཚོ་བའི་འདུས་ཚད་སྒྲུང་རིང་འབྲིང་གཉིས་དང་བསྡུར་ན་བལྟོས་བཅས་ཀྱིས་ཉུང་ཞིང་། མི་སྣ་བཀོད་སྒྲིག་བྱས་པ་མང་རྒྱུ་མེད་ལ། བྱུང་རིམ་ཡང་སྣེ་མང་རྙོག་འཛིང་ཅན་ཞིག་མ་ཡིན་པར་ཉིང་འདུས་ཅན་ཞིག་ཡིན་པས་ཆོག་པའོ།། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཐུང་གྲས་དག་ལ་ཆ་མཚོན་ནས་བཤད་ན། 《ཉིན་གཅིག་གི་ཆོ་འཕྲུལ》ནི་སྒྲུང་ཐུང་གི་རང་མདངས་མངོན་པར་གསལ་བའི་བརྩམས་ཆོས་ཤིག་ཏུ་འཁུམས་པར་སེམས་ཏེ། 《ཉིན་གཅིག་གི་ཆོ་འཕྲུལ》ཞེས་པའི་བརྩམས་སྒྲུང་ཐུང་གྲས་དེའི་ནང་རྩོམ་པ་པོས་མི་སྣ་གཙོ་བོ་གཡང་འབུམ་གྱི་མི་ཚེ་གཅིག་གི་འཚོ་བའི་བརྒྱུད་རིམ་དེ་ཆོ་འཕྲུལ་བཞིན་ཉིན་གཅིག་གི་དུས་ཚོད་ཀྱི་གོ་རིམ་ནང་བསྡུས་པས་བརྩམས་སྒྲུང་དེར་ཉིང་འདུས་དང་གཅིག་སྡུད་ཀྱི་རང་བཞིན་མངོན་པར་གསལ་ཞིང་། དེས་མ་ཟད་དེ་ལས་གནས་ལུགས་ཆེན་པོ་ཞིག་བསྟན་ཡོད་དེ། ལོ་ངོ་སུམ་ཅུ་ལྷག་གི་དུས་ཚོད་ནང་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བར་འཕེལ་རྒྱས་ཅི་ཡང་མེད་པར་བསྐྱར་བཟློས་དང་ཐེར་ཟུག་གི་རྣམ་པ་དེ་མཚོན་པར་བྱས་ཡོད།  དེ་ཡང་“དབེན་པའི་ཡུལ་དུ་ཉིན་ཞག་བདུན་ཙམ་ཡང་། མི་ཡི་ཡུལ་ན་ལོ་ངོ་སྟོང་ཕྲག་འཁོར་བ”ལྟ་བུའི་ཁྱད་མཚར་གྱི་དུས་ཚོད་བཀོད་སྒྲིག་བྱེད་ཐབས་ལ་བརྟེན་ནས། གཡང་འབུམ་གྱི་མི་ཚེ་གཅིག་སྟེ།  ཁོ་མལ་སའི་ནང་གི་བུ་ཆུང་ཞིག་ནས་རིམ་བཞིན་འཚར་ལོངས་བྱུང་སྟེ་ཆུང་མ་བླངས་པ་དང་། བུ་སྐྱེས་པ། བཟའ་ཟླ་ཤི་བ་སོགས་ཀྱི་མི་ཚེའི་བརྒྱུད་རིམ་དུ་མ་བརྒྱུད་ཀྱང་རྩོམ་པ་པོས་དུས་ཀྱི་སྒྲིག་རིམ་ཡོངས་སུ་སྟོར་ཏེ།  ཁོའི་མི་ཚེའི་བརྒྱུད་རིམ་ཁག་དེ་དག་ནམ་བྱུང་གི་དུས་ཚོད་མི་སྣང་བར་བྱས་ནས་ཉིན་གཅིག་གི་ནང་དུ་བསྡུས་ཤིང་།   གཙོ་བོར་ཁོའི་ཕ་དང་ཁོ་རང་ཉིད། ད་དུང་ཁོའི་བུ་ཕྲུག་སོགས་བསྐྱར་ཟློས་ཐེར་ཟུག་གི་བྱ་བ་སྟེ་ལུག་རྫིར་འགྲོ་བའི་གནས་ཚུལ་གསལ་བརྗེན་དུ་སྟོན་ནས། ངོ་མཚར་བའི་ཐབས་ལམ་ལ་བརྟེན་ནས་ཁོའི་མི་ཚེ་གཅིག་པུ་དེ་རྩོམ་གྱི་མགོའི་“ནམ་གསལ་ལ་ཉེ”ཞེས་པ་ནས་རྩོམ་མཇུག་གི“རིམ་བཞིན་མུན་རུབ་སོང་། མུན་རུབ་སོང”ཞེས་པའི་བར་གྱི་ཉིན་གཅིག་གི་དུས་ཚོད་ནང་བསྡུས་ནས་ཁོའི་མི་ཚེ་གཅིག་གི་ལོ་རྒྱུས་དེ་ཉིན་གཅིག་གི་ལོ་རྒྱུས་དང་འདྲ་བར་འཕེལ་རྒྱས་ཅི་ཡང་མེད་པའི་རྣམ་པ་དེ་ང་ཚོར་གསལ་སྟོན་བྱས་ཡོད། རྩོམ་འདི་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་གཞན་དང་མི་འདྲ་བར་འདིའི་མི་འདྲ་ས་གཙོ་བོ་ནི་དུས་ཀྱི་གསལ་སྒྲིབ་སྟེང་ན་ཡོད་ལ། རྩོམ་འདི་ལེགས་གྲུབ་བྱུང་བའི་རྩ་བའི་རྒྱུ་རྐྱེན་ཡང་སྒྲིག་གཞི་བཀོད་སྒྲིག་ཐད་ཀྱི་ཁྱད་ཆོས་དེ་ལ་ཐུག་ཡོད། དེ་ཡང“སྒྲུང་གཏམ་ནི་དུས་ཚོད་ལ་གཏོགས་པའི་སྒྱུ་རྩལ་ཞིག་ཡིན། ཡིན་ནའང་དེས་བཀོལ་སྤྱོད་བྱེད་པའི་ཡིག་སྐལ་གྱི་དབང་གིས་དེའི་སྒྱུ་རྩལ་ཞིབ་འབྲི་དངོས་ཡོད་ཀྱི་བར་སྣང་ལས་བརྒལ་བ་མ་ཟད། དངོས་ཡོད་ཀྱི་དུས་ཚོད་ལས་ཀྱང་བརྒལ་ཏེ་འཚོ་བའི་འཕེལ་རིམ་དང་མི་བསྟུན་པ་རེད”【12】ཅེས་པ་བཞིན། རྩོམ་འདིའི་ནང་དུ་གཡང་འབུམ་གྱི་མི་ཚེ་ཧྲིལ་པོའི་ཁྲོད་ཀྱི་དུས་ཚོད་མཐའ་དག་དུས་ཀྱི་འཕེལ་རིམ་མམ་ཆོས་ཉིད་དང་མི་བསྟུན་པར་དངོས་ཡོད་ཀྱི་དུས་ཚོད་ལས་བརྒལ་ནས་ཉིན་གཅིག་གི་དུས་ཚོད་ནང་བསྡུས་ཡོད་པ་ནི་སྒྲུང་གཏམ་གསར་རྩོམ་ཁྲོད་ཀྱི་དུས་ཚོད་བཀོད་སྒྲིག་བྱེད་སྟངས་ཁྱད་པར་བ་ཞིག་ཡིན་པ་ཤེས་དགོས་པ་ཡིན་ལ། ནང་དོན་གྱི་ཆ་ནས་བཤད་ཀྱང་། ཆུ་ཐིགས་གཅིག་ལས་རྒྱ་མཚོ་མཐོང་བ་བཞིན་གཡང་འབུམ་གྱི་ཉིན་གཅིག་གི་མི་ཚེ་ལས་ཁོའི་མི་ཚེ་ཧྲིལ་པོའི་འཚོ་གནས་ཀྱི་ཁྱད་ཆོས་གསལ་བོར་རྟོགས་ནུས་པ་ཡིན་པས། རྩོམ་དེའི་བརྗོད་བྱའི་ནང་དོན་དང་སྒྱུ་རྩལ་མཚོན་ཐབས་གང་ཐད་ནས་བཤད་ཀྱང་སྒྲུང་ཐུང་ལ་ལྡན་ངེས་པའི་ཁྱད་ཆོས་སམ་སྒྲུང་ཐུང་གི་རང་མདངས་མངོན་པར་བྱས་ཡོད། དེ་མིན་རྩོམ་མཇུག་གི་“རིམ་བཞིན་མུན་རུབ་སོང་། མུན་རུབ་སོང་”ཞེས་པའི་དུས་ཚོད་ཞིབ་འབྲི་བྱས་པ་དེ་ལའང་དགེ་མཚན་མི་དམན་པ་ཞིག་ཡོད་དེ། དེ་ལས་འཕེལ་རྒྱས་ཅི་ཡང་མེད་པའི་བསྐྱར་ཟློས་ཐེར་ཟུག་གི་རྣམ་པ་དེ་མུན་པ་རུབ་པ་ཇི་བཞིན་མདུན་ལམ་དང་རེ་བའི་འོད་ཟེར་ཅི་ཡང་མེད་ཚུལ་བསྟན་ཡོད་པས། བསྟན་དོན་གསལ་སྟོན་བྱ་རྒྱུར་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། “རྩོམ་རིག་གིས་ཐོག་མཐའ་བར་གསུམ་དུ་མི་བྱེ་བྲག་པའི་དགའ་སྐྱོ་ཆགས་སྡང་དང་འཚོ་སྡོད་ལ་ཁ་གཏོད་ཅིང་མཚོན་པ་ཡིན་ཞིང་། དེ་བརྒྱུད་ནས་དེ་མཐུན་གྱི་ལས་དབང་ཅན་གྱི་ཚོགས་སྤྱི(群体)ཞིག་གམ་མི་རིགས་ཧྲིལ་པོ་མཚོན་པ་དང་། དེ་མྱོང་རོལ་བྱེད་མཁན་གྱི་མི་རེ་རེའི་བསམ་བློར་གོ་རྟོགས་བསྐྱེད་པ་རེད”【13】ཅེས་པ་བཞིན། 《ཉིན་གཅིག་གི་ཆོ་འཕྲུལ》ཞེས་པའི་རྩོམ་དེ་ལས་ཀྱང་གཡང་འབུམ་ཞེས་པའི་མི་སྣ་བྱེ་བྲག་པའི་འཚོ་སྡོད་ཀྱི་གནས་བབ་དངོས་ལ་ཁ་གཏད་ནས་དེ་བརྒྱུད་དེ་དེ་དང་འབྲེལ་བའི་ང་ཚོའི་མི་རིགས་ཤིག་གི་ལས་དབང་དང་འཚོ་གནས་ཀྱི་གནས་བབ་ཞིག་མཚོན་པར་བྱས་ཡོད་ལ། དེས་ཀློག་མཁན་ལ་བསམ་བློའི་གོ་རྟོགས་བསྐྱེད་པར་བྱེད་ཅིང་། རང་ཉིད་ཀྱི་འཚོ་སྡོད་གནས་བབ་ལ་བསམ་གཞིག་བྱེད་པའི་བར་སྣང་ཞིག་བསྐྲུན་ཡོད་པ་རེད། རྒྱུ་མཚན་ནི། ལོ་ངོ་སུམ་ཅུ་ལྷག་གི་རིང་གཡང་འབུམ་འཚོ་གནས་བྱ་ཡུལ་གྱི་འབྲོག་ཁུལ་ལ་མཚོན་ན།  ཁོའི་ཕ་དང་ཁོ་རང་ཉིད། ཁོའི་བུ་སོགས་ཐམས་ཅད་ལུག་རྫི་ཁོ་ནའི་ལས་ཀ་ཆིག་རྐྱང་བ་ཞིག་དོན་དུ་གཉེར་ཞིང་། རོང་ཁུལ་དུ་ཆ་མཚོན་ནས་བཤད་ན། རྒོད་ཕྲུག་དཔལ་འབྱོར་གྱི་སྙན་ངག《རི་གྲོང》ནང་བསྟན་པ་བཞིན། “ཕ་བཟང་གི་བུ/ཆུང་དུས་ནས་ས་ནག་དང་འཛིང་དགོས་ལ/མ་བཟང་གི་བུ་མོ/ནམ་ཡང་བལ་དཀར་དང་འཐབ་དགོས”【14】ཞེས་པའི་ནང་བསྟན་པ་བཞིན།ཆེས་བསྐྱར་ཟློས་ཀྱི་ལས་དོན་འབའ་ཞིག་དོན་དུ་གཉེར་ཞིང“གསོན་ན་གཞིས་ཚང་འདི་རུ་བཅའ། ཤི་ན་དུར་ས་འདི་རུ་འདེབས”【15】པའི་རང་ཁ་རང་གསོའི་ལས་དོན་ཁོ་ནར་མགོ་བོ་རྨོངས་ནས་འཕེལ་རྒྱས་མེད་པའི་རྣམ་པ་དེ་མཚོན་ཡོད། འོན་ཀྱང་སྣང་ཚུལ་དེར་ང་ཚོས་“ཅིའི་ཕྱིར”ཞེས་པའི་དྲི་བ་ཞིག་འཕེན་ན་ཆོག་སྟེ། ཅིའི་ཕྱིར་འཚོ་གནས་ཀྱི་གནས་བབ་དེ་བྱུང་མིན་དང་། ཅིའི་ཕྱིར་འཕེལ་རྒྱས་མེད་པའི་བསྐྱར་ཟློས་ཀྱི་སྣང་ཚུལ་དེ་བྱུང་བ་ཡིན། གནད་དོན་དེར་རྩོམ་པ་པོས་གཏིང་ཟབ་ས་ནས་གསལ་སྟོན་བྱ་རྒྱུ་མི་འདང་སྟེ། “ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཞིག་གི་ནང་དུ་ང་ཚོས་ཕ་མ་མ་གཏོགས་ངོ་མི་ཤེས། གོ་ཁ་མ་གཏོགས་ས་ངོ་མི་ཤེས་པའི་ཁ་རུབ་ཀྱི་སྤྱི་ཚོགས་ཤིག་ནས་འདུག་ཡུན་རིང་དྲག་པ་དང་། ཀུན་གྱིས་རང་བྱུང་དཔལ་འབྱོར་ཙམ་གྱི་འཚོ་སྟངས་ཤིག་ལ་རོལ་ནས་བསྡད་པས། ང་ཚོའི་ལོ་རྒྱུས་ལ་ཐེར་ཟུག་དང་བསྐྱར་ཟློས་ཀྱི་སོ་ན་གནས་པའི་རྣམ་པ་བྱུང་བའི”【16】རྒྱུ་མཚན་དེ་རྩོམ་པ་པོས་གསལ་སྟོན་བྱ་རྒྱུ་མི་འདང་བར་སེམས། གཞན་ཡང་སྟག་འབུམ་རྒྱལ་ལ་ཆ་མཚོན་ནས་བཤད་ན། ཁོའི་བརྩམས་སྒྲུང་ཁྲོད་‘ཁྱི’བརྗོད་བྱར་བྱས་པའི་བརྩམས་ཆོས་ཧ་ཅང་མང་བ་ཡིན་ཏེ། དེའི་ནང་སྒྲུང་ཐུང་ཡོད་ལ་སྒྲུང་འབྲིང་ཡང་ཡོད། ཁོའི་སྨྱུག་འོག་གི་ཁྱི་ལ་ཡང་རིགས་མི་འདྲ་བ་གསུམ་ཙམ་ཡོད་དེ།  གཅིག་ནི་སྒོ་ཁྱི་སྟེ་དེ་ནི་འགྲོ་བ་མིའི་གྲོགས་པོ་དང་། བདག་པོར་བློ་དཀར་གཞུང་དྲང་ཅན་ཞིག་ཡིན། གཅིག་ནི་ཁྱི་རྒན་ཏེ། འདི་ནི་རྐུན་ཇག་གི་བརྟུལ་ཞུགས་འཛིན་ནས་གཞན་གྱི་རྒྱུ་ནོར་ཧམ་ཟ་ཧམ་འཐུང་བྱེད་པར་བག་མི་ཚ་བ་ཞིག་ཡིན། གཞན་གཅིག་ཤོས་ནི་ཧཱ་པ་སྟེ།  ཁྱི་འདིའི་རིགས་ནི་རང་དོན་ཕྲན་ཚེགས་ཀྱི་སླད་དུ་རང་ཉིད་ཀྱི་བརྩིས་ཐང་བོར་ཞིང་། གཞན་ལ་ངོ་དགའ་སྤྲེལ་ལད་བྱེད་རྒྱུར་མཁས་པ་གང་ཞིག རང་དོན་བསྒྲུབས་ན་དྲིན་བྱས་དྲིན་དུ་མི་གོ་མཁན་ཞིག་ཡིན།  ཁོའི་ཁྱི་བརྗོད་བྱར་བྱས་པའི་སྒྲུང་ཐུང་ལ《སྒོ་ཁྱི》དང《ཁྱི་རྒན》《ཧཱ་པ་གསོས་པའི་ཟིན་བྲིས》《ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》བཅས་པ་ཡོད་ཅིང་།  ཁོའི་ཁྱི་བརྗོད་བྱར་བྱས་པའི་སྒྲུང་འབྲིང་ལ《མི“རྒྱ་བྷ”་ཁྱི“རྒྱ་བྷ”》ཅེས་པ་དང་། 《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པ་གཉིས་ཡོད། སྤྱིར་ཁྱི་ནི་ང་ཚོ་བོད་མི་སུ་འདྲ་ཞིག་ཡིན་རུང་ཚང་མར་ཆ་རྒྱུས་ཅན་ཞིག་དང་། ཀུན་དང་འབྲེལ་འདྲིས་ཆེ་བ། ང་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ཁྲོད་ང་ཚོ་དང་བར་ཐག་ཉེ་བའི་སྲོག་ཆགས་ཤིག་ཡིན་ཞིང་། རྩོམ་པ་པོས་དེ་ལྟ་བུའི་སྲོག་ཆགས་ཤིག་བརྗོད་བྱར་བཀོད་ནས་རང་མི་རིགས་ཀྱི་ཁོར་ཡུག་ཁྲོད་དུ་འཚོ་གནས་ལ་རོལ་བཞིན་པའི་མི་བུ་འགའི་སྣང་བརྙན་དང་གཤིས་སྤྱོད་ཚུར་སྣང་བྱས་ཡོད་ཅིང་། དེ་ནི་བརྗོད་བྱ་འདེམས་སྒྲུག་བྱེད་ཐབས་ཀྱི་སྒྱུ་རྩལ་གྱི་ཐབས་ཤེས་དཔེ་མཚོན་ཅན་ཞིག་རེད། དེ་ཡང“མིའི་ཕྱེད་ཀ་ཁྱི་དང་ཁྱིའི་ཕྱེད་ཀ་མི”ཞེས་པ་དང་། “ཁྱི་འདི་མི་འདྲ་ཡང་མི་འདི་ཁྱི་དང་མི་འདྲ”ཞེས་ཁོང་གི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་དག་ལས་ཀྱང་ང་ཚོས་བརྩམས་ཆོས་ཀྱི་ནང་སྙིང་རགས་ཙམ་ཤེས་པར་ནུས་ཤིང་།  དེ་དག་ལ་བརྩམས་བརྒྱ་དོན་གཅིག་གི་སྣང་ཚུལ་གཏན་ནས་མེད་པར། དེ་དག་སོ་སོར་རང་རང་གི་ཁྱད་དུ་འཕགས་པའམ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པས་བརྗོད་དོན་སོ་སོར་སྟོན་ནུས་ཤིང་། ཁྱི་བརྗོད་བྱར་བྱས་པའི་བརྩམས་ཆོས་དག་ལས་རྩོམ་པ་པོའི་དམིགས་གསལ་གྱི་གསར་རྩོམ་བྱེད་ཐབས་ཤིག་དང་། བརྗོད་བྱ་འདེམས་སྒྲུག་བྱེད་སྟངས་ཀྱི་ཁྱད་ཆོས་ཤིག་མངོན་བཞིན་ཡོད། ཁོའི་བརྩམས་སྒྲུང་ཐུང་གྲས《སྒོ་ཁྱི》ལ་ཆ་མཚོན་ནས་བཤད་ན། སྤྱིར《སྒོ་ཁྱི》དང་འབྲེལ་བའི་བརྗོད་བྱ་རྩོམ་བྱང་དུ་བཀོད་པ་ཤིན་ཏུ་མང་ཞིང་། དེའི་ནང་བརྩམས་སྒྲུང་ཡོད་ལ། ལྷུག་རྩོམ་ཡོད། སྙན་ངག་ཀྱང་ཡོད་པའོ།། རྩོམ་མཁན་འགའ་རེས་སྒོ་ཁྱི་ནི་རང་དབང་བྲལ་ཞིང་གཞན་དབང་དུ་གྱུར་བའི་ཉམ་ཐག་སྐྱེ་བོའི་ལས་དབང་གི་མཚོན་བྱེད་དུ་བཀོད་ཅིང་། འགའ་རེས་སྒོ་ཁྱི་ནི་རང་གི་བདག་པོར་བློ་དཀར་གཞུང་དྲང་ལྡན་པའི་ཡ་རབས་སྐྱེ་བོའི་མཚོན་བྱེད་དུ་བཀོད་པ། འགའ་རེས་མཚན་མོའི་དུས་སྐབས་སུ་རིག་པ་ལྕགས་སྐུད་ལྟར་འགྲིམས་ནས་རང་ཁྱིམ་སྲུང་བའི་ལས་ལ་འབད་པའི་སྒོ་སྲུང་ངམ་མི་བུ་རྟོགས་སད་པ་ཞིག་དང་འགན་འཁྲིའི་འདུ་ཤེས་ཅན་ཞིག་གི་མཚོན་བྱེད་དུ་བཀོད་པ་ཡིན། སྟག་འབུམ་རྒྱལ་གྱི《སྒོ་ཁྱི》ཞེས་པའི་རྩོམ་ནང་བསྟན་པའི་སྒོ་ཁྱི་ནི་དེ་དག་དང་ཅུང་ཟད་མི་འདྲ་བ་ཡིན་ཏེ། དེའི་ནང་ཉི་རྩེ་ས་ལ་ཕོག་པ་ནས་ཉི་མ་ནུབ་རིར་ཡོལ་བའི་བར་སྐབས་ཀྱི་སྒོ་ཁྱི་ཞིག་གི་སྐྱོ་གདུངགིས་མནར་བའི་སེམས་པ་དང་། ཉམ་ཐག་པའི་ལས་དབང་བཀོད་སྒྲིག་བྱས་ཏེ།  བསྡུས་བརྗོད་ཀྱི་ཚུལ་དུ་བདག་པོས་གཅར་བརྡུང་དང་ཕ་མཐར་བསྐྲད་པའི་སྒོ་ཁྱི“ངའི”སེམས་ཀྱི་ན་ཟུག་མཚོན་པར་བྱས་ཤིང་།  བདག་པོར་བློ་དཀར་གཞུང་དྲང་གིས་སྦྲ་ཁྱིམ་འདི་ཉིད་སྲུང་རྒྱུ་རང་གི་མི་ཚེ་གང་པོའི་འགན་འཁུར་གཙོ་བོར་བཞག་ཀྱང་། བདག་པོའི་སྙིང་རྗེ་མེད་པའི་གདུག་རྩུབ་ཀྱི་བྱ་སྤྱོད་དང་། གཞན་གྱི་ཁ་ཡག་ཚིག་འཇམ་དང་ངོ་སོ་ཕྲན་བུར་བལྟོས་ནས“ང”ལྔ་པའི་ལམ་དུ་བརྫངས་པའི་གནས་ཚུལ་བཀོད་དེ།  དངོས་ཡོད་སྤྱི་ཚོགས་ཀྱི་ཁྲོད་དུ་དྲིན་བྱས་དྲིན་ལ་མི་སེམས་པའི་མི་བུ་ཐ་ཤལ་འགས་དྲིན་ལན་ལ་ལོག་འཇལ་བྱས་ཏེ། ཁེ་ཕན་དང་དབང་ཐང་། ངོ་དགའ་གཅམ་གསག་བྱེད་མཁན་གྱི་ཕྱོགས་སུ་འདུར་རྒྱུགས་བྱས་ཏེ། རང་ཉིད་ལ་སེམས་དཀར་ཞིང་གཞུང་དྲང་སྙིང་ཉེ་ཅན་གྱི་མི་བུ་དག་ལ་སྡིགས་དམོད་དང་འཁང་ར། ལེ་འདའ་སྡུག་ཡུས་བྱས་པས་མི་ཚད་ཕ་རོལ་རྨེག་མེད་དུ་གཞོམ་རྒྱུར་བྲེལ་བའི་གཤིས་སྤྱོད་ཐ་ཤལ་ཅན་ཚོའི་ནག་ཉེས་ཐེར་འདོན་བྱས་ཡོད་ལ།   སྒོ་  ཁྱིའི་མཚོན་དོན་དུ་གྱུར་བའི་མི་བུ་དག་གི་སྐྱོ་གདུང་གི་ནང་སེམས་འཇིག་རྟེན་ཚུར་སྣང་བྱས་ཡོད་པ་དང་བསྟུན།“ང”དང་བདག་པོའི་བར་གྱི་ངན་ངོན་གྱི་འབྲེལ་བ་དེ་གསལ་སྟོན་བྱས་ཡོད། ཁོའི་སྒྲུང་ཐུང་《ཁྱི་རྒན》ཞེས་པར་ཆ་མཚོན་ནས་བཤད་ན། 《ཁྱི་རྒན》ཞེས་པའི་སྒྲུང་གཏམ་འདི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་གཞུང་དུ་བཅོས་ཏེ་གློག་བརྙན་དུ་ཡང་ཕབ་ཡོད། སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་སྐྱ་བྷ་ཡིས་གཡོ་ཁྲམ་རྐུན་མའི་བརྟུལ་ཞུགས་འཛིན་པའི་ཁྱི་རྒན་དེ་རྨེག་མེད་དུ་གཏོང་བར་དུག་རྫས་འཕངས་པ་དང་། ལྕགས་རྙི་བཟོ་བ་སོགས་ཐབས་བརྒྱ་ཇུས་སྟོང་གིས་བཀོད་པ་སྣ་ཚོགས་འཐེན་ཡང་ཁོའི་རེ་བ་མཐའ་དག་འབྲས་ཐོགས་སུ་མ་སྨིན། བསམ་ཡུལ་ལས་འདས་པ་ཞིག་ལ་གཡག་རྒན་གྱི་རྭ་ཅོས་ད་གཟོད་ཁྱི་རྒན་མ་རུངས་པ་དེ་ཕམ་པར་བྱས་ཡོད་པ་རེད། འོན་ཀྱང་། སྐྱ་བྷ་ཡིས་ཁྱི་རོ་དེ་གཡུག་སའི་ས་ཆ་ཐེངས་མང་བརྗེས་པ་སྟེ། ཐོག་མར་ཁྱི་རོ་དེ་རྩྭ་མཛོད་ར་བའི་ནང་དུ་གཡུགས། འོན་ཀྱང་། སྡེ་བའི་ཧྲུའུ་ཅིས་ཁྱི་རྒན་གྱི་རོ་དེའི་འབྱུང་ཁུངས་རྩད་གཅོད་བྱས་པས། ཚོགས་འདུའི་ཐོག་ཁོའི་ནང་སེམས་འཚབ་འཚུབ་པོ་དང་བློང་བློང་པོར་གྱུར་ནས་རིམ་གྱིས་ཁྱི་རྒན་གྱི་རོ་དེ་ནག་ཞར་སྡེ་བ་ཡོངས་ཀྱི་གླེང་གཞིར་གྱུར་བ་རེད།  ཁོས་དེ་འཕྲལ་ཁྱི་རོ་དེ་སླར་ཡང་སློབ་གྲྭའི་རྭ་སྐོར་ལྟག་རྒྱབ་ཀྱི་ས་དོང་ཆེན་པོ་ཞིག་གི་ནང་དུ་འཕངས་པས།  ཡང་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་གླེང་གཞིར་གྱུར་བ་རེད། ཡང་ཁོས་ཁྱི་རོ་དེ་གནས་སྤོས་བྱས་ཏེ་སྡེ་བའི་ཡར་སྟོད་ཀྱི་ལུང་ཕུ་ནག་གོག་པ་ཞིག་ཡོད་པ་དེར་འཕངས་ཀྱང་གནས་དེ་ནི་ཨ་ལགས་ཀྱི་ཨ་མ་དུར་སྦས་བྱེད་སའི་གནས་ཡིན་པས།   ཁྱི་རྒན་གྱི་རོ་དེ་ཡང་བསྐྱར་གནས་སྤོས་མ་བྱས་ཐབས་མེད་དུ་གྱུར་ནས། མཐར་ཁོ་ཚང་གི་རིལ་མ་སྤུངས་པའི་འགྲམ་དུ་གཡུགས་ནས་བཞག་པའི་གཏམ་རྒྱུད་མཚར་པོ་ཞིག་གསོན་ཉམས་ལྡན་པའི་སྣང་བརྙན་ལ་བརྟེན་ནས་རྒྱས་སྤྲོས་བྱས་ཏེ། སྐྱ་བྷེའི་ནང་སེམས་ཀྱི་འཇིགས་སྣང་དང་དངངས་སྐྲག  དངངས་འཚབ་ཀྱི་རང་བཞིན་དེ་ཞིབ་ཚགས་རྣལ་མའི་སྒོ་ནས་གསར་བོར་བསྟན་ཡོད། འདི་འདྲའི་གཏམ་རྒྱུད་ནི་སྤྱིར་ང་ཚོའི་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་ཁྲོད་དུ་འབྱུང་སྲིད་པ་ཞིག་ཡིན་ལ།  འབྱུང་མི་སྲིད་པ་ཞིག་ཀྱང་རེད།  གང་ལྟར་རྩོམ་པ་པོས་དེ་ལྟ་བུའི་ལས་དབང་གིས་ཉམ་ཆུང་གི་མི་བུ་ཚོར་ཀུ་རེ་རྩེད་ཀྱིན་པའི་རྟོག་མེད་རིང་ལུགས་ཀྱི་སྣང་ཚུལ་བཀོད་པ་བརྒྱུད་ནས། དངོས་ཟོལ་ཟུང་འབྲེལ་གྱི་འབྲི་ཐབས་ལ་བརྟེན་ནས།  ཁྱི་རོ་ཞིག་གཡུགས་སའི་གནས་བརྗེ་སྤོར་དུ་མ་བྱས་པའི་གནད་དོན་ཆུང་ཆུང་ཞིག་ཞིབཚགས་ངང་བཀོད་པ་ལ།  དེ་ལས་དོན་ཆུང་ཞིག་ལས་བསླངས་པའི་མཇུག་འབྲས་འདིས་མི་སེམས་བློང་བློང་པོར་གཏོང་ཞིང་།  མི་ལ་སེམས་ཁྲལ་དང་སྡུག་བསྔལ།  དངངས་འཚབ་སྦྱིན་པའི་གནས་ཚུལ་བཀོད་ནས།   དེས་ང་ཚོར་དོན་ཆུང་ཞིག་ཡིན་ཡང་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས་གནད་དོན་ཏན་ཏིག་ངང་ཐག་གཅོད་ཡག་པོ་བྱ་དགོས་པའི་གོ་བསྐོན་སློབ་གསོ་གནང་ཡོད་ལ། ཞར་བྱུང་དུ་ཁོ་དང་ཆ་འདྲ་བའི་དཔེ་མཚོན་མི་སྣ་དག་གི་ཞི་བདེ་ལྷིང་འཇགས་མེད་པར་དངངས་འཚབ་ཅིག་དང་།  སེམས་ཁྲལ་གྱི་ཀློང་དུ་མི་ཚེའི་ལམ་བུར་འདུར་རྒྱུགས་བྱེད་པའི་ཁོའི་སེམས་ཁམས་ཀྱི་གནས་ཚུལ་ཡང་བསྟན་ཡོད་པའོ།།  སྟག་འབུམ་རྒྱལ་གྱི་ཁྱི་བརྗོད་བྱར་བྱས་པའི་བརྩམས་ཆོས་དག་ལས་བདག་གི་སྣང་ངོར་ཅུང་ཟད་ལེགས་པར་མཐོང་བ་ནི《ཧཱ་པ་གསོས་པའི་ཟིན་བྲིས》རེད།  《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་བརྩམས་སྒྲུང་དེའི་ནང་མི་སྣའི་མཚོན་བྱེད་ཧཱ་པ་གང་དེའི་ཕྱིའི་རྣམ་པའམ་ཆ་སྤྱད་དང་།  བྱ་བྱེད། མི་གཤིས་ཀྱི་ཁྱད་ཆོས་སོགས་ཞིབ་འབྲི་ལེགས་པར་བྱས་ཡོད་ལ།  ཧཱ་པའི་གཤིས་ཀའི་ཁྱད་ཆོས་ཀྱང་ཁོའི་སྒྲུང་ཐུང་གཞན་དང་བསྡུར་ན་ཅུང་ཟད་རྒྱས་པར་ཞིབ་འབྲི་ཐུབ་ཡོད། ཁོའི་སྨྱུག་འོག་གི་ཧཱ་པ་ནི་སྒོ་ཁྱི་ལྟ་བུའི་བདག་པོར་བློ་དཀར་གཞུང་དྲང་བྱེད་མཁན་གྱི་དཀར་ཕྱོགས་མི་སྣའམ་དྲང་ཕྱོགས་མི་སྣའི་མཚོན་བྱེད་མ་ཡིན་པར་དེ་ལས་ལྡོག་སྟེ་རང་དོན་ཕྲན་ཚེགས་ཀྱི་སླད་དུ་གཞན་ལ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་གྱི“རྒྱུགས་ཁྱི”ཞིག་དང་།   “ཆུ་བརྒལ་ཟིན་ན་ཟམ་པ་ག་ལེ་བཞུགས”ཟེར་བའི་གཏམ་དཔེའི་རྗེས་སུ་འབྲངས་མཁན་གྱི་མི་བུ་དྲིན་བྱས་དྲིན་ལ་མི་སེམས་ཤིང་།  རང་དོན་བསྒྲུབས་ན་བདག་པོར་རྨུགས་མཁན་གྱི་ཁྱི་ངན་མཆེ་སྡེར་བགྲད་མཁན་ཞིག་རེད། མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས། “འབྱོར་ཚེ་ཉེ་བའི་དྲུང་ན་ཞུམ་ཞུམ་དུ་འགྲོ་ཞིང་། ། རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ། །  དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ། ། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཤར་སོང་། །”ཞེས་པའི་ལེགས་བཤད་དེ་རྩོམ་འདིའི་མི་སྣ་ཧཱ་པ་ལྟ་བུར་ཤིན་ཏུ་ནས་ཁ་འཕྲོད་པ་ཡིན།  ཧཱ་པ་འདིའི་རིགས་ལ་སྟག་ཁྱི་གཟིག་ཁྱི་ལྟ་བུའི་འཕར་སྤྱང་འགོག་པའི་སྤོབས་པ་མེད་ལ།  རང་གི་བདག་པོ་ལ་བློ་དཀར་ཞིང་ཐོག་མཐའ་བར་གསུམ་དུ་བདག་པོར་སྲི་ཞུ་ཞབས་ཏོག་སྒྲུབ་མཁན་གྱི་སྒོ་ཁྱི་ལྟ་བུའི་ནུས་པ་མེད་པར། བདག་པོ་འབྱོར་བའི་ཚེ་ན་གམ་དུ་ཡོང་ནས་རྔ་མ་གཡུག་ནས་ལྕེ་ལྡག་བྱེད་ཅིང་།  བདག་པོ་རྒུད་པའམ་རང་དོན་བསྒྲུབས་ན་ངོ་ཚ་ཁྲེལ་མེད་ཀྱིས་ངོ་ལོག་བྱ་ངན་རྩོམ་པར་བག་མི་ཚ་བ་ཞིག་རེད། གལ་ཏེ། ང་ཚོས་མི་ཆོས་ཀུན་སྤྱོད་ཀྱི་མཐོང་སྣེ་སྤྱད་ནས་བརྩམས་སྒྲུང་དེར་དཀྲོལ་ཀློག་བྱས་ན། བརྩམས་སྒྲུང་དེ་ནི་ཧཱ་པ་ལྟ་བུའི་གཞན་ལ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་ལ་སྡིགས་དམོད་དང་། བཀའ་དྲིན་ལ་བསམ་ཤེས་མི་བྱེད་པར་དྲིན་ལན་ལ་ལོག་འཇལ་བྱེད་མཁན་གྱི་མི་སྣ་དག་ལ་ཟུར་ཟ་སུན་འབྱིན་བྱས་འདུག་ཅེས་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་མིག་དབང་ཐོག་ནས་བརྗོད་སྙིང་གཏན་ན་དབབ་ནའང་མི་ཆོག་པ་མེད་ཀྱང་། མི་ཆོས་ཀུན་སྤྱོད་ཀྱི་མིག་དབང་ནས་མ་གཏོགས་མིག་དབང་གསར་བ་ཞིག་གི་མཐོང་སྣེ་སྤྱད་ནས་བརྩམས་སྒྲུང་དེར་བལྟ་མ་ཐུབ་ཚེ། རྩོམ་འདི་ཡང་ཅི་འདྲའི་རིན་ཐང་ཅན་ཞིག་རེད་ཅེས་འཆད་དཀའ། རྒྱུ་མཚན་ནི་རྩོམ་དེར་དེ་ཁོ་ནའི་བརྗོད་དོན་མ་གཏོགས་མེད་པ་ཡིན་ན། སྒྲུང་གཏམ་ཧྲིལ་པོར་གསར་གཏོད་ཀྱི་རང་བཞིན་མེད་པར་གསར་གཏོད་མེད་པའི་བསྐྱར་ཟློས་འབའ་ཞིག་ཏུ་གྱུར་བས་རེད།  བདག་གི་སྣང་ངོར།   ང་ཚོས་རྩོམ་དེ་མིག་དབང་གསར་བ་ཞིག་དང་།  དུས་རྒྱུན་གྱི་མི་ཆོས་ཚད་གཞི་ལས་བརྒལ་ཏེ་འགྲོ་བ་མིའི་རིན་ཐང་གི་ཚད་གཞི་གསར་བ་ཞིག་གི་ཐོག་ནས་བལྟས་ན། རྩོམ་འདི་ནི་ང་ཚོས་བསྐྱར་དུ་བསམ་གཞིག་བྱ་དགོས་པའི་གནད་དོན་གསར་བ་ཞིག་རེད་འདོད་དེ། མི་ཆོས་ཀུན་སྤྱོད་ཀྱི་མཐོང་སྣེ་བསྐྱུར་ཏེ་ལོ་རྒྱུས་འཕེལ་རྒྱས་ཀྱི་མིག་དབང་གསར་བ་ཞིག་གི་ཐོག་ནས་གནད་དོན་དེ་རིགས་བལྟ་ཐུབ་པ་དགོས་པ་ཡིན།  རྒྱུ་མཚན་ནི་ཕྱོགས་གཞན་ཞིག་ནས་བལྟས་ན།  ཧཱ་པ་ལ་མཚོན་ན་ངོ་དགའ་སྤྲེལ་ལད་བྱེད་མཁས་པ་དེ་ཡང་ཧཱ་པ་ཁོའི་ཡོན་ཏན་ཅིག་ཏུ་མཐོང་སྟེ། ཧཱ་པ་ངོ་དགའ་སྤྲེལ་ལད་ལ་མཁས་པའི་དབང་གིས་མཐར་རང་ཉིད་ཀྱི་ཁེ་ཕན་དང་མི་ཚེའི་དམིགས་འདུན་བསྒྲུབས་ཤིང་།  རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་བ་རེད།  འོན་ཀྱང་རྩོམ་གྱི་ནང་འབྲོག་ཁྱི་ནི་བདག་པོར་གཤིས་དྲང་བློ་དཀར་ཅན་ཞིག་ཡིན་ཡང་མཐར་སྡེར་མའི་ནང་གི་ཤ་བརྔོས་མར་གྱུར་བ་མ་ཟད། ཧཱ་པའི་བཟའ་བྱར་གྱུར་བ་རེད། དེ་ནི་འབྲོག་ཁྱིའི་ངོས་ནས་བཤད་ན། “ངས་རང་ཉིད་མི་དྲང་མོ་ཞིག་ཡིན་པར་འཁང་ར་བྱེད་ཀྱིན་ཡོད”ཅེས་བརྗོད་དགོས་པའི་གནས་སུ་གྱུར་ཡོད།  ཡང་གཅིག་བཤད་ན། མི་ཞིག་ལ་ཆ་མཚོན་ནས་བཤད་ན།  རང་གི་མི་ཚེ་ལ་རང་གིས་ཁ་ལོ་བསྒྱུར་བ་དང་།  རང་གི་དགའ་ཁ་འཁྱེར་ཕྱོགས་ལ་སྲུང་འཛིན་བྱེད་རྒྱུ་ནི་སྤྱིའི་རིན་ཐང་གི་ཁ་ཕྱོགས་སུ་གྲུབ་ཅིང་། དེ་ནི་མི་བུ་རང་སྟེང་གི་ལྷན་སྐྱེས་ཀྱི་གཤིས་ཀ་ཡིན་པས།  ཧཱ་པར་ཡང་རང་གི་མི་ཚེའི་བྱ་གཞག་དོན་གཉེར་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་དབང་ཆ་ཡོད་པ་ཡིན།  དགེ་རྒན་བདུད་ལྷ་རྒྱལ་གྱིས་ཀྱང་།“གནད་ཀྱི་གཙོ་བོ་ང་ཚོས་ཆོས་གང་ཞིག་ལ་ལྟ་ན་ཡང་མི་ཆོས་ཀྱི་ངོས་ཁོ་ན་ནས་མ་གཏོགས།  ད་དུང་དེའི་ཕ་རོལ་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་ཀྱང་བལྟས་ཆོག་པ་དེ་ཤེས་ཀྱིན་མེད་པས་རེད”【17】ཅེས་མིག་དབང་གསར་བ་སྟེ་ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་ནས་གནད་དོན་ལ་བལྟ་དགོས་རྒྱུ་གལ་ཆེན་ཡིན་པ་བསྟན་པས། རྩོམ་པ་པོ་སྟག་འབུམ་རྒྱལ་ཁོང་གིས་ཀྱང་མིག་དབང་གསར་བ་ཞིག་གི་ཐོག་ནས་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ཚད་ཐིག་འདི་གྲས་ལ་བསམ་གཞིག་བྱེད་དུ་བཅུག་ཡོད་པས། དེ་ནི་རྩོམ་དེའི་གསར་བའི་ཆ་རེད། ཡང་གཅིག་བཤད་ན།  རྩོམ་གྱི་ནང་“ངའི”ཁོར་ཡུག་ཁྲོད་དུ་ཧཱ་པའི་མཚོན་བྱེད་དུ་གྱུར་བའི་མི་སྣ་ངོ་དགའ་སྤྲེལ་ལད་ལ་དགའ་ཞིང་། རང་དོན་བསྒྲུབས་ན་དྲིན་ཆེན་རྒྱབ་ བསྐྱུར་བྱེད་མཁན་གྱི་འགྱུར་བའི་རང་བཞིན་མངའ་བའི་མི་སྣ་འདི་འདྲ་འབྱུང་དོན་ནི་གཅིག་ནས་“ང”དང་། རྫོང་དཔོན། “ངའི” ཆུང་མ། དྲུང་ཡིག་བུ་མོ་ལ་སོགས་པའི་ངོ་དགའ་སྤྲེལ་ལད་བྱེད་མཁན་ལ་དགའ་པོ་བྱེད་མཁན་གྱི་མི་སྣ་དུ་མ་ཡོད་པས་ཡིན་པས། འདིའི་བར་ཡུལ་དང་ཡུལ་ཅན་བར་གྱི་འབྲེལ་བ་གྲུབ་པ་ཡིན་ཏེ།  ཡུལ་ཅན་ཧཱ་པ་འདྲ་བའི་མི་སྣ་འབྱུང་དོན་ནི“ང”དང་།  རྫོང་དཔོན།   “ངའི” ཆུང་མ། དྲུང་ཡིག་བུ་མོ་ལ་སོགས་པའི་ཡུལ་དུ་མ་ཡོད་པས་ཡིན། དེ་ཡང“དཔེ་གཞིའི་ཁོར་ཡུག་ནི་མི་སྣའི་གཤིས་ཀ་གྲུབ་པའི་རྨང་གཞི་ཡིན་པ་མ་ཟད། མི་སྣའི་འགུལ་སྐྱོད་དང་གཤིས་ཀའི་འཕེལ་འགྱུར་ལ་ཁ་ལོ་བསྒྱུར་བྱེད་ཀྱང་ཡིན”【18】ཞེས་དཔེ་གཞིའི་མི་སྣ་ཧཱ་པ་འབྱུང་དོན་ནི་དཔེ་གཞིའི་ཁོར་ཡུག་དང་དོ་མཉམ་ཞིང་།   “དཔེ་གཞིའི་ཁོར་ཡུག་དང་དཔེ་གཞིའི་མི་སྣ་གཉིས་ཀྱི་བར་དུ་རྟེན་བྱུང་འབྲེལ་གྱི་འབྲེལ་བ་གྲུབ་ཅིང་། དཔེ་གཞིའི་མི་སྣའི་འབྲེ་བཞེངས་ནི་ཁོར་ཡུག་དང་འབྲལ་ཐབས་མེད་པ་མ་ཟད།  དཔེ་གཞིའི་ཁོར་ཡུག་ནི་དཔེ་གཞིའི་མི་སྣ་བརྟེན་སའི་དངོས་ཡོད་རྨང་གཞི་ཡིན། དཔེ་གཞིའི་ཁོར་ཡུག་མེད་ན་དཔེ་གཞིའི་མི་སྣའི་སྐད་ཆ་དང་བྱ་བྱེད། ཐ་ན་སེམས་ཁམས་ཚུན་ཆད་ལ་རྟེན་གཞི་ཅི་ཡང་མེད་པར་ཆུ་མགོ་མེད་པའི་ཆུ་ལག་དང་གཞུང་རྟ་མེད་པའི་འདབ་ལག་ཏུ་གྱུར་བ་ཡིན”【19】ཅེས་པ་ལྟར།   མི་སྣ་ཧཱ་པ་འདྲ་བའི་ཡུལ་ཅན་འབྱུང་དོན་ཡང་དཔེ་གཞིའི་ཁོར་ཡུག་དང་ཡུལ་དུ་མ་ཡོད་པས་ཡིན་པས། དེ་གཉིས་བར་དུ་རྟེན་བྱུང་འབྲེལ་གྱི་འབྲེལ་བ་གྲུབ་པ་སྨྲ་མི་དགོས།  རྩོམ་པ་པོ་དང་རྩོམ་གཞུང་སྨྲ་བ་མང་པོ་ཞིག་གིས། བརྩམས་སྒྲུང་གི་འགན་འཁྲི་གཙོ་བོ་ནི་མི་སྣའི་གཤིས་ཀའི་འཕེལ་རིམ་འབྲི་བཞེངས་ཀྱི་གཤིས་ཀའི་ལོ་རྒྱུས་དེ་ཡིན་ཞེས་པ་ལྟར། 《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་དུའང་མི་སྣའི་གཤིས་ཀའི་འཕོ་འགྱུར་དང་ཡིད་ཀྱི་འགྱུར་བའི་རང་བཞིན་མང་དག་ཅིག་ཡོད་དེ། “ངས”ཧཱ་པ་ལ་འཛིན་པའི་གཤིས་ཀའི་འགྱུར་བ་དང་། ཧཱ་པས་“ང” ལ་འཛིན་པའི་གཤིས་ཀའི་འགྱུར་ལྡོག    དྲུང་ཡིག་བུ་མོས་ཧཱ་པ་ལ་འཛིན་པའི་གཤིས་ཀའི་འགྱུར་ལྡོག་སོགས་གང་མང་ཡོད།  ཧཱ་པ་དེ་རིགས་ནི་ལྷ་བྱམས་རྒྱལ་གྱི་《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ཞེས་པའི་ནང་གི་མི་སྣ་བཀྲ་ཤིས་བཞིན་གྲིབ་གཟུགས་ཀྱི་ཁྲོད་དུ་རང་གི་གྲིབ་གཟུགས་བོར་བའི་མི་སྣ་ཞིག་མ་ཡིན་ལ།  གཞན་གྱི་གང་ཟེར་རྗེས་ལ་འབྲངས་མཁན་གྱི་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་དཔེའི་དོ་ཟླར་ཡང་མི་རུང་། ཁོ་ལ་རང་ཉིད་ཀྱི་བསམ་བློ་ཡོད་པ་དང་།   མི་བུ་སྒེར་གྱི་རྩིས་མཐོང་ཡོད་མཁན་ཞིག་ཡིན། ལྷག་པར་དུ།“དངོས་པོ་དང་དཔལ་འབྱོར་དོན་དུ་གཉེར་བ་འཇིག་རྟེན་བྱ་གཞག་ཀུན་གྱི་ལྟེ་བ་རུ་བྱེད་པ་འདི་དེང་འདིར་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྲུབ་ཚར།   འཕེལ་ཕྱོགས་དེའི་ཤན་ཤུགས་ཀྱིས་ད་ལྟ་བོད་ཡུལ་དུའང་འཕོ་འགྱུར་གསར་བ་བྱུང་ནས་མི་ཚེའི་ལྟ་ཚུལ་གསར་བ་ཞིག་དང་། རིན་ཐང་ལྟ་ཚུལ་གསར་བ་ཞིག་སྐྱེ་བཞིན་ཡོད་ལ། དེའི་འོག་ནས་ད་ལྟ་ཚང་མའི་སེམས་ཀྱི་གཏིང་རིམ་ན་འཇིག་རྟེན་ཕན་ཁེ་རིང་ལུགས་ཀྱི་ལྟ་གྲུབ་གསར་བ་ཞིག་ཆགས་བཞིན་ཡོད།  དཔལ་འབྱོར་དར་རྒྱས་དང་འབྲེལ་བའི་ཆོས་དངོས་ཡོད་ཚད་བླ་རུ་བཀུར་ཅིང་།  ཕྱིའི་རྒྱུ་ནོམ་ལ་སྐྱབས་སུ་སོང་བས།   ནང་སེམས་ཀྱི་ལྟ་རྟོག་དང་གསོ་སྐྱོང་བཏང་སྙོམས་སུ་འགྲོ་བཞིན་ཡོད”【20】པས།  འཛམ་གླིང་གོ་ལ་ཧྲིལ་པོར་དཔལ་འབྱོར་དང་ལྷག་པར་དུ་མི་བུ་སྒེར་གྱི་དབང་ཐང་རྩོད་པའི་འགྲན་རྩོད་ཀྱི་དུས་རབས་འདི་ལ་ཆ་མཚོན་ནས་བཤད་ན། ཧཱ་པའི་མཚོན་བྱེད་མི་སྣ་དག་ཀྱང་རང་ཉིད་ཀྱི་ཁེ་ཕན་དང་དབང་ཐང་གི་སླད་དུ་ཐབས་བརྒྱ་ཇུས་སྟོང་གིས་འགྲན་རྩོད་ཀྱི་དོ་ར་འདིར་ཟབ་བཞུགས་བྱེད་བཞིན་པའང་སྤྱི་ཚོགས་ཀྱིས་མི་བུ་སྒེར་ལ་སྟོན་པའི་རེ་བ་དང་། དུས་རབས་ཀྱི་དགོས་མཁོ་ཉག་གཅིག་ཡིན་པ་སྨོས་མེད་རེད་ལ། ཧཱ་པ་ལྟ་བུའི་མི་སྣ་ཐོན་པའང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་འབྲས་ཡིན་པ་སྨྲ་མི་དགོས།  ཧེ་ཀོར་གྱིས།“མི་དགེ་བ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཡིན”【21】པར་གསུངས་པའང་ཧཱ་པའི་གནས་བབ་དང་བསམ་སྦྱོར་སོགས་ལ་སྦྱར་ན་ཤིན་ཏུ་འཚམས་པར་འདོད། འོན་ཀྱང་སྲོལ་རྒྱུན་གྱི་མི་ཆོས་ཀྱི་མཐོང་སྣེ་སྤྱད་ནས་རྩོམ་འདིར་ཀློག་འགྲེལ་བྱས་ན། ཧཱ་པ་ལྟ་བུའི་མི་སྣའི་རིགས་ནི་ང་ཚོའི་དམོད་མོ་དང་མཆི་ཞགས་འཕེན་ཡུལ་དུ་གྱུར་བ་གདོན་མི་ཟ་སྟེ། ཁུང་ཙིས་ཀྱང་། “སྒེར་དོན་གཞིར་བཟུང་ནས་སྤྱོད་པ་བརྩམས་པ་ནི་འཁང་ར་མང་བའི་གཡབ་མོ་ཡིན”【22】ཅེས་པ་དང་།  “དམ་པས་ཀུན་སྤྱོད་ལ་དམིགས།   དམན་པས་རང་ཡུལ་ལ་དམིགས”【23】ཞེས་པའི་གཏམ་དག་ལས་ཀྱང་ཧཱ་པ་ལྟ་བུའི་སྒེར་དོན་འབའ་ཞིག་དོན་གཉེར་བྱེད་མཁན་དང་། རང་ཡུལ་ལ་དམིགས་མཁན་དག་ནི་དམན་པའི་རྟགས་སུ་བཞག་ཡོད་པ་ཤེས་ནུས། འོན་ཀྱང་།དེང་གི་དུས་འདིར། གཞན་བསྟུན་གྱི་བསམ་བློ་ཐལ་དྲགས་ན་སྐྱོ་གར་གྱི་འབྱུང་རྩར་གྱུར་བཞིན་ཡོད་པ་རྩོམ་གྱི་འབྲོག་ཁྱི་ལས་ཀྱང་ཤེས་ནུས་པས།  ཐམས་ཅད་གཞན་དང་བསྟུན་ན་མི་བུ་སྒེར་གྱི་ཕུགས་བསམ་དང་འདོད་འདུན་བསྒྲུབ་རྒྱུ་ལྟ་ཅི། ཐ་ན་རང་ཉིད་ཀྱང་བརླགས་ངེས་ཡིན་ཏེ། ཐམས་ཅད་བདག་པོར་བསྟུན་མཁན་གྱི་འབྲོག་ཁྱི་དེ་མཐར་རང་ཉིད་བོར་བས་མི་ཚད་ཧཱ་པའི་ཟས་སུ་གྱུར་བ་རྩོམ་ལས་གསལ་བོར་རྟོགས་ནུས། དེའི་ཐད་ནས་བཤད་ན།   རྩོམ་པ་པོས་སྲོལ་རྒྱུན་གྱི་མཐོང་སྣེ་བསྐྱུར་ཏེ་མིག་དབང་གསར་བ་ཞིག་གི་ཐོག་ནས་གནད་དོན་ལ་བལྟ་ཐུབ་པ་ཤེས་ཤིང་།  རྩོམ་པ་པོའི་སྔོན་ཐོན་གྱི་འཇིག་རྟེན་ལྟ་ཚུལ་དང་།   རིན་ཐང་ལྟ་ཚུལ་ཡང་ཤུགས་ལས་མཐོང་ཐུབ་པ་ཡིན།    རྩོམ་པ་པོས་དེ་འདྲའི་མིག་དབང་གསར་བ་ཞིག་གི་ཐོག་ནས་གནད་དོན་ལ་ལྟ་ཐུབ་པ་དེ་བརྩམས་སྒྲུང་དེ་ལེགས་གྲུབ་བྱུང་བའི་རྒྱུ་གཙོ་བོ་ཞིག་ཡིན་པར་སེམས་སོ།།  ཁོང་གི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང《ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཞེས་པ་དེའང་བརྩམས་སྒྲུང་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་སྟེ། རྩོམ་འདིར་དཀར་ནག་ཕྱིན་ཅི་ལོག་པའི་རིག་གསར་སྔ་གཞུག་གི་ལོ་རྒྱུས་ཤིག་རྒྱབ་ལྗོངས་སུ་བྱས་ཏེ་བྲིས་པ་ཞིག་ཡིན་ཞིང་།  དེའི་ནང་སྒོ་ཁྱི་ཞིག་གཏམ་རྒྱུད་ཀྱི་ཁུངས་སྣེར་དྲངས་ཤིང་ཡུལ་དུས་ཀྱི་ཚད་བཀག་ལས་བརྒལ་ཏེ་སྔར་སོང་གི་གནས་ཚུལ་དང་ད་ལྟའི་བྱུང་བ་གཉིས་སྤེལ་མར་བྲིས་ཡོད་པས།    སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་མི་སྣའི་རང་གཤིས་ལ་འཁྱོག་བསྒྱུར་ཐེབས་པའི་སྣང་ཚུལ་དང་ཡུལ་དུས་དེའི་ཁྲོད་ཀྱི་མི་སྣའི་སེམས་ཁམས་ལ་སོགས་པ་ཞིབ་འབྲི་བྱས་པས་རང་ཅག་ལ་བསམ་གཞིག་གི་བར་སྟོང་ཞིག་གསར་བཞེངས་བྱས་ཡོད། རྩོམ་གྱི་མགོ་མཇུག་གཉིས་ཀར་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི་བཀའ་ལུང་དུ་དྲངས་ཏེ། སྒྲུང་གི་སྟོད་ཆར“སེམས་ཅན་ཐམས་ཅད་རང་ཉིད་ཀྱི་མ་རུ་མ་གྱུར་བ་མེད”ཅེས་པའི་གསུང་གི་རྒྱུན་འགྲོགས་ནས་ལོ་དེའི་རིག་གནས་གསར་བརྗེ་ཆེན་མོའི་སྔ་གཞུག་ཏུ་བྱུང་བའི་འབྲོག་ཁུལ་གྱི“ཁྱི་གསོད་ལས་འགུལ”དང་། “ཁྱི་མོ་དམར་མོའི་དོན་རྐྱེན”གྱི་གཏམ་རྒྱུད་མཚར་པོ་ཞིག་རྩོམ་དུ་བཀོད་ནས། རྩོམ་གྱི་མི་སྣ་གཙོ་བོའི་གྲས་དཀོན་ཐོའི་སྐྱེ་བ་སྔོན་མ་ནི་ཁྱི་མོ་དམར་ མོ་ཞིག་ཡིན་པ་དང་། “ཁོའི་ཆུང་མ་དེའང་ཁོའི་སྐྱེ་བ་སྔོན་མའི་ཨ་མ་ཡིན་ཀྱང་སྲིད”ཅེས་པའི་ཨ་ལགས་ཚང་གི་གསུང་འདི་དྲངས་ནས་ང་ཚོར་ལྐོག་གྱུར་གྱི་སྒྱུ་རྩལ་འཇིག་རྟེན་ཞིག་འགྲེམས་སྟོན་བྱས་ཤིང་།  དཀོན་ཐོས་ཆུང་མ་མེ་ཏོག་འདྲ་བ་ཞིག་རང་ཁྱིམ་དུ་བསུས་ཏེ་རང་ཉིད་ཀྱི་ལོ་ན་བགྲེས་པའི་ཨ་མ་སྒོ་ཕྱིར་སྤྱུགས་པའི་གནད་དོན་ལ་སྡེ་བའི་རྒན་པོ་འགས་གྲོས་བསྡུར་བྱས་ནས། དཀོན་ཐོའི་ཨ་མ་ཕྱིར་རང་ཁྱིམ་དུ་བསུ་ཐབས་བྱེད་པར་ཞི་དྲག་གཉིས་ཀྱི་བཀོད་པ་སྣ་ཚོགས་འཐེན་པའི་སྐོར་ཏེ།  ཁོའི་ཨ་མ་ཁོའི་ཁྱིམ་དུ་བསུ་བའི་འགན་དེ་ཁོའི་ཞང་པོ་བློ་རྒྱམ་ལ་བབས་པ་རེད།   ཐེངས་དེའི་“ཁྱི་གསོད་ལས་འགུལ”སྤེལ་བའི་ལས་བྱེད་ཚན་ཁག་གི་ཚན་གཙོ་ནི་ཝང་ཏ་ཧེ་ཟེར་བའི་མི་དེ་ཡིན་ལ།   ཁོ་ནི་རྩོམ་དེའི་ནང་གི་མི་སྣ་གཙོ་བོའི་གྲས་ཤིག་ཡིན་པ་གང་ཞིག  དོན་མེད་ཀྱི་“ཁྱི་གསོད་ལས་འགུལ”སྤེལ་མཁན་གྱི་བྱེད་གཏེ་ཡང་ཡིན་ཏེ།  ཁོ་ནི་ཁྱི་སྨྱོན་གྱིས་འཆོས་པ་བཞིན་ཁྱི་གསོད་ལས་འགུལ་དང་རིག་གནས་གསར་བརྗེ་ཆེན་པོའི་བར་འབྲེལ་བ་མེད་བཞིན་དུ་དོན་མེད་དུ་སྐྱོ་གར་ཞིག་འཁྲབ་ཏེ“ཁྱི་གསོད་ལས་འགུལ”དང“ཁྱི་མོ་དམར་མོའི་དོན་རྐྱེན”བསླངས་པས། མང་ཚོགས་རྣམས་ལ་གདུག་རྩུབ་ཀྱི་སྦྱོར་ངན་བཤམས་པ་སྟེ། ཁོས་ལོ་དེར་བྱུང་བའི་ཁྱི་ནད་ལ་སྔོན་འགོག་བྱ་དགོས་པའི་བཀའ་ཕབས་ཏེ་ཁྱིམ་ཚང་རེ་རེའི་སྒོ་ཁྱི་དང་ཉེ་འགྲམ་གྱི་ཁྱི་སྨྱོན་མཐའ་དག་མེད་པར་གཏོང་དགོས་པའི་གནད་དོན་གཏན་འཁེལ་བྱས་པས། འབྲོག་མི་ཚང་མ་རང་རང་གི་སྒོ་ཁྱི་ལ་འདང་བརྩེ་ཆེ་ཡང་མེད་པར་མི་བཟོ་ཀ་མེད་བྱུང་བ་རེད། འོན་ཀྱང་།   རྒན་པོ་བློ་རྒྱམ་གྱིས་རང་ཁྱིམ་གྱི་ཁྱི་མོ་དམར་མོ་དེ་ལྐོག་ཏུ་ཕྱིར་རི་ལ་བསྐྲད་པ་རེད། དེའི་དབང་གིས། རྗེས་སུ་གཞན་གྱི་ལུག་ཁྱུ་སྤྱང་ཀིའི་གཟན་ཆས་སུ་གྱུར་ཡང་ཞང་པོ་བློ་རྒྱམ་གྱི་ལུག་ཁྱུར་གནོད་འཚེ་ཅི་ཡང་བྱུང་མེད་པ་རེད། འོན་ཀྱང་། ཁོས་ཁྱི་མོ་དམར་མོ་མ་གསད་པའི་དོན་གཞན་གྱིས་ཤེས་རྗེས།   ཁོར“གསར་བརྗེའི་ངོ་རྒོལ་པའི”ཞྭ་མོ་བསྐོན་ནས་འཐབ་རྩོད་བྱས་ལ།  རྗེས་སུ་“ཁྱི་མོ་དམར་མོའི་དོན་རྐྱེན”ལངས་ཏེ་ཁོར་ཁྱི་མོ་དམར་མོ་དམར་གསོད་བྱེད་དུ་བཅུག འོན་ཀྱང་།   རིམ་གྱིས་སྡེ་བའི་ནང་དུ་གསར་འགྱུར་ཁྱད་མཚར་ཞིག་གྲགས་པ་སྟེ།  ཁྱི་མོ་དམར་མོ་དེ་ཨ་མྱེས་བཱ་ཡན་གྱི་སྒོ་ཁྱི་ཡིན་པར་བཤད་ནས།  མི་བུ་ཀུན་ལ་དངངས་སྐྲག་ཅིག་དང་དད་སེམས་ཤིག་ལྷན་དུ་སྐྱེས་སུ་བཅུག་པ་རེད།  མཇུག་མཐར་ཡང་མི་རྣམས་ཀྱིས་བཤད་པ་ལྟར་ན། ཁྱི་མོ་དམར་མོའི་རྣམ་ཤེས་ནི་དཀོན་ཐོ་མ་ཡིན་པར་དཀོན་ཐོའི་ཆུང་མ་མེ་ཏོག་འདྲ་བ་དེ་ཡིན་ཚུལ་བཤད་ནས།  ཚང་མས་ཞི་བའི་ཐབས་ཀྱིས་དཀོན་ཐོའི་ཆུང་མ་ཡུལ་དེ་ལས་མཐར་སྐྲོད་གཏོང་བའི་འགོ་ཚུགས་ཤིང་དེའི་ལས་འགན་ཡང་རྒན་པོ་བློ་རྒྱམ་གྱི་ཕྲག་ཏུ་བབས་པ་རེད།  འོན་ཀྱང་།  གནད་དོན་དེ་འདོད་ཐོག་ལ་རྟ་རྒྱུགས་པ་ལྟ་བུ་མ་བྱུང་།  རྗེས་སུ་སྡེ་བའི་མི་རྣམས་ཀྱིས་བཤད་པའི་ཁྱི་མོ་དམར་མོ་དེ་ཨ་མྱེས་བཱ་ཡན་གྱི་སྒོ་ཁྱི་ཡིན་པའི་གནས་ཚུལ་དེ་ཝང་ཏ་ཧེ་ཡི་རྣ་ལམ་དུ་ཐོས་པས།  ཁྱི་གསོད་ལས་འགུལ་གྱི་བྱ་བ་རྒྱབ་ཏུ་བསྐྱུར་ནས་མང་ཚོགས་ཚོའི་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལྟ་བ་གཙང་སེལ་བྱ་རྒྱུ་གསར་བརྗེའི་དགོས་མཁོ་ཡིན་པར་སེམས་ཏེ། ཡང་བསྐྱར“ཁྱི་མོ་དམར་མོའི་དོན་རྐྱེན”དེ་རྩ་བ་ནས་ཐག་གཅོད་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་བས། ཁོ་ཚོས་ཁྱི་མོ་དམར་མོ་གང་སར་འཚོལ་བར་སོང་ཡང་ལག་ཏུ་མ་སོན་པས།  ཞང་པོ་བློ་རྒྱམ་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། རྒྱུ་མཚན་ནི་ཁྱི་མོ་དམར་མོ་དེ་ཞང་པོ་བློ་རྒྱམ་གྱི་ཡིན་པས།  ཁྱི་མོ་དམར་མོས་བཟོས་པའི་རྙོག་དྲ་མཐའ་དག་ཁྱིམ་བདག་གིས་འགན་འཁུར་དགོས་པས་རེད།   དེས་མ་ཟད།  ཁོས་ཁྱི་མོ་དམར་མོ་མ་གསད་པར་ལྐོག་ཏུ་རི་ལ་བསྐྲད་པས་ད་གཟོད་རྙོག་དྲའི་སྒམ་ཆུང་ཁ་ཕྱེས་པས་རེད། འོན་ཀྱང་། ཁྱི་མོ་དམར་མོ་དེ་ཡང་བདག་པོར་བརྩེ་འདང་ཅན་ཞིག་རེད་འདུག་སྟེ། ཁོ་རང་ལུས་ཡོངས་ཁྲག་གིས་སྦགས་ཀྱང་བདག་པོའི་སར་ཡོང་བས།  ད་གཟོད། ཁྱི་མོ་དམར་མོ་དེ་ཁོ་ཚོའི་ལག་འོག་ཏུ་ཐེབས་ཙམ་བྱུང་བ་རེད།  སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཞན་པ་དཀོན་ཐོའི་ཕ་ནི་“ཁྱི་གསོད་ལས་འགུལ”གྱི་ཚན་གཙོ་གཞོན་པ་དང་། སྡེ་བའི་རུ་དཔོན་ཡིན་ཞིང་། ཁོ་ནི་གོང་རིམ་གྱི་བཀའ་བཀོད་མཐའ་དག་གང་ནུས་ཅི་ནུས་ཀྱིས་དང་དུ་ལེན་མཁན་ཞིག་ཏུ་གྱུར་བས། ཁོས་ཐ་ན་རང་གི་ཚ་མོ་སྟེ་བུ་མོ་ལོ་བརྒྱད་པ་སོན་པ་དེར་ངོས་བཏགས་བྱས་པའི་ཧཱ་པ་ཆུང་ཆུང་ཞིག་ཡོད་པ་དེའང་ཐར་པར་མ་གཏང་བར་ཧཱ་པ་བཙན་འཕྲོགས་བྱས་ཏེ་མདེའུ་གཅིག་གིས་དམར་གསོད་བྱས་པའི་གནས་ཚུལ་བཀོད་པ་དེས་རྩོམ་ལ་སྐྱོ་གར་གྱི་མཁའ་དབུགས་སྟུག་པོ་ཞིག་སྦྱིན་པར་བྱས་ཡོད། ཁོ་ལ་བྲན་གཤིས་མངོན་གསལ་དོད་པོ་ལྡན་ཡོད་པའི་དབང་གིས། ཡིད་ཕམ་པ་ཞིག་ནི། ཁོ་དཔོན་པོའི་དབང་ཤུགས་ལ་བཟློག་མ་ནུས་པར་ཁྱི་ཤ་ཟ་དགོས་བྱུང་སྟེ།  མཐར་མལ་སའི་ནང་འགྲེ་ལོག་ལན་འགར་བརྒྱབ་རྗེས་དབུགས་ཀྱི་རྒྱུ་བ་ཆད་པ་རེད། ཁོའི་འཆི་རྐྱེན་ནི་རང་ཅག་གི་བཤད་སྲོལ་ལྟར་ན་རྣམ་སྨིན་འཁོར་བ་རེད་ཅེས་བརྗོད་ཆོག  རྩོམ་འདིའི་སྟོད་ཆར་འདི་ལྟ་བུའི“ཁྱི་གསོད་ལས་འགུལ”དང“ཁྱི་མོ་དམར་མོའི་དོན་རྐྱེན”དང་འབྲེལ་བའི་དཀོན་ཐོའི་བཟའ་མི་དང་གཉེན་ཚན། ཐ་ན་སྡེ་བ་སྤྱིར་བྱུང་བའི་གསང་བ་ལྐོག་གྱུར་ཡིན་པ་ལ་དོན་དངོས་འཚོ་བའི་ཁྲོད་དུ་འབྱུང་ཡང་སྲིད་པའི་གཏམ་རྒྱུད་ཡ་མཚན་ཞིག་བཀོད་ནས། ལས་བྱེད་ཚན་ཁག་གིས་དོན་མེད་དུ་བཟོས་པའི་སྐྱོ་གར་གྱི་གནས་ཚུལ་འགྲེམས་སྟོན་བྱས་ཡོད།  དེའི་ནང་ལས་བྱེད་མི་སྣའི་ནག་ཉེས་ཐེར་འདོན་བྱས་ཡོད་ལ། མང་ཚོགས་ཚོའི་བསམ་པའི་འཁྱེར་སོ་དང་རིན་ཐང་ལྟ་ཚུལ་ཡང་ཡོད། དེ་མིན་ཁྱི་དང་མིའི་བར་གྱི་འགལ་འབྲེལ་ཡོད་ལ།  གཉེན་ཚན་བར་གྱི་འགལ་འདུ་ཡང་ཡོད་པས། གཏམ་རྒྱུད་ཀྱི་བྱུང་རིམ་ཅུང་ཟད་ཀྱ་ཀྱུ་འཕྲུལ་འཛིང་ཅན་ཞིག་ཏུ་གྱུར་ཡོད།  སྒྲུང་གི་སྨད་ཆར་སྟོན་པ་ཐུགས་རྗེ་ཅན་གྱིས་གསུངས་པའི“གཉེན་དང་ཉེ་དུ་ཐམས་ཅད་ཚོང་འདུས་ཀྱི་མགྲོན་པོ་ལྟ་བུ་ཡིན”པར་གསུངས་པའི་བཀའ་ཡི་རྒྱུན་དང་བསྡོངས་ནས་དཀོན་ཐོ་དང་འབྲེལ་བའི་ཁོའི་ཆུང་མ་དང་ཉེ་དུ་ཕན་ཚུན་བར་གྱི་འགལ་འདུས་གྲུབ་པའི་འཇིག་རྟེན་ཞིག་ང་ཚོའི་མིག་ལམ་དུ་བསྟན་ཞིང་།  མཐར་དཀོན་ཐོས་ཉེ་དུ་དང་སྡེ་བ་དེ་བཞག་ནས་སྡེ་བའི་ཕ་རོལ་གྱི་སར་སྤོས་པའི་གཏམ་རྒྱུད་བཀོད་ནས་མཇུག་བསྡུས་ཡོད། རྩོམ་འདིར་རང་མི་རིགས་ཀྱི་རིག་གནས་སྟེ་ཆོས་ལུགས་རིག་གནས་ཀྱི་སྐྱེ་བ་སྔ་ཕྱིའི་གནད་དོན་མང་དག་ཅིག་གསལ་བོར་མཚོན་ཞིང་། རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇི་འདྲ་ཡིན་པའང་རགས་ཙམ་ཚུར་སྣང་བྱས་ཡོད་ལ། རྩོམ་འདིའི་མི་སྣ་དག་ཀྱང་དཀར་ཕྱོགས་མི་སྣ་ཡག་ཐོག་ཡག་རྩེག་དང་། ལྡོག་ཕྱོགས་མི་སྣ་ངན་པ་ངན་རྐྱང་དུ་འབྲི་བའི་རྣམ་པ་ལས་རྒྱང་དུ་བརྒལ་ཏེ། སྤྱིར་དྲང་ཕྱོགས་མི་སྣ་ཡིན་པ་ལ་སྐྱོན་གྱི་དྲི་མ་ཡང་ཅུང་ཟད་ཡོད་པ་ཞིག་ཞིབ་འབྲི་དང་། སྤྱིར་ལྡོག་ཕྱོགས་མི་སྣ་ཡིན་པ་གང་ཞིག་ཡང་དེར་བཟང་ཕྱོགས་ཀྱི་སྣ་ཡང་ཡོད་པ་ཞིག་ཞིབ་འབྲི་བྱས་ཡོད་པས།  མིའི་རང་བཞིན་དངོས་དེ་གསལ་བོར་ཞིབ་འབྲི་ཐུབ་ཡོད་པས་དེ་ཡང་རྩོམ་འདིར་མཚོན་ན་དགེ་མཚན་ཅིག་ཏུ་མཐོང་། འབྲེལ་ཡོད་ལས་ཁུངས་ཀྱིས་སྟག་འབུམ་རྒྱལ་ལ་བཅར་འདྲི་བྱས་པའི་ནང་དོན་ལ་བལྟས་ན། ཁོའི་བརྩམས་སྒྲུང་ཐོག་མ་ནི་བཀྲ་བྷ་དང་ལྷན་དུ་བརྩམས་པའི《མཚོ་སྐྱེས》ཞེས་པ་དེ་ཡིན་པར་གྲགས་ཤིང་། རྩོམ་དེ་དང་དེ་རྗེས་ཀྱི་བརྩམས་སྒྲུང《ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ》དང《གཏན་དུ་རེ་བའི་རྨི་ལམ》《ཨ་ཕ་བློ》ལ་སོགས་པའི་ཁོའི་ཐོག་མའི་གྲས་ཀྱི་བརྩམས་སྒྲུང་ཕལ་ཆེ་བ་དངོས་ཡོད་རིང་ལུགས་ཀྱི་ལམ་ནས་བརྩམས་ཤིང་།   ཁོའི་བརྩམས་སྒྲུང་གསར་རྩོམ་ཁྲོད་ཀྱི་མཚོན་ཐབས་གཙོ་བོ་ནི་དངོས་ཡོད་རིང་ལུགས་ནས་དེང་རབས་རིང་ལུགས་དང་།  དེ་ནས་ཕྱིར་དངོས་ཡོད་རིང་ལུགས་སུ་ལོག་པའི་བརྒྱུད་རིམ་ཞིག་ཡིན་འདུག  བརྩམས་སྒྲུང་ཐོག་མ་སྟེ་བཀྲ་བྷ་དང་ལྷན་དུ་བརྩམས་པའི《མཚོ་སྐྱེས》ཞེས་པ་དེའི་ནང་མཚོ་སྐྱེས་ནི་སྤྱིར་གཟུགས་མཛེས་ཡིད་དུ་འོང་བའི་བུད་མེད་དགེ་རྒན་དཀྱུས་མ་ཞིག་ཡིན་ཡང་མོའི་ལས་རོགས་དགེ་རྒན་རྣམས་ཀྱིས་ཁོ་མོར་ཁ་ཡག་ངོ་དགའ་བྱ་རྒྱུ་ལྟ་ཅི། སུན་སྣང་དང་ཞེ་ལོག་བྱས་ནས་མིག་ནང་གི་ཚེར་མར་བརྩིས་ཏེ། ཁོ་མོའི་སློབ་ཁྲིད་ཀྱི་བྱ་བའི་ཐོག་དཀའ་ཚེགས་ཅི་འདྲ་བྱུང་ཡང་རོགས་རམ་མི་བྱེད་པའི་ཐོག   མི་འདོད་པའི་འཕྱ་སྨོད་དང་ཟུར་ཟ་སུན་འབྱིན་སྣ་ཚོགས་བྱས་པས་ཁོ་མོ་ནི་གནོད་འཚེ་གང་མང་མྱོང་མཁན་ཞིག་ཏུ་གྱུར་བ་རེད།  ཁོ་ཚོས་དེ་ལྟར་བྱེད་དོན་ནི་ཁོ་མོའི་ཁ་སྒོ་སྐྱེ་འབྲས་མཚར་བས་མིན་པར་མོ་ནི་“ཕྲད་རང་དབང་ཅན”ཞིག་ཡིན་པས་རེད། དེ་ལྟར་མཚོ་སྐྱེས་ནི་དཔལ་ལྡན་དང་བྱམས་ནག    ཚེ་རིང་སོགས་དང་འབྲེལ་བ་ཟབ་པ་ཞིག་ཡིན་ཡང་།   དཔལ་ལྡན་དང་བྱམས་ནག་གཉིས་ནི་རང་གི་གཏན་གྲོགས་ཀྱི་འདུན་པ་བཅོལ་ཡུལ་མིན་པ་ཚོར་ནས་ཚེ་རིང་དང་འབྲེལ་བ་བྱ་དགོས་བསམས་ཡང་།   ཚེ་རིང་དང་ཁོ་གཉིས་བར་ལ་འགལ་བ་ཕྲན་བུ་བྱུང་བས་མོའི་ཡོད་ཚད་ཀྱི་ཡོད་ཚད་སྐྱ་ཐིང་ངེར་དང་སྟོང་སང་ངེར་གནས་ཡོད་པའི་སྐྱོ་གདུང་གི་འཇིག་རྟེན་ཞིག་བཞེངས་སྐྲུན་བྱས་ཡོད། རྩོམ་འདི་ཁོའི་བརྩམས་སྒྲུང་ཐོག་མ་ཡིན་པའི་ཆ་ནས། རྩོམ་འདིར་གཅིག་ནས་བརྗོད་བྱ་རྒྱ་ཆེན་པོ་མེད་ལ། བྱུང་རིམ་ཡང་ལུ་གུ་བསྟར་ལ་བརྒྱུས་པ་བཞིན་ཀྱ་ཀྱུ་འཕྲུལ་འཛིང་ཅན་ཞིག་མ་ཡིན།  དེས་མ་ཟད།    བརྩམས་སྒྲུང་དེར་གཏམ་རྒྱུད་ཀྱི་ཤས་ཆེ་བ་དང་། བསྟན་དོན་མཚར་པོ་ཞིག་ལྷུར་དུ་བླངས་པ་མ་ཡིན་པས།  ཀློག་ན་ཁ་ལ་བདེ་ཞིང་སྙན་ཡང་ཁོའི་ཉེ་ཆར་བརྩམས་སྒྲུང་དག་དང་བསྡུར་ཐབས་མེད་པར། དེ་འདྲའི་རིན་ཐང་ཆེས་ཆེར་མེད།    དེ་འདྲ་ཡིན་པར་ཡང་ཁག་མེད་དེ། རྩོམ་དེ་ནི་ཁོའི་བརྩམས་སྒྲུང་ཐོག་མ་ཡིན་པས།“མཁས་པ་སྔ་མ་བཟང་། བརྩམས་ཆོས་ཕྱི་མ་བཟང”བའི་གནས་ལུགས་དང་མཐུན་ཡོད་པ་ཡིན། སྔོན་བྱོན་མཁས་པས།“རིགས་གཟུགས་ལང་ཚོ་ལྡན་ན་ཡང་།། ཡོན་ཏན་མེད་ན་མཛེས་མ་ཡིན།། རྨ་བྱ་སྤུ་སྡུག་ཡིད་འོང་ཡང་།། ཆེན་པོའི་རྒྱན་དུ་འོས་སམ་ཅི།།”ཞེས་པ་བཞིན། མོ་ཁེར་ཧྲེང་དང་སྐྱོ་གདུང་གིས་མནར་དོན་ནི་བུད་མེད་ཞིག་ལ་ཆ་མཚོན་ནས་བཤད་ན། མོར་སྨྲ་བ་མང་བའི་སྐྱོན་དང་།  བརྩེ་དུང་ལ་བློ་ཕུགས་མི་བརྟན་པ། གཞན་དང་འགྲོགས་བདེ་གཤིབ་བདེ་མི་བྱེད་ལ། རང་ཚུགས་དབེན་པས་རེད།   ཁོའི་བརྩམས་སྒྲུང་《ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ》ལྟ་བུར་མཚོན་ན།   གཙོ་བོ་སློབ་གསོའི་སྐོར་གྱི་གནད་དོན་ཞིག་བཀོད་འདུག་སྟེ། ཁྱིམ་བདག་ཞིག་གིས་བུ་མོ་སློབ་གྲྭར་སྐྱེལ་མིན་གྱི་ཐད་ལ་མནོ་བསམ་གཏོང་བའི་འགལ་འདུས་ཁེངས་པའི་ཁོའི་ནང་སེམས་ཀྱི་འཇིག་རྟེན་ཚུར་སྣང་བྱས་ཡོད། ཁྱིམ་མཚེས་དགེ་ལེགས་ཀྱི་སྐད་ཆ་སྟེ།“ཧེ་ཧེ།  བུ་མོ་ཞིག་སློབ་གྲྭར་བསྐྱལ་ན་རྗེས་ནས་ཟླ་ཕོག་ཞིག་ལོན་ན་ཐང་མི་ལོན་ནའང་ཐང་།  དེ་སུ་ཞིག་གིས་ཤེས།   གལ་ཏེ་ལོན་ནའང་ཁྱེད་ལ་ཨེ་དབང་ངམ། མ་བུ་མོ་འགྲོ་ས་གནས་ཡིན”ཟེར་བའི་སྐད་ཆ་དང་།  ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ་སྟེ་དགེ་རྒན་དོན་གྲུབ་ཀྱིས་བུ་མོ་སློབ་གྲྭར་བཏང་ན་ཇི་ལྟར་བཟང་ཚུལ་བརྗོད་པའི་དབང་གིས་ཁོའི་ནང་སེམས་འགལ་འདུས་ཁེངས་ཡོད་པ་རེད། རྩོམ་འདིས་ཁྱིམ་བདག་ཞིག་གིས་བུ་མོ་སློབ་གྲྭར་མི་གཏོང་བ་དང་། སློབ་གྲྭར་བཏང་ཡང་ཐོག་མར་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་འདང་རྒྱག་བྱེད་པ་ལས། བུ་མོའི་རྒྱང་རིང་གི་ཕུགས་འདུན་ལ་སེམས་ཚེགས་མི་བྱེད་པའི་སྣང་ཚུལ་དེ་གསལ་བར་བསྟན་ཡོད། རྩོམ་འདིའི་ཁོར་ཡུག་ཞིབ་འབྲི་དག་རྩོམ་གྱི་བརྗོད་བྱ་དང་དེ་བཞིན་ཁོའི་ནང་སེམས་ཀྱི་གནས་ཚུལ་དང་ཤིན་ཏུ་ནས་ཁ་འཕྲོད་ཅིང་།  རྩོམ་འདི་སྤེལ་བའི་དུས་སྐབས་དེའི་ནང་དེ་འདྲའི་སློབ་གསོའི་སྐོར་གྱི་སྤྱི་ཚོགས་སྣང་ཚུལ་ཞིག་བརྗོད་བྱར་བཀོད་པར་ཕན་པ་མི་དམན་པ་ཡོད། འོན་ཀྱང་། རྩོམ་དེར་སློབ་གསོའི་སྐོར་གྱི་སྣང་ཚུལ་དེ་འདྲ་ཞིག་བཀོད་པ་ཙམ་ལས་གཏིང་ཟབ་ས་ནས་གནད་དོན་དེ་རིགས་འབྱུང་བའི་རང་མི་རིགས་ཀྱི་ཁོར་ཡུག་འདིའི་རྩ་བའི་གནད་དོན་སྔོག་འདོན་བྱ་ཐུབ་མེད་ལ།  བུ་མོའི་སློབ་གསོ་དང་རང་གི་ཁེ་ཕན་གཞི་གཅིག་ཏུ་བཞག་ནས་གནད་དོན་ལ་ལྟ་བའི་སྲོལ་ངན་དེར་བསྒྱུར་བཅོས་ཀྱི་སྐུལ་སློང་མི་བྱེད་པར། རྒྱང་རིང་ས་ཞིག་ནས་བུ་མོ་སློབ་གསོ་མྱོང་བར་གཏོང་བའི་གལ་ཆེའི་རང་བཞིན་དེ་ཆེས་ཆེར་གསལ་སྟོན་ཐུབ་མེད་པས་ཞན་ཆར་ངེས་ཤིང་། རྩོམ་མཇུག་འདི་ཁ་ཕྱེ་བར་གནས་ཡོད་པས། ཁོས་ཡང་སྙིང་བུ་མོ་སློབ་གྲྭར་བསྐྱལ་ཡོད་མེད་ཀྱི་གནད་དོན་བཀོད་མེད་པས་མི་འདང་བར་སེམས་ཏེ། གལ་ཏེ་རྩོམ་མཇུག་ཏུ་ཁོས་ཁྱིམ་མཚེས་དགེ་ལེགས་ཀྱི་སྐད་ཆ་རྣ་བའི་རྒྱབ་ཏུ་བསྐྱུར་ནས། དགེ་རྒན་དོན་གྲུབ་ཀྱི་ཁ་ལ་ཉན་ཏེ་སྔོན་ཐོན་གྱི་ལྟ་ཚུལ་དེ་དང་དུ་བླངས་ནས་ཡང་དག་གི་ལམ་བུ་དེ་འདེམས་ཡོད་ཚེ།  རྩོམ་འདི་དེ་བས་རིན་ཐང་ཅན་དུ་ངེས་པར་སེམས་ལ། ལྟ་ཚུལ་གསར་བ་དེ་སྲོལ་རྒྱུན་གྱི་མཁྲེགས་འཛིན་རྙིང་ཞེན་སོགས་ཀྱི་ལྟ་བ་ལས་རྣམ་པར་རྒྱལ་བར་བྱས་པས་ལེགས་པར་སྙམ། རྩོམ་འདིའི་ཁ་བྱང་གི་ངོས་ནས་བཤད་ཀྱང《ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ》ཞེས་བཀོད་ཡོད་པ་དེ་བརྗོད་དོན་དང་ཅུང་ཟད་མི་འཚམས་པར་སེམས་ཏེ།   ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ་ནི་དགེ་རྒན་དོན་གྲུབ་ཡིན་པས།  ཁོ་ནི་དགེ་རྒན་ཞིག་ཡིན་པའི་ངོས་ནས།   སློབ་མ་སློབ་གྲྭར་སྐྱེལ་བའི་གལ་ཆེའི་རང་བཞིན་རྟོགས་མཁན་ཞིག་དང་།   སློབ་གསོའི་ལས་དོན་བསྒྲུབ་མཁན་གྱི་ཆེད་ལས་མི་སྣ་ཞིག་ཡིན་པའི་ངོས་ནས།     དུས་ཚོད་བཀོད་སྒྲིག་གི་ཆ་ནས་ཁོ་ནི་ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ་མིན་པར་སྐྱ་རེངས་སམ་ཉི་འཆར་གྱི་དུས་སུ་ཕེབས་པའི་མགྲོན་པོ་ཞིག་གི་ཚུལ་དུ་བྲིས་ན་རེ་བ་དང་འོད་ཟེར་སྦྱིན་མཁན་ཞིག་གི་གནས་བབ་དང་འཚམས་པར་འདོད། ཁོའི་ཐོག་མའི་གྲས་ཀྱི་བརྩམས་སྒྲུང《གཏན་དུ་རེ་བའི་རྨི་ལམ》ཞེས་པ་དེ་མི་སྣ་དང་པོ་“ང”ཡི་མིང་བརྡ་སྤྱད་ནས།  ལོ་ངོ་བཅུ་ལྷག་གི“ངའི”མི་རྐྱང་རྟ་རྐྱང་གི་འཚོ་བའི་ཁྲོད་ཀྱི་འགྱོད་གདུང་གི་སེམས་ཁམས་དང་།    དཀའ་ཚེགས་ཆེ་བའི་ལོ་ཟླར་ཕྱིར་དྲན་བྱས་ནས་བྲིས་ཡོད་པ་སྟེ། ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ“ང་རང”ལ་དཔུང་རྟགས་དམར་པོ་བཏགས་པའི་གདོང་མཆོང་དཔའ་བོ་ཞིག་གི་མཚན་སྙན་ཐོབ་ནས་ལྷ་འདྲེ་གདོན་བགེགས་ཀྱི་མཚང་རྩ་བ་ནས་སྔོག་འདོན་བྱས་ཏེ་བོད་ཡིག་དཔེ་རྙིང་མང་པོ་ཞིག་མེར་བསྲེགས་པ་དང་།  མ་ཎི་སོགས་ཁ་བཏོན་དང་ཕྲེང་བ་ལག་ཏུ་འཛིན་མྱོང་བའི་གྲལ་རིམ་དགྲ་བོ་མང་པོ་ཞིག་ལ་དགག་རྒྱག་དང་འཐབ་རྩོད་བྱས་པའི་རིག་གསར་གྱི་གོད་ཆག་གནས་ཚུལ་ནང་བཞུགས་མྱོང་བའི་“ང”རང་གིས་བྱས་པའི་ལས་ངན་ནམ་སྐྱོན་གྱི་དྲི་མས་སྦགས་པའི་འདས་སོང་གི་བྱ་སྤྱོད་དག་ཐེར་འདོན་དང་འགྱོད་གདུང་དྲག་པོ་སྐྱེས་པའི་གནས་ཚུལ་བྲིས་ཤིང་།  ལྷག་པར་དུ་སྐབས་དེར་ང་རང་གིས་ཁོ་མོའི་སེམས་ཕམ་ཞིང་ཁོང་ཁྲོ་ལངས་བར་བྱས་པའི་དབང་གིས།   སེམས་དབུས་ཀྱི་ཁོ་མོ་དང་རྒྱང་ཐག་བཀྱེད་ནས་ཁོ་མོར་ཁ་ཡ་མི་བྱས་ལ།  ཁོ་མོའི་དྲང་པོའི་གཏམ་ལ་མི་ཉན་པའི་སེམས་ཀྱི་ན་ཟུག་བརྗོད་ཡོད་ཅིང་།  ལོ་ངོ་བཅུ་ཕྲག་ལྷག་རིང“ང་རང”གིས་གསང་ཤུགས་ཀྱིས་ཁོ་མོ་ལ་རེ་སྒུག་བྱས་ཏེ། ཡིད་སེམས་སུ་ཁོ་མོ་ལ་འགྱོད་བཤགས་བྱེད་འདོད་པ་དེ་ངའི་གཏན་དུ་རེ་བའི་འདུན་པ་ཡིན་ཚུལ་བརྗོད་ནས། གཏན་དུ་རེ་བའི་རྨི་ལམ་དེ་གཏན་དུ་འགྲུབ་དཀའ་བའི་རྨི་ལམ་ཞིག་ཡིན་པའི་སྐྱོ་གདུང་བརྗོད་ཡོད་ལ། ཞར་བྱུང་ཁོ་མོས་ང་ལ་བཅངས་པའི་བརྩེ་དུང་དང་། དུས་གཏན་དུ“ང”ཕྱིར་ལོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པའི་ཁོ་མོའི་ལྷད་མེད་ཀྱི་བརྩེ་བ་བརྗོད་ཡོད། བརྩམས་སྒྲུང་དེ་ནི་ཁོང་བརྩམས་སྒྲུང་གསར་རྩོམ་ལ་འཇུག་མ་ཐག་པའི་བརྩམས་སྒྲུང་དག་གི་ཁྲོད་ནས་ཅུང་ཟད་ལེགས་པར་མཐོང་ཞིང་།   རྩོམ་དེའི་ནང་དོན་གྱི་ཆ་ནས།   དེའི་ནང་ཁོ་མོས“ང”ལ་སྤྲིངས་པའི་འཕྲིན་ཡིག་དང་ཁོ་མོའི་བཅོས་མ་མིན་པའི་ལྷག་བསམ་གྱི་འདང་བརྩེ་ལས“ང”ཙམ་མ་ཟད་ང་ཚོ་ཀློག་མཁན་ལའང་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད།   དེ་མིན་ལོ་ངོ་བཅུ་ཕྲག་གོང་གི་རིག་གསར་གྱི་གོད་ཆག་འོག་ཚུད་པའི་མི་བུ“ང”ལྟ་བུའི་ནག་ཉེས་བརྗོད་ཡོད་ཀྱང་།   རྩོམ་གྱི་མཛེས་པ་གཙོ་བོ་གནད་དོན་དེའི་རིགས་ལ་དགག་རྒྱག་དང་སུན་འབྱིན་བྱེད་པའི་སྟེང་ན་མེད་པར། “ངའི”འགྱོད་གདུང་གིས་མནར་བའི་སེམས་ཁམས་ཀྱི་འཇིག་རྟེན་བཀྲམ་སྟོན་བྱས་པའི་སྟེང་ན་ཡོད་པས།  རྩོམ་དེར་མཛེས་རྟོག་གི་ཆ་ཆེན་པོ་ཡོད་ལ། དཀའ་ཞིང་སྡུག་པའི་ཁོར་ཡུག་ཁྲོད་ནས་མི་སྣའི་བྱ་བྱེད་ཞིབ་འབྲི་བྱས་ཏེ།  མི་སྣའི་ནང་སེམས་ཀྱི་འཇིག་རྟེན་སླར་མཚོན་བྱས་ཡོད།  དེ་ནི་རྒྱའི་རྩོམ་པ་པོ་གྲགས་ཅན་ལའོ་ཧྲེ་ཡིས་གསུངས་པ་ཇི་བཞིན།   “སྨྱུག་རྩེ་ལས་ཁྲག་དང་མཆི་མ་འཛར་བྱུང”བ་བཞིན། རིག་གསར་གྱི་ཉམ་ང་བའི་བྱ་འགུལ་ནང་བཞུགས་མྱོང་བའི“ངའི”འགྱོད་གདུང་དང་སེམས་ཀྱི་ན་ཟུག་མཚོན་ཡོད་པས།   རྩོམ་འདིར་དཔེ་མཚོན་རང་བཞིན་ཆེན་པོ་ལྡན་ཡོད་དེ།  “དཔེ་མཚོན་ནི་རྩོམ་མཁན་རྣམས་ཀྱི་སྒྱུ་རྩལ་གསར་སྐྲུན་གྱི་ལས་ལ་བཤད་པ་ཡིན་ཏེ། འཚོ་བའི་ནང་གི་རང་གཟུགས་དུ་མ་རྟོག་ཞིབ་དང་། གཟུང་འཛིན། ཉམས་ལེན།  ཤེས་རྟོག་ཉམས་ཚོད་ལོན་པའི་རྨང་གཞིའི་སྟེང་དུ་གསར་སྐྲུན་གྱི་རང་བཞིན་ལྡན་པའི་སྒོ་ནས་སྒྱུ་རྩལ་གྱིས་ཕྱོགས་བསྡུས་དང་ཉིང་བསྡུས།  ལས་སྣོན།  བཟོ་བཅོས་བཅས་བྱས་ཏེ་མི་སྣའི་རང་གཤིས་བྱེ་བྲག་པ་དང་རང་གཤིས་ཐུན་མོང་བ་དེ་སྔར་ལས་མངོན་པར་གསལ།   སྔར་ལས་གྱ་ནོམ་པ།   སྔར་ལས་གཏོང་ཟབ་པར་གྱུར་ཅིང་།    སྔར་ལས་ཕུན་སུམ་ཚོགས་པའི་གཅིག་འདུ་ཞིག་ཡོང་ཐུབ་པ་བྱེད་རྒྱུ་དེ་ནི་སྒྱུ་རྩལ་གྱི་དཔེ་མཚོན་གསར་བཟོ་བྱེད་པའི་ཐབས་ལམ་ཉག་གཅིག་དང་རིག་རྩལ་གསར་རྩོམ་བྱེད་པའི་རྩ་བའི་ཆོས་ཉིད་ཡིན” 【24】ཅེས་དཔེ་མཚོན་རང་བཞིན་ཅེས་པ་ནི་ཡུལ་དུས་ངེས་ཅན་ཞིག་གི་ཁོར་ཡུག་ཁྲོད་འཚོ་གནས་ལ་རོལ་བའི་མི་སྣ་འགའི་བསམ་པའི་འཁྱེར་སོ་དང་། རིན་ཐང་ལྟ་ཚུལ། དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལམ་བུ་སོགས་མི་བུ་ཞིག་གི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་དང་མི་བུའི་ནང་སེམས་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཤིག་ཡིན། རྩོམ་དེའི་ནང་ཡུལ་དུས་ངེས་ཅན་ཞིག་སྟེ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་བཞུགས་མྱོང་བའི་ཡུག་ཅན་“ངའི”ནང་སེམས་ཀྱི་འགྱོད་གདུང་དང་། དཀའ་ཚེགས་ཀྱི་ལོ་ཟླ་སོགས་ལ་ཕྱིར་དྲན་བྱས་ཏེ་བྲིས་པ་ཞིག་ཡིན་པས། རྩོམ་འདི་ནས“ང”ལྟ་བུའི་རིག་གསར་གོད་ཆག་གི་གནོད་འཚེ་ཐེབས་མྱོང་བའི་ཡུལ་ཅན་མི་སྣ་དུ་མའི་གནས་ཚུལ་གསལ་སྟོན་བྱས་ཡོད། ལུའུ་ཞུན་གྱིས་རང་ཉིད་ཀྱི་ཕུན་སུམ་ཚོགས་པའི་གསར་རྩོམ་ཉམས་མྱོང་ཕྱོགས་བསྡུས་བྱས་ཏེ་བཤད་པ་ལྟར་ན།   “བྲིས་ཟིན་པའི་ལག་རྗེས་ཡོད་ཚད་ལ་ཕལ་ཆེར་མཐོང་མྱོང་བའམ་ཐོས་མྱོང་བའི་རྒྱུ་རྐྱེན་ཙམ་ཡོད་པ་རེད།  འོན་ཀྱང་དེ་དག་ཚང་མ་དོན་དངོས་སུ་ཇི་བཞིན་བཀོད་པ་མ་ཡིན་པར་སྣེ་གཅིག་ཚུར་བླངས་ཏེ་རང་ཉིད་ཀྱི་བསམ་ཚུལ་མཐའ་དག་འདུས་པའི་བར་དུ་སྒྱུར་བཀོད་བྱེད་པ་དང་ཡང་ན་སྐྱེ་འཕེལ་བྱེད་དུ་བཅུག”【25】ཅེས་སྒྲུང་གི་ནང་འདས་དོན་གྱི་ལོ་ཟླའི་ཁྲོད་རང་ཉིད་ཀྱི་མཐོང་ཐོས་སུ་གྱུར་བའི་འཚོ་བའམ་ལོ་རྒྱུས་ཀྱི་གནད་དོན་སྣ་གཅིག་དཔེ་གཞིར་བཟུང་ནས་བྱུང་རིམ་གྱི་ཁྱབ་ཁོངས་རྒྱ་བསྐྱེད་པ་ཞིག་སྟེ། དེའི་ནང་རྩོམ་པ་པོས་རིག་གསར་གྱི་ལོ་རྒྱུས་འབྲི་བ་ལྷུར་བླངས་པ་མ་ཡིན་པར། དེའི་ནང་གི་སྣེ་གཅིག་སྟེ། རིག་གསར་གྱིས“ང”ལ་སྦྱིན་པའི་ན་ཟུག་དང་། འགྱོད་གདུང་།“ང”ལ་འཕྲད་པའི་གོད་ཆག་གི་གནས་ཚུལ་ཕྲ་མོ་ཞིག་ཕྱིར་ཕྱུངས་ཏེ། དེར་རྒྱས་སྤྲོས་དང་རྒྱ་བསྐྱེད་བྱས་ཏེ་“ངའི”འགྱོད་གདུང་དང་།“ངའི”ན་ཟུག  “ང”དང་ཁོ་མོའི་བར་གྱི་སྐྱོ་གར་གྱི་གནས་དེ་ཀློག་པ་པོར་བསྟན་ཡོད་པ་ཞིག་ཡིན།  འོན་ཀྱང་། སྒྲུང་འདིའི་ནང་རྩོམ་པ་པོས“ངའི”སྔར་སོང་གི་ནག་ཉེས་ལ་འགྱོད་བཤགས་བྱས་པ་ཙམ་བྲིས་པ་མ་གཏོགས་“ངས”སྐྱོ་གར་གྱི་སྙིང་སྟོབས་ཤིག་བཅངས་ནས་ཁོ་མོ་དང་འབྲེལ་བ་བྱས་མེད་ལ།  ལྷག་པར་ཁོ་མོ་དང་བར་ཐག་ཉེ་བར་བཏུད་ཐུབ་མེད།  དེ་ནི་རྩོམ་གྱི་ཞན་ཆ་ཞིག་གམ་མི་འདང་སའི་གནས་ཤིག་སྟེ།  སྐྱོ་གར་གྱི་གནས་འགྲེམས་སྟོན་བྱས་པ་ཙམ་མ་གཏོགས་“ངས”ཐབས་བཀོད་འཐེན་ནས་སྐྱོ་གར་དེ་མེད་པར་བཟོ་བའི་སྟ་གོན་བྱས་མེད་ལ།  སྐྱོ་གར་དེ་མེད་པར་བཟོ་ཐུབ་མེད།   རྒྱུ་མཚན་ནི“ངའི”ནག་ཉེས་ནི་ལོ་རྒྱུས་ཀྱིས་བཟོས་པའི་གོད་ཆག་ཅིག་ཡིན་ལ། ཡང་གཅིག་བཤད་ན།  “ངའི”འདས་སོང་གི་ནག་ཉེས་ལ་སེམས་དབུས་ཀྱི་ཁོ་མོས་འཁང་ར་དང་ལེ་འདའ་མ་བྱས་ལ། དེ་དག་ལ་བསམ་བཞེས་བྱས་ཏེ་སྔར་བཞིན“ང”རེ་སྒུག་བྱེད་བཞིན་ཡོད་ཀྱང་།   ངས་གནད་དོན་དངོས་ལ་གདོང་གཏད་དེ་ཁོ་མོའི་གམ་དུ་ཕྱིན་ནས་སེམས་ཀྱི་སྐད་ཆ་ཁོ་མོར་ལྷུག་བརྗོད་བྱེད་ཐུབ་མེད་པའོ། “མི་རྣམས་ཀྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་རྟོག་བྱེད་དང་མཚོན་བྱེད་ལ་ཐབས་ཤེས་སྣ་ཚོགས་མཆིས་མོད་དེ་ལས་སྤྱོད་ཆེ་བ་གཉིས་ཏེ། རྗེས་དཔག་དང་སྣང་བརྙན་གཉིས་སོ” 【26】ཞེས་པ་ལྟར། རྩོམ་རིག་སྒྱུ་རྩལ་ནི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པ་དང་།   མི་རྣམས་ཀྱིས་སྣང་བརྙན་ལ་བརྟེན་ནས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དང་། ཕྱི་རོལ་ཡུལ་གྱི་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་བཞིན་ཡོད་པས། རྩོམ་དེའི་ནང་དུའང་རྩོམ་པ་པོས་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས“རིག་གསར”གྱི་གོད་ཆག་དང་“ངའི”སེམས་ཁམས་ཀྱི་གནས་ཚུལ་ཞིབ་འབྲི་བྱས་ཡོད་པས།“མེ་ལོང་དུ་ཕྱི་དངོས་པོའི་གཟུགས་བརྙན་མངོན་ལ། རྩོམ་རིག་གི་མེ་ལོང་དུ་ནང་སེམས་ཀྱི་འཇིག་རྟེན་མངོན་པ་ཡིན”【27】ཞེས་པ་དེ་དོན་ལ་གནས་ཡོད་དོ།། ཁོའི་ཐོག་མའི་གྲས་ཀྱི་བརྩམས་སྒྲུང《ཨ་ཕ་བློ》ཞེས་པའི་ནང་། མིང་བརྡ་གསུམ་པའི་འབོད་མིང་སྤྱད་དེ། ལུག་ཁྱུ་དང་ནོར་གནག་གི་རྨིག་སྒྲའི་ཁྲོད་རྗེས་སུ་བསྙེགས་པའི་ཁོའི་ཨ་ཕའི་སེམས་ཁྲལ་ཅིག་དང་དངངས་འཚབ་ཞིག་ཚུར་སྣང་བྱས་ནས། ཉིན་གཅིག་གི་བརྒྱུད་རིམ་ནང་ཁོ་ནོར་ལུག་གི་རྗེས་སུ་འགྲོ་བ་དང་ནོར་ལུག་གི་རྩྭ་སར་རྩྭ་ཡོད་མེད་ཐད་ཀྱི་སེམས་ཚེགས་ཤིག བུ་མོ་མག་པ་ལེན་དགོས་པའི་དབང་གིས་སེམས་ཁྲལ་ཅིག   བུ་མོར་མག་པ་བླངས་ཤིང་གལ་ཏེ་མག་པ་རྫི་བོར་བཏང་ན་རྩྭ་ས་བཟང་པོ་ཞིག་རྙེད་ཨེ་ཐུབ་ཀྱི་སེམས་ཚེགས་ལ་སོགས་པའི་ཨ་ཕ་རྒན་པོའི་སེམས་ཚེགས་ཤིག་དང་དངངས་འཚབ་ཀྱི་གནས་དུ་མ་འགྲེམས་སྟོན་བྱས་ཡོད་པས།   བརྗོད་དོན་གྱི་ཆ་ནས་བཤད་ན། རྩོམ་འདི་ཁོའི《ཁྱི་རྒན》དང་འདྲ་བར་མི་སྣའི་དངངས་འཚབ་དང་སེམས་ཚེགས་ཀྱི་རང་བཞིན་དེ་འབྲི་བར་གོམས་ཤིང་། མཚོན་ཐབས་ཀྱི་ཆ་ནས་བཤད་ན། ཁོའི《ཉིན་གཅིག་གི་ཆོ་འཕྲུལ》དང་འདྲ་བའི་ཆ་ཡོད་ཀྱང《ཉིན་གཅིག་གི་ཆོ་འཕྲུལ》གྱི་དོ་ཟླར་མི་རུང་། ཁོས་འཇིག་རྟེན་འདིར་ཨ་ཕ་བློས་ཁྱབ་ཀྱང་ཁོ་ཚོས་ཐ་དད་ཀྱི་གཤིས་ཀའི་ཁྲོད་ཐ་དད་ཀྱི་མི་ཚེའི་རི་མོ་འབྲི་བཞིན་པ་བཤད་ཡོད་ལ།   གནམ་འོག་གི་ཨ་ཕ་བློ་ནི་རང་གི་བུ་ཕྲུག་དང་ཁྱིམ་ཚང་གི་འཚོ་བའི་སླད་དུ་ནམ་ཡང་དངངས་སྐྲག་དང་སེམས་ཁྲལ་གྱི་ཀློང་དུ་ཚུད་ཡོད་པའི་གནད་དོན་ཅིག་གསལ་སྟོན་བྱས་ཡོད། 《ཉི་མ་ནུབ་རིར་ཡོལ་དུས》ཞེས་པའི་བརྩམས་སྒྲུང་དེ་ནི་ཁོས་ལྷད་མེད་ཀྱི་བརྩེ་དུང་དང་འགྱུར་མེད་ཀྱི་བརྩེ་འདང་ཞིག་བརྗོད་དོན་དུ་བཀོད་པ་ཞིག་ཡིན། རྩོམ་དེའི་ནང་མི་སྣ་གཙོ་བོ་གཉིས་ཡོད་པ་སྟེ། ཨ་ཡེ་ལུ་གུ་སྐྱིད་དམ་གནའ་བཤད་ཨ་མ་དང་། སྤྲང་པོ་གཉིས་རེད་ལ། རྩོམ་འདིའི་བརྗོད་བྱའང་ཁོ་གཉིས་བར་གྱི་ལྷད་མེད་ཀྱི་བརྩེ་དུང་དང་འགྱུར་བ་མེད་པའི་དམ་བཅའ། དེ་མིན་ཁོ་གཉིས་བར་གྱི་སྤྱིར་སྐྱོ་གར་ཡིན་ལ།  དེར་མཛེས་རྟོག་གིས་ཕྱུག་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་བྲིས་ཡོད།  རྩོམ་འདིའི་ནང་གནའ་བཤད་ཨ་མའམ་ཨ་ཡེ་ལུ་གུ་སྐྱིད་ཀྱིས་བྱིས་པ་ཚོར་བཤད་པའི་གཏམ་རྒྱུད་ཅིག་གམ་གནའ་བཤད་ཅིག་གི་གོ་རིམ་ཁྲོད་དུ་བསྡུས་ཤིང་། ཏག་ཏག་གནའ་བཤད་ཨ་མས་བཤད་པའི་གཏམ་རྒྱུད་ཁྲོད་ཀྱི་བུ་མོ་དེ་ནི་གནའ་བཤད་ཨ་མ་ཉིད་ཡིན་ཞིང་།   མོས་བཤད་པའི་སྤྲང་པོ་དེའང་རང་ཉིད་ཀྱི་ཆུང་དུས་ཀྱི་བརྩེ་གྲོགས་དེ་ཡིན་པ་རྩོམ་པ་པོས་རྩོམ་ནང་དངོས་སུ་གསལ་བཤད་བྱས་མེད་ནའང་ང་ཚོས་རང་ཤུགས་ཀྱིས་རྟོགས་ནུས། མོས་སྤྲང་པོ་དེ་དང་རང་ཉིད་བར་གྱི་བརྒྱུད་མྱོང་བའི་སྐྱོ་གདུང་དང་དཀའ་ཚེགས་ཀྱི་ལོ་ཟླ་དག་ཕྱིར་དྲན་གྱི་ཚུལ་དུ་བྱིས་པ་རྣམས་ལ་བཤད་ཅིང་། མོས་མཚམས་རེ་སྤྲང་པོས་སྤྲད་པའི་དངུལ་གྱི་མཛུབ་དཀྲིས་དེ་ལ་ལྟ་བཞིན་མིག་མཐར་མཆི་མ་འཁྱིལ་ལ།  སྐབས་རེ་མུ་མཐུད་གཏམ་རྒྱུད་བཤད་མ་ཐུབ་པར་མགྲིན་པ་བརྣངས་འགྲོ།  རྩོམ་དེར་གཉེར་བའམ་ཞིང་བདག་བརྟན་གྲགས་ཀྱིས་གཞན་ལ་གང་བྱུང་དུ་གཅར་བརྡུང་དང་གཞན་གྱི་རང་མོས་གཉེན་སྒྲིག་ལ་བཀག་འགོག་དང་བཙན་འདོམས་བྱེད་པའི་བྱ་སྤྱོད་ངན་པར་དགག་གཞག་དང་ཁ་བརྡུང་དྲག་པོ་བཏང་འདུག་ཅེས་བརྗོད་མཁན་ཡོད་ནའང་།   རྩོམ་དེའི་མཛེས་རྟོག་གི་ཆ་དེ་དགག་རྒྱག་སུན་འབྱིན་གྱི་སྟེང་ན་མེད་པར་གནའ་བཤད་ཨ་མ་དང་སྤྲང་པོ་གཉིས་བར་གྱི་ལྷད་མེད་པའི་བརྩེ་དུང་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་།  དམ་བཅའི་བརྩེ་དུང་ལ་འགྱུར་བ་མེད་པའི་གཤིས་བཟང་གི་ཁྱད་ཆོས་ལྡན་པའི་མཛེས་རྟོག་གི་ཆ་དེ་ལྷུར་དུ་བླངས་ཡོད་པས།   རྩོམ་དེར་མི་གཤིས་སྐྱེད་སྲིང་བྱེད་པའི་ཐད་ལ་ཕན་ནུས་མི་དམན་པ་ལྡན་ཡོད་ལ།  དེ་བས་མཛེས་རྟོག་གི་ཆ་ཆེས་ཆེར་ལྡན་ཡོད་པར་སེམས་ཏེ། འུ་སྡུག་ཐབས་ཟད་གང་ལ་འཕྲད་ཀྱང་། གཞན་གྱི་བཙན་པོའི་སྒེར་སྡོམ་བཀག་འོག་ཅི་ཙམ་བྱས་ཀྱང་། གནའ་བཤད་ཨ་མས་རང་ཉིད་ཀྱི་དགའ་རོགས་སྤྲང་པོ་དེ་ནམ་ཡང་མ་བརྗེད་ལ། ཐ་ན་རང་ཉིད་འཆི་ཁར་སླེབས་ཀྱང་ཁོ་སྔར་བཞིན་སྙིང་ཁར་བཅངས་ནས་རེ་སྒུག་བྱེད་པ་དང་།   སྤྲང་པོ་ལ་ཆ་མཚོན་ནས་བཤད་ཀྱང་།  སྤྲང་པོས་ས་ཕྱོགས་གང་སར་མྱུལ་ནས་གནའ་བཤད་ཨ་མ་བཙལ་དུ་སོང་བའི་གཏམ་རྒྱུད་དག་ཀློག་དུས་ང་ཚོའི་ཡིད་སེམས་བླ་ལྷག་ཏུ་འགུལ་ཞིང་། ང་ཚོར་སེམས་འགུལ་དྲག་པོ་ཐེབས་སུ་བཅུག་གི་ཡོད། དེ་ནི་བརྩམས་སྒྲུང་དེའི་དགེ་མཚན་རེད། དེ་ཡང་ཡིན་ཏེ། སྒྱུ་རྩལ་རྩོམ་རིག་ནི་སྐད་ཆར་བརྟེན་ནས་སྤྱི་ཚོགས་འཚོ་བ་ཞིག་ཡིན་པས། རྩོམ་རིག་གི་སྐད་ཆར་ངེས་པར་དུ་བརྩེ་དུང་དྲག་པོ་ལྡན་དགོས་པ་ཡིན་ལ་མི་རྣམས་ཀྱི་ཡིད་དབང་འགུག་ཤུགས(感染力)ཆེན་པོ་ལྡན་དགོས་པ་ཡིན། ཐོར་སི་ཐེ(托尔斯泰)ཡི་ལྟ་ཚུལ་ལྟར་ན།“སྒྱུ་རྩལ་རྩོམ་རིག་ནི་བརྩེ་དུང་ངམ་ཚོར་བ་བརྒྱུད་སྒྲོག་བྱེད་པའི་ཐབས་ལམ་ཞིག་ཡིན་པས། བརྩེ་དུང་ངམ་ཚོར་བ་བླ་ལྷག་ཏུ་འདོན་སྤེལ་བྱེད་ཐུབ་མིན་ནི་སྒྱུ་རྩལ་རྩོམ་རིག་ཞིག་གི་བཟང་ངན་དབྱེ་འབྱེད་བྱེད་པའི་ཚད་གཞི་གཅིག་པུ་དེ་ཡིན”【28】ཅེས་བརྗོད་པར་ལྟར། སྒྱུ་རྩལ་རྩོམ་རིག་ཞིག་ལ་ངེས་པར་དུ་མི་སྣའི་ཚོར་འདུ་དང་བརྩེ་དུང་ངེས་པར་དུ་ཡོད་དགོས་པ་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།