བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།

རྩོམ་པ་པོ།:རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-24 10:17:00 ཀློག་གྲངས།:
        སྤྱིར“སྒྲུང་གཏམ་གྱི་དོ་ཁུར་བྱ་ཡུལ་གཙོ་བོ་ནི་མིའི་མཐར་ཐུག་གི་བདེ་སྡུག་ལ་གདུང་སེམས་འཆང་བ་དང་མི་གཤིས་བཅིངས་འགྲོལ་བྱེད་པར་སྐུལ་བ། ལེགས་ཉེས་ཀྱི་རྣམ་དབྱེ་འབྱེད་པ། སྐྱུག་བྲོ་བའི་བྱ་དངོས་ལ་སུན་འབྱིན་པ།  ཀུན་སྤྱོད་ཕྱོགས་ནས་བདེ་ཐང་ཅན་དུ་བསྙེགས་པ་སོགས་ཡིན”【41】ཞེས་པ་ལྟར། བརྩམས་སྒྲུང་དེའི་ནང་དུའང་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་དང་མིའི་བར་གྱི་འགལ་འབྲེལ་གྱི་གནས་དུ་མ་འགྲེམས་སྟོན་བྱས་ཏེ། མིའི་གཉུག་གཤིས་སུ་གནས་པའི་འདོད་སྲེད་དང་། བདག་འཛིན་སོགས་ཀྱི་མི་གཤིས་ཞིབ་འབྲི་བརྒྱུད། མིའི་ཀུན་སྤྱོད་བདེ་ཐང་དང་མི་གཤིས་བཅིངས་འགྲོལ་བྱེད་པར་སྐུལ་ནས། བདེ་ཐང་གི་མི་གཤིས་དང་། མཛེས་སྡུག་གི་མི་གཤིས་སོགས་མདོར་ན་བདེན་དགེ་མཛེས་གསུམ་གྱི་མི་གཤིས་སྐྱེད་སྲིང་བྱ་བའི་ཕྱོགས་སུ་འཕེལ་བར་སྐུལ་ཡོད་པས། རྩོམ་གྱི་བརྗོད་བྱ་བདེམས་སྒྲིག་བྱས་པ་ལེགས་ཤིང་། རྩོམ་གྱི་བྱུང་རིམ་སྤེལ་བ་བཟང་ལ་བཀོད་འབྲི་བྱས་པ་ཚད་དང་རན་པ་སོགས་བརྩམས་སྒྲུང་གསར་རྩོམ་གྱི་ཆོས་ཉིད་དང་མཐུན་པར་སེམས་པས་བརྩམས་སྒྲུང་རྣལ་མ་ཞིག་ཏུ་གྲུབ་འདུག་ཅེས་བརྗོད་ན་ཆོག་པར་སྙམ་མོ། ། ཁོའི་སྒྲུང་འབྲིང《སྡེ་དཔོན》ནི་ཅུང་ཟད་ཁྱད་དུ་འཕགས་པ་ཞིག་ཡིན་ཏེ། དགེ་རྒན་བདུད་ལྷ་རྒྱལ་གྱིས།“《སྡེ་དཔོན》གྱི་ནང་དོན་ནི་ཐོག་མར་ཆིག་རྐྱང་བ་མ་ཡིན། འདིའི་ནང་མ་མཐའ་ཡང་སྡེ་དཔོན་ཞིག་གི་སྤྱི་སེམས་དང་སྡུག་རུས། བློ་དཀར་གྱི་བསམ་བློའི་སྙིང་སྟོབས་ཡོད་ལ། ཞིང་སྡེ་དཀྱུས་མ་ཞིག་གི་འཚོ་སྡོད་ཀྱི་དཀའ་ཚེགས་གནས་བབས་ཀྱང་ཡོད། དཔོན་སའི་སྙོམས་ལས་དང་རྒྱགས་པའི་བསམ་སྤྱོད་ཡོད་ལ་དམངས་ཕལ་བའི་བར་གྱི་སྐྱིད་སྡུག་མཉམ་མྱོང་གི་མཛའ་བཤེས་ཀྱང་ཡོད། དེ་ནས་དེ་ལས་གལ་ཆེ་བ་ནི་བསམ་བློའི་ནང་དོན་འདི་དག་གཅིག་ལ་གཅིག་བརྟེན་དང་  གཅིག་གྲོགས་གཅིག་གི་ཚུལ་དུ་གོང་བུ་གཅིག་གྱུར་དུ་གྲུབ་ནས་ཡོད་པ་དེ་རེད”【42】ཅེས་བརྗོད་པ་ལྟར་རོ།། སྒྲུང་འབྲིང་ཞིག་ལ་མཚོན་ན་དངོས་གནས་འདི་འདྲ་ཞིག་ཡིན་དགོས་ཏེ། བརྗོད་བྱའི་བསྟན་དོན་གྱི་ཆ་ནས་བསྟན་དོན་ཆིག་རྐྱང་བ་ཞིག་མ་ཡིན་པར་སྣ་མང་ཕུན་སུམ་ཚོགས་པོ་ཡོད་ལ། བྱུང་རིམ་དག་ཀྱང་སྣེ་མང་རྙོག་འཛིང་ཅན་ཞིག་ཏུ་ངེས་ཀྱང་རྒྱུ་འབྲས་གཏན་ཚིགས་ཅན་ཞིག་དང་བསྟན་དོན་གཅིག་ལ་བསྒྲིལ་བས་ཕན་ཚུན་བར་རམ་འདེགས་ཀྱི་ནུས་པ་ཐོན་གྱི་ཡོད་པས། སྒྲུང་འབྲིང་གི་རང་མདངས་མངོན་པར་བྱས་ཡོད།《སྡེ་དཔོན》ནི་ཁོའི《ཁ་བ་མེད་པའི་དགུན་ཁ》ཞེས་པ་དང་བརྗོད་བྱ་བཀོད་སྒྲིག་དང་བསྟན་དོན་གྱི་ཆ་ནས་ཅུང་ཟད་འདྲ་བར་མཐོང་སྟེ། གཉིས་ཀར་སྡེ་དཔོན་ཞིག་གི་གཞུང་དྲང་བློ་དཀར་གྱི་ཁྱད་ཆོས་འཛིན་ཡོད་ལ། མང་ཚོགས་དཀྱུས་མའི་དཀའ་ཚེགས་ཀྱི་འཚོ་བའི་རྣམ་པ་བྲིས་ཡོད་པའང་འདྲ་བ་ཡིན་པས། བརྩམས་སྒྲུང་གཉིས་པོ་ནི་རྩ་བ་གཅིག་ལས་མཆེད་པའི་ཡལ་ག་ཟུང་དང་འདྲ་བ་ཡིན་ཞེས་བརྗོད་ཆོག དེ་མིན《སྡེ་དཔོན》ལ་ཆ་མཚོན་ནས་བཤད་ན། དེའི་བྱུང་རིམ་གྱི་སྒྲིག་གཞི་ལ་གཅིག་སྡུད་ཀྱི་རང་བཞིན་ལྡན་ཞིང་བསྟན་དོན་ཅུང་ཟད་མཐར་ཆགས་སུ་བཀྲམ་ཡོད་པ་གང་ཞིག་བསྟན་དོན་ཁ་གསལ་ངང་གསལ་སྟོན་བྱ་ཐུབ་ཡོད་ལ། རོང་ཁུལ་གྱི་འཚོ་བའི་ཁྱད་ཆོས་སྟུག་པོ་ཡོད་པ་ཡིན་པས། དེའང་རྩོམ་པ་པོས་རོང་ཁུལ་གྱི་འཚོ་བར་རྒྱུས་ལོན་དང་ཉམས་ཞིབ་བྱས་པའི་འབྲས་བུ་ཞིག་ཡིན་པ་སྨྲ་མི་དགོས།  《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པ་ནི་ཁོའི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་གསར་ཤོས་དེ་ཡིན་ཞིང་། དེ་ནི་ཁྱི་ལ་བརྟེན་ནས་མི་སྣའི་ལས་དབང་མཚོན་པར་བྱེད་པ་དང་། ཁྱི་ལ་སྦྱར་ནས་མི་གཤིས་ཀྱི་དགེ་སྡིག་ བསྟན་པའི་ཆ་ཅུང་ཟད་ཡོད་ཀྱང་། གཙོ་བོ་མེས་པོས་གསོས་པའི་ཁྱི་གུ་དག་དང་ཁོའི་བར་གྱི་བརྩེ་འདང་བརྗོད་པ་གཙོ་བོར་བཟུང་བ་ཞིག་ཡིན་པས། བརྗོད་དོན་ལ་ཐོད་བརྒལ་གྱི་རང་བཞིན་ལྡན་ཡོད་པ་སྟེ། དེའི་ནང་བརྙན་འཕྲིན་ནང་དུ་མི་བུ་ཞིག་གིས་འབྲོག་ཁྱི་ལ་བོ་གཉིས་ཁྲིད་དེ་རྒྱལ་ནང་གི་ཁྱི་རིགས་འགྲན་བསྡུར་ལ་བཞུགས་པའི་གསར་འགྱུར་ཞིག་ མཐོང་བ་ལ་བརྟེན་ནས་གཅིག་བརྟེན་གཅིག་དྲན་གྱི་ཚུལ་དུ“ངའི”མེས་པོའང་ཁྱི་གུ་གསོ་རྒྱུར་ཤིན་ཏུ་དད་མཁན་ཞིག་ཡིན་པ་བསྟན་ནས། རང་ཉིད་ཀྱི་ཚ་བོ་ཚ་མོ་ལས་ཀྱང་ཁྱི་གུ་ལ་གཅེས་པའི་གཏམ་རྒྱུད་ཅིག་དྲངས་ཏེ། མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག་གི་གནས་ཚུལ་དང་། མེས་པོའི་སྔར་འདས་ཀྱི་ལོ་ཟླ་གཏམ་རྒྱུད་དུ་དྲངས་པ་མ་ཟད། མེས་པོ་དང“ངའི”བར་གྱི་གནས་ཚུལ་དང་།  ང་ཚོའི་ཁྱིམ་ཚང་གི་གནས་ཚུལ་རགས་བསྡུས་བཀོད་ཡོད་པའོ།། རྩོམ་འདིའི་བྱུང་རིམ་གྱི་ཆ་ནས་བཤད་ན། རྒྱུ་འབྲས་གཏན་ཚིགས་ཅན་ཞིག་ཏུ་མཐོང་སྟེ། དེའི་ནང“ངའི”མེས་པོ་ཁྱི་གུ་གསོ་རྒྱུར་དགའ་བ་དང་།“ང”ལས་ཁྱི་ལ་གཅེས་པའི་གནས་ཚུལ་ལྷུག་བརྗོད་བྱས་པ་ཙམ་མ་ཡིན་པར། གནས་ཚུལ་དངོས་ཀྱི་ཐོག་ནས་གསལ་བཤད་བྱས་ཡོད་དེ། དེ་ཡང་མེས་པོས“ངའི”མིང་ལ་ཁྱི་རུལ་ཞེས་བཏགས་པ་དང་། ཁོས་ཁྱི་གུ་ཞིག་གསོས་པའི་མིང་ལ་དོམ་བུ་ཞེས་བཏགས་ཡོད་མོད། རིམ་བཞིན་ཁྱི་གུ་དེར་“ངའི”མིང་བཏགས་ཏེ་དོན་གྲུབ་ཅེས་བརྗོད་པ་དང་།“ངའི”མིང་ལ་དོན་གྲུབ་ཟེར་ཡང་ཁྱི་གུའི་མིང་ནས་འབོད་དེ་དོམ་བུ་ཞེས་བརྗོད་པར་བྱེད།   དེས་མ་ཟད། མེས་པོ་ཁྱི་གུ་གསོ་རྒྱུར་དགའ་བ་དེ་ལ་ཡང་རྒྱུ་མཚན་ཡོད་པ་ཞིག་ཡིན་ཏེ། མེས་པོའི་སྔོན་ཆད་ཀྱི་མི་ཚེའི་ ནང་དཔོན་ཚང་གི་གཡོག་པོ་བྱས་ནས་བསྡད་ཅིང་། ཉིན་ཞིག་དཔོན་ཚང་དུ་རྐུན་མ་ཡོང་ནས་གཡག་རྒོད་གཉིས་ཁྱེར་བས། ཁོ་ཚོས་བྱ་ཐབས་སྣ་ཚོགས་འཐེན་ཡང་གཡག་རྒོད་མ་རྙེད། འོན་ཀྱང་མེས་པོ་དང་མེས་མོ་གཉིས་ཀྱིས་ཆུང་དུས་ ནས་གསོས་པའི་སེང་ལུ་ཞེས་པའི་ཁྱི་གུ་བརྒྱུད་ནས་ད་གཟོད་གཡག་རྒོད་རྙེད་ཙམ་བྱུང་བ་རེད་ལ། ལྷག་པར་དུ། དེའི་རྗེས་ཀྱི་མཱ་ཇག་གི་དམག་ལྡོམ་ཡོང་བའི་སྐབས་སུའང་སེང་ལུས་དགྲ་ངན་གྱི་མེ་མདའ་བཀག་སྟེ་མེས་པོར་སྲུང་སྐྱོབ་བྱས་པ་སོགས་ཁྱི་གུ་དེས་མིས་བསྒྲུབ་པར་དཀའ་བའི་བྱ་བ་དུ་མ་བསྒྲུབས་པས། མེས་པོ་ཁྱི་གུ་གསོ་རྒྱུར་དགའ་བ་དེ་ཡང་ཁྱི་གུས་མེས་པོའི་འཚོ་བའི་ཁྲོད་དུ་གོ་གནས་དང་གནས་བབ་གལ་ཆེན་ཞིག་ཟིན་ཡོད་པས། དེས་ཁོ་ལ་ཁྱི་གུར་དམིགས་པའི་སྤྱིར་བཏང་མ་ཡིན་པའི་ལྟ་ཚུལ་ཞིག་ཆགས་ཡོད་པས་རེད། རྩོམ་དེས་དེ་ལྟ་བུའི་མེས་པོ་དང་ཁྱི་གུ་དག་གི་གཏམ་རྒྱུད་ཕྱིར་དྲན་དུ་བྱས་ཏེ། ཁོས་ཁྱི་གུ་ལ་བཅངས་པའི་བརྩེ་བ་དང་། མེས་པོ་དང“ངའི”ཁྱིམ་ཚང་གི་གནས་ཚུལ། དེ་མིན་སྤྱིར་མེས་པོ་ནི་ང་ཚོར་སྡིགས་དམོད་བྱེད་རྒྱུར་དགའ་མཁན་ཞིག་ཡིན་ཡང་དོན་དངོས་སུ་ཁོའི་སྡིགས་དམོད་ཀྱི་  ཁྲོད་དུ་ང་ཚོར་དམིགས་པའི་སེམས་ཁྲལ་དང་། ང་ཚོར་བཅངས་པའི་བརྩེ་བ་རྣལ་མ་ཞིག་ཚུར་སྣང་བྱས་ཡོད་པའོ།།  སྤྱིར་ཁོའི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་གཞན་པ་དཔེར་ན《ཧཱ་པ་གསོས་པའི་ཟིན་བྲིས》དང་།《སྒོ་ཁྱི》ལྟ་བུ་བསྡུས་བརྗོད་ཀྱི་ཚུལ་དུ་བྲིས་ཡོད་པ་ཞིག་ཡིན། ཧེ་ཀེར(黑格尔)གྱིས།“བསྡུས་བརྗོད་ཀྱི་སྣང་བརྙན་ཆ་ནས་མངོན་མཚོན་བྱུང་བ་ཐམས་ཅད་སྒྱུ་རྩལ་གྱིས་གསར་གཏོད་བྱས་པའི་བརྩམས་ཆོས་ཡིན། དེས་ཕྱོགས་གཅིག་ནས་རང་གི་ཁྱད་ཆོས་མངོན་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་བྱེ་བྲག་གི་དངོས་པོའི་སྔར་ལས་གཏིང་ཟབ་པའི་སྤྱིར་བཏང་མིན་པའི་ དོན་སྙིང་སྟོན་པ་ཡིན་པས། བྱེ་བྲག་གི་དངོས་པོ་དེ་དག་ཁོ་ན་སྟོན་པ་མ་ཡིན། དེའི་ཕྱིར། བསྡུས་བརྗོད་ཀྱི་སྣང་བརྙན་ ནི་ཕལ་ཆེར་གྲོས་གཞི་ཞིག་དང་མཚུངས་པར་ང་ཚོར་དེའི་རྒྱབ་ཏུ་གབ་པའི་ནང་སྙིང་སྔོག་འདོན་བྱེད་པའི་བླང་བྱ་བཏོན་ཡོད”【43】ཅེས་པ་ལྟར། གོང་གི་ཁོའི་ཁྱི་བརྗོད་བྱར་བྱས་པའི་བརྩམས་ཆོས་མང་པོ་ཞིག་བསྡུས་བརྗོད་ཀྱི་ཐབས་ལམ་ནས་བརྩམས་ཡོད་པ་ཡིན་པས། དེ་དག་སོ་སོར་རང་རང་གི་ཁྱད་ཆོས་ཡོད་པ་གང་ཞིག བྱེ་བྲག་གི་དངོས་པོ་ག་གེ་མོའི་ནང་སྙིང་སྔོག་འདོན་བྱེད་པའི་ཐད་ལའང་ནུས་པ་མི་དམན་པ་ཐོན་ཡོད། འོན་ཀྱང་། 《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པ་ནི་གོང་གི་བརྩམས་ཆོས་དང་ཅུང་ཟད་མི་འདྲ་བར་བརྗོད་བྱའི་ནང་དོན་དང་སྒྱུ་རྩལ་ཁྱད་ཆོས་གང་ཐད་ནས་གསར་བའི་རང་བཞིན་ཆེན་པོ་ལྡན་ཡོད།
        གོང་གསལ་སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་དག་ལ་བལྟས་ན། ཁོའི་བརྩམས་སྒྲུང་ཁྲོད་ཀྱི་བརྗོད་བྱ་འདེམས་སྒྲིག་གི་ངོས་ནས་བཤད་ན། སྒྲུང་ཐུང་དང་འདྲ་བར་ཕལ་ཆེ་བ་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པ་མང་བ་ཡིན་ཞིང་། ཕལ་ཆེ་བ་གཞི་རིམ་ཁུལ་དུ་འཚོ་གནས་ལ་རོལ་བཞིན་པའི་མི་སེར་དཀྱུས་མའི་ལས་དབང་དང་འཚོ་བའི་བརྙན་རིས་བྲིས་པ་མང་བ་ཡིན། དེ་ནི་རྩོམ་པ་པོའི་འཚོ་གནས་བྱ་ཡུལ་གྱི་སྤྱི་ཚོགས་ཁོར་ཡུག་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་མིན་སྒྲུང་འབྲིང་དེ་ཚོ་ཕལ་ཆེ་བ་བསྟན་དོན་ཆིག་རྐྱང་བའི་རྣམ་པ་ལས་བརྒལ་ཞིང་བསྟན་དོན་ལ་རིམ་པ་དུ་མ་ཅན་གྱི་རྣམ་པ་ཞིག་ཆགས་ཡོད་པས་སྒྲུང་འབྲིང་གི་ལྗིད་ཚད་དེ་འདང་བར་བྱས་ཡོད། གཤམ་དུ་ཁོའི་སྒྲུང་འབྲིང་གསར་རྩོམ་གྱི་ཁྱད་ཆོས་རགས་བསྡུས་བཤད་ན།
གཅིག མི་སྣའི་སྣང་བརྙན་འབྲི་བཞེངས་ཀྱི་ངོས་ནས།  སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཁྲོད་ཀྱི་མི་སྣ་ཕལ་ཆེ་བ་རོང་འབྲོག་ཁུལ་གྱི་མི་སེར་དཀྱུས་མ་ཤ་སྟག་ཡིན་ཞིང་། དེ་མིན་སྡེ་དཔོན་དང་ཧྲུའུ་ཅི། དགེ་རྒན་སོགས་ཀྱི་མི་གཤིས་ཀྱི་ཁྱད་ཆོས་བྲིས་པའང་ཅུང་ཟད་མང་བ་ཡིན་ལ། ཁོ་ཚོའི་བར་གྱི་འགལ་འབྲེལ་དང་མི་གཤིས་ཀྱི་སྣང་བརྙན་དག་ཀྱང་མི་སྣའི་སྐད་ཆ་དང་བྱ་བྱེད། སེམས་ཁམས་ཀྱི་འགུལ་སྐྱོད་སོགས་ལ་བརྟེན་ནས་མངོན་པར་བྱེད་ཀྱི་ཡོད། འོན་ཀྱང་ཁོའི་སྒྲུང་འབྲིང་ཁྲོད་ཀྱི་མི་སྣ་དག་སྒྲུང་ཐུང་ནང་གི་མི་སྣ་དང་ཆ་འདྲ་བར་གཅིག་ནས་མི་སྣའི་སེམས་ཁམས་ཞིབ་འབྲི་བྱེད་པ་གཙོར་བཟུང་བ་མེད་ལ། མི་སྣའི་གཤིས་ཀ་ཞིབ་འབྲི་གཙོར་བྱས་པའང་མེད། ཁོའི་སྒྲུང་འབྲིང་ཁྲོད་ཀྱི་མི་སྣའི་སྣང་བརྙན་དག་སྤྱིར་སྒྲུང་ཐུང་དང་སྤྱིའི་ཆ་ནས་འདྲ་ཡང་སྒྲུང་འབྲིང་ཞིག་གི་ངོས་ནས་མི་སྣ་བཀོད་སྒྲིག་བྱས་པ་འོས་ཤིང་ འཚམས་ལ། མི་སྣའི་ཐུན་མིན་གྱི་ཁྱད་ཆོས་ཤིག་སྐུད་སྣེར་བཟུང་བ་ཅུང་ཟད་ལེགས་པར་མཐོང་སྟེ། 《སྐྱབས་ལོ་དང་ཁོའི་རལ་བ》ཞེས་པའི་སྒྲུང་འབྲིང་ནང་སྐྱབས་ལོའི་ཐུན་མིན་གྱི་ཁྱད་ཆོས་ཏེ། ཁོའི་ནག་ཅིང་འཇིལ་འཁྱིལ་ལེར་ཡོད་པའི་རལ་བ་ཞིག་སྐུད་སྣེར་བཟུང་ཞིང་། དེ་མིན《ནོར་རྫི་བྱིས་པ》ཞེས་པའི་ནང་བྱིས་པའི་ཐུན་མིན་གྱི་ཁྱད་ཆོས་ཏེ་ཁོ་ཚོའི་བསམ་བློའི་འཁྱེར་ཕྱོགས་དང་རིན་ཐང་ལྟ་ཚུལ་ཞིབ་འབྲི་བྱས་ཡོད། དེ་མིན་ཁོས་མི་གཤིས་ཀྱི་སྣང་ཚུལ་འགྲེམས་སྟོན་ བྱེད་པའི་ཐད་ལ་འབད་པ་ཅུང་ཟད་བྱས་འདུག་སྟེ། དཔེར་ན《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》ཞེས་པའི་ནང་དུ་ལྕགས་མོ་ཐར་ལྟ་བུར་ཆ་མཚོན་ན་སྤྱིར་མོའི་ཁྱོ་ག་ནི་དབང་པོའི་ནུས་པ་ཤོར་བ་ཞིག་ཡིན་ཀྱང་མོས་སྔར་བཞིན་ཁྱོ་ག་དང་རྒྱང་དུ་མ་གྱེས་པར་རང་ཉིད་ཀྱི་ཁྱོ་གར་བརྩེ་འདང་ཆེ་བའི་སྒོ་ནས་མི་ཚེ་མཐའ་སྐྱེལ་བྱེད་མཁན་ཅིག་ཡིན་པའི་མོའི་ཁྱད་འཕགས་མི་གཤིས་ཤིག་འགྲེམས་སྟོན་བྱས་ཡོད་ཀྱང་། མོས་དོན་གྲུབ་དང་ལྷན་དུ་འདུག་ནས་ལུས་འབྲེལ་བྱེད་ཚུལ་བྲིས་པ་ནི་རྩོམ་པ་པོས་མི་གཤིས་ཀྱི་ཁྱད་ཆོས་དངོས་མ་ཞིག་སྟེ། མིའི་གཉུག་གཤིས་སུ་གྲུབ་པའི་འདོད་སྲེད་ཀྱི་ཆ་དེ་དམར་རྗེན་དུ་གསལ་སྟོན་བྱས་ཡོད་ལ། དེ་མིན་དོན་གྲུབ་ཀྱིས་ཐོག་མར་རང་ཉིད་ཀྱི་བཟའ་ཟླ་སྔོན་མར་བྱིས་པ་བཙའ་བའི་ནུས་པ་མེད་པའི་དབང་གིས་མོ་དང་ཁ་འཐོར་བྱས་ཏེ་ཚེ་སྐྱིད་དང་གཉེན་སྒྲིག་བྱས་པ་ཡིན་ཀྱང་། རྗེས་སུ་ཚེ་སྐྱིད་ལ་བྱིས་པ་བུ་མོ་གཉིས་བཙས་པའི་གནས་ཚུལ་འོག་ཁོས་ཡང་མོ་ལ་བྱིས་པ་བུ་མོ་མ་གཏོགས་བུ་མི་སྐྱེ་བའི་འཁང་ར་བྱེད་ཀྱི་ཡོད། དེ་ལས་མིའི་སྙིང་ཁོངས་ན་དྲག་ཏུ་འཕྱུར་བའི་འདོད་སྲེད་ཀྱི་ཆ་དེ་གསལ་པོར་ཞིབ་འབྲི་ཐུབ་ཡོད། གནས་ལུགས་ལྟར་བཤད་ན། དོན་གྲུབ་ལྟ་བུ་ཤེས་ཡོན་ཞིག་གི་བརྟུལ་ཞུགས་འཛིན་པའི་མི་བུ་ཞིག་ཡིན་པའི་ངོས་ནས། ཤེས་ཡོན་ཅན་ནི་རྒྱུ་འབྲས་ཀྱི་བློ་མིག་གསལ་ཞིང་འགན་འཁྲིའི་འདུ་ཤེས་ཅན་ཞིག་དང་། རྙིང་ཞེན་བག་འཁུམ་གྱི་སྲོལ་ངན་ལས་ཐར་བའི་མི་བུ་སྒལ་ཚིགས་ཅན་ཞིག་ཡིན་ངེས་ཀྱང་། རྩོམ་པ་པོས་དེའི་ཐད་ལ་སྨྱུག་ཁ་བཀོལ་མེད་པར། མི་བུའི་ཆེས་གཉུག་གཤིས་སུ་གྲུབ་པའི་འདོད་སྲེད་ཀྱི་ཆ་དེ་ཞིབ་འབྲི་བྱས་ཡོད་པས། དེ་ལའང་རང་རང་ས་ནས་དགེ་མཚན་ཅིག་ཡོད་དེ། སྤྱིར་མི་རྣམས་ཀྱི་བྱ་བ་ཅི་ཞིག་དོན་གཉེར་བྱས་ཀྱང་དེ་དག་ནི་རང་རང་གི་དགོས་མཁོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན།  ཨ་མེ་རི་ཁའི་སེམས་ཁམས་རིག་པ་མཁས་ཅན་མཱ་སི་ལའོ(马斯洛)ཡི་འདོད་པ་རིམ་ཡོད་སྨྲ་བའི(需要层次理论)ལྟ་ཚུལ་ལྟར་ན། འགྲོ་བ་མིའི་རིགས་ལ་འདོད་པའམ་དགོས་མཁོ་བདུན་ཡོད་པར་གསུངས་ཏེ། དེ་དག་ཀྱང་དམའ་ས་ནས་མཐོ་སར་གོ་རིམ་བསྒྲིགས་ནས་བཤད་ན། སྐྱེ་ཁམས་ཀྱི་དགོས་མཁོ་དང་། བདེ་འཇགས་ཀྱི་དགོས་མཁོ།  ཁོངས་འདུ་དང་བརྩེ་དུང་གི་འདོད་པ། བརྩི་བཀུར་ཐོབ་འདོད་ཀྱི་དགོས་མཁོ། ཤེས་འདོད་ཀྱི་དགོས་མཁོ། མཛེས་རྟོག་གི་དགོས་མཁོ། རང་ཉིད་མངོན་འགྱུར་གྱི་དགོས་མཁོ་བཅས་ཡོད། དེ་ལས་ང་ཚོས་ཤེས་ཐུབ་པ་ནི་སྐྱེ་ཁམས་ཀྱི་དགོས་མཁོ་སྟེ་བཟའ་འཐུང་འདུག་གསུམ་གྱི་དགོས་མཁོ་དང་། གཉིད་དང་ཕོ་མོའི་བར་གྱི་འཁྲིག་སྤྱོད་སོགས་ནི་མིའི་རིགས་ ཀྱི་ཆེས་མ་མཐའི་དགོས་མཁོ་ཡིན་པས། 《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》ཞེས་པའི་ནང་གི་མི་སྣ་ལྕགས་མོ་ཐར་ལྟ་བུར་མཚོན་ན་མོ་སྤྱིར་རང་ཉིད་ཀྱི་ཁྱོ་གར་བརྩེ་དུང་ཆེ་ཡང་ཁྱོ་གའི་སྐྱེ་ཁམས་ཀྱི་དབང་རྩའི་ནུས་པ་ཤོར་བས། མོས་ད་གཟོད་དོན་གྲུབ་དང་ལུས་འབྲེལ་བྱས་ཡོད་པ་རེད། དེ་ནི་མ་གཞི་ནས་མིའི་སྐྱེ་ཁམས་ཀྱི་དགོས་མཁོ་ལས་བྱུང་བ་ཞིག་ཡིན་ཏེ། བརྩེ་དུང་ཅི་འདྲའི་རླབས་ཆེན་ཡིན་ཡང་འགྲོ་བ་མིའི་ཆེས་རྨང་གཞིར་གྱུར་བའི་ཕོ་མོའི་བར་གྱི་འཁྲིག་སྤྱོད་ཀྱི་གནས་ཚུལ་དེ་ནི་མ་གཞི་ནས་ཡོད་དགོས་པ་ཞིག་ཡིན། རྩོམ་པ་པོས་མི་སྣའི་གཉུག་གཤིས་སུ་གྲུབ་པའི་འདོད་པའི་ཆ་དེ་ཞིབ་འབྲི་བྱས་པ་དེ་ལས་ཁོས་མི་སྣའི་རང་གཤིས་ལ་བརྩི་བཀུར་བྱ་བཞིན་པ་ཤེས་ནུས། འོན་ཀྱང་དགེ་འདུན་ཆོས་འཕེལ་གྱིས།“ལས་ཀྱིས་བསྐོས་པའི་བཟའ་ཟླ་ཕན་ཚུན་ལ།། གཅེས་པའི་སྲོག་བཞིན་བྱམས་པས་འགྲོགས་བྱེད་ཅིང་།། གྱ་གྱུའི་ལས་དང་བྱི་པོའི་ལས་སྤངས་པ།། ཚུལ་ཁྲིམས་ཀུན་གྱི་ནང་ནས་ཡང་རྩེ་ཡིན”【44】ཅེས་པའི་གཏམ་དེ་ནི་མི་ཆོས་ཀྱི་མཐོང་སྣེ་སྤྱད་ནས་གནད་དོན་ལ་བལྟ་བ་ལས་འགྲོ་བ་མིའི་ཆེས་མ་མཐར་གྱུར་བའི་དགོས་མཁོ་དང་འདོད་པ་ཞིག་གི་མི་གཤིས་ངོས་ནས་གནད་དོན་ལ་ལྟ་ཐུབ་མེད། ཧྥ་ལའོ་ཡི་ཐའོ(弗洛伊德)ཡི་སེམས་ཁམས་དབྱེ་ཞིབ་རིག་པའི་གཞུང་ལུགས་ལྟར་ན།“སྒྱུ་རྩལ་ནི་གཉུག་གཤིས་སུ་གྲུབ་པའི་འདོད་པ(原欲)ཡི་མཐོར་འདེགས་ཡིན་པར་གསུངས་ཤིང་། གཉུག་གཤིས་སུ་གྲུབ་པའི་འདོད་པ་ཞེས་པ་དེའང་མིའི་ཆེས་རྨང་གཞིར་གྱུར་བའི་འདོད་པ་དང་བརྩེ་ དུང་གི་རང་གཤིས་ཡིན། གཉུག་མའི་འདོད་པ་དེ“གདོད་མའི་ང”(本我)ཡི་ཁྲོད་དུ་འཐིམས་ཡོད་ལ། དེ་ནི་མིའི་རིགས་ཀྱི་བྱ་འགུལ་མཐའ་དག་ཆེས་ཐོག་མའི་ནང་སེམས་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད།“གདོད་མའི་ང”ནི་སྡུག་བསྔལ་ལ་བྱོལ་ཞིང་བདེ་བ་འདོད་པ་དང་།  སྤྲོ་བ་ནི་མིའི་རིགས་ཀྱི་བྱེད་སྒོ་མཐའ་དག་གི་རྩ་བའི་སྒུལ་ཤུགས་ཡིན་པར་འདོད་པ་དེའོ”【45】གོང་གི་སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་དེའི་ཁྲོད་དུའང་མི་སྣའི་གཉུག་གཤིས་སུ་གྲུབ་པའི་འདོད་སྲེད་དང་སྤྲོ་བ་ལྷུར་དུ་ལེན་པའི་སྣང་ཚུལ་ཞིབ་འབྲི་བྱས་པ་ཡོད་པས་ལེགས་པར་མཐོང་། དེ་མིན་ཡང་མི་གཤིས་ཀྱི་མཛེས་པའི་ཆ་ཡང་ཞིབ་འབྲི་བྱས་པ་ཡོད་དེ།《ནོར་རྫི་བྱིས་པ》ཞེས་པའི་ནང་བྱིས་པའི་ཐུན་མོང་མ་ཡིན་པའི་མི་གཤིས་དང་། ནོར་རྫི་བྱིས་པའི་ཕ་མ་ཟུང་གི་བར་གྱི་ལྷད་མེད་ཀྱི་བརྩེ་བ་དང་བྱིས་པ་ལ་བཅངས་པའི་བརྩེ་དུང་སོགས་ཀྱི་ལྷད་མེད་ཀྱི་མི་གཤིས་ཤིག་འགྲེམས་སྟོན་བྱས་ཡོད། དེ་མིན་《སྡེ་དཔོན》དང་《ཁ་བ་མེད་པའི་དགུན་ཁ》ཞེས་པ་སོགས་སུ་གཅིག་ནས་སྡེ་དཔོན་ཞིག་གི་དཀའ་སྤྱད་སྡུག་རུས་དང་གཞུང་དྲང་བློ་དཀར་གཡི་གཤིས་རྒྱུད་ཞིབ་འབྲི་བྱས་ཡོད་ལ། མང་ཚོགས་དཀྱུས་མའི་དཀའ་ཚེགས་ཀྱི་འཚོ་བ་དང་།  སྒྱིད་ལུགས་ཀྱི་གཤིས་སྤྱོད།  དཔོན་པོའི་རུལ་སུངས་སོགས་ཀྱང་ཞིབ་འབྲི་བྱས་ཡོད་པས།  མི་སྣ་ཞིབ་འབྲི་བྱེད་ཐབས་ཀྱི་ཆ་ནས་ཁེབས་རྒྱ་ཆེན་པོ་ཡོད་པའོ།།
གཉིས།  བྱུང་རིམ་བཀོད་སྒྲིག་བྱེད་སྟངས་ཀྱི་ཆ་ནས། སྒྲུང་གཏམ་ཞིག་ལེགས་འགྲུབ་བྱུང་མིན་གྱི་ཚད་འཇལ་བྱེད་གཙོ་བོ་ཞིག་ནི་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་ལ་རགས་ལས་ཡོད་དེ། བྱུང་རིམ་དེ་གཅིག་ནས་ཕྲ་རབ་ལེགས་པོ་ཞིག་ཡིན་དགོས་པ་དང་། གཉིས་ནས་དེ་ལ་རྒྱུ་འབྲས་གཏན་ཚིགས་ཀྱི་འབྲེལ་བ་གྲུབ་པ་ཞིག་ཡིན་དགོས། སྤྱིར་བྱུང་རིམ་ཕྲ་ རབ་ལེགས་པོ་ཞིག་འབྲི་དགོས་ན་ངེས་པར་དུ་བྱུང་རིམ་ཕྲ་རབ་གང་དེར་བདེན་སྣང་ལྡན་དགོས་པ་དང་། བྱུང་རིམ་གང་དེ་སྤྱིར་བཏང་བ་ཞིག་མ་ཡིན་པར་དེ་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་རང་བཞིན་དང་དཔེ་མཚོན་རང་བཞིན་ལྡན་དགོས་པ་ཡིན། བྱུང་རིམ་དག་ཅུང་ཟད་མཐར་ཆགས་སུ་བཀྲམ་ཞིང་དྲ་བསྦྲེལ་བ་བཞིན་བསྣོལ་མར་གནས་ཡོད་ཀྱང་བསྟན་དོན་གཅིག་ལ་བསྒྲིལ་ཐུབ་ཡོད་དེ།《ལོ་ཟླ་ནི་སྡོང་ལོའི་ཐོག་ཏུ་བཀོད་པའི་བརྙན་རིས་བཞིན》ཞེས་པ་ལྟ་བུ་བྱུང་རིམ་དེ་མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་ལས་དབང་དང་བསྟུན་ནས་བཀོད་སྒྲིག་བྱས་ཡོད་པ་དང་།  《སྐྱབས་ལོ་དང་ཁོའི་རལ་བ》ཞེས་པར་མཚོན་ཡང་བྱུང་རིམ་དེ་སྐྱབས་ལོའི་ཐུན་མིན་གྱི་ཁྱད་ཆོས་ཏེ་རལ་བ་ཞིག་སྐུད་སྣེར་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་ཡོད། དེ་མིན་མི་སྣའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་རྩོམ་དུ་བཀོད་ཡོད་དེ། དེའི་ནང་དཔོན་པོའི་བཙན་ཤུགས་དང་ཉམ་ཆུང་མི་སྣའི་སྐྱོ་གདུང་ཉམ་ཐག་གི་ལས་དབང་ཞིབ་འབྲི་བྱས་ཡོད་ལ། དེ་དག་ཀྱང་རྩོམ་གྱི་ནང་ཁྱི་དང་དེ་མིན་གྱི་བྱ་དངོས་གཞན་པར་ཁ་གཡར་ནས་བྱུང་རིམ་བཀོད་སྒྲིག་བྱས་ཡོད་པས།  རྩོམ་གྱི་བརྗོད་དོན་གསལ་སྟོན་བྱེད་པར་རམ་འདེགས་བྱས་ཡོད།  དེ་མིན《ནོར་རྫི་བྱིས་པ》ཞེས་པའི་སྒྲུང་གཏམ་མང་པོར་མི་སྣའི་ཐུན་མིན་གྱི་ཁྱད་ཆོས་དང་མི་གཤིས་ཀྱི་ཁྱད་ཆོས་གཙོར་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་ཡོད་ལ། 《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པའི་བྱུང་རིམ་སྤེལ་ཚུལ་གྱི་ཆ་ནས་བཤད་ཀྱང་བྱུང་རིམ་ལ་རྒྱུ་འབྲས་གཏན་ཚིགས་ཤུགས་ཆེར་ལྡན་ཡོད་པས་ལེགས་པར་མཐོང་། 
གསུམ།  ཁོར་ཡུག་བཀོད་འབྲི་བྱེད་སྟངས་ཀྱི་ཆ་ནས།  ཁོའི་སྒྲུང་འབྲིང་ཁྲོད་ཀྱི་ཁོར་ཡུག་ཞིབ་འབྲི་བྱེད་སྟངས་ནི་སྒྲུང་ཐུང་དང་སྤྱིའི་ཆ་ནས་འདྲ་བར་གཉིས་ཀར་ཁོར་ཡུག་ཞིབ་འབྲི་གཙོར་བྱས་པའི་སྒྲུང་གཏམ་མེད་ལ། ཡིད་གཟུགས(意象)ཀྱི་ཚོགས་པ་ལ་བརྟེན་ནས་ཁོར་ཡུག་ཞིབ་འབྲི་བྱེད་ཐབས་ཀྱང་མེད་པས་ཁོར་ཡུག་ཞིབ་འབྲིའི་ཆ་ནས་བཤད་ན། གཅིག་ནས་ཐོད་བརྒལ་གྱི་རང་བཞིན་མེད་ལ། གཉིས་ནས་ཁོར་ཡུག་ཞིབ་འབྲི་དེ་ཞིབ་ཚགས་རྣལ་མ་ཞིག་ཏུ་འཁྱོངས་མེད།  ཡང་གཅིག་བཤད་ན།  ཁོའི་སྒྲུང་འབྲིང་ཁྲོད་དུ་ཁོར་ཡུག་ཞིབ་འབྲི་བྱས་པ་དག་ཀྱང་སྤྱི་ཚོགས་ཀྱི་ཁོར་ཡུག་ཞིབ་འབྲི་བྱས་པ་གཙོར་བཟུང་བ་ལས་རང་བྱུང་ཁོར་ཡུག་ཞིབ་འབྲིི་བྱས་པ་ཐར་ཐོར་ཡོད་ཀྱང་མངོན་གསལ་ཅན་ཞིག་ཏུ་སྣང་མེད།  སྤྱི་ཚོགས་ཀྱི་ཁོར་ཡུག་ཞིབ་འབྲིའི་ཆ་ནས་བཤད་ན།  ཁོའི་སྒྲུང་འབྲིང་ནང་སྔར་སོང་གི་འདས་པའི་ལོ་རྒྱུས་ཁྲོད་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ངེས་ཅན་ཞིག་རྒྱབ་ལྗོངས་སུ་བྱས་ནས་སྐབས་དེའི་ཁོར་ཡུག་ཁྲོད་ཀྱི་མི་སྣའི་ལས་དབང་དང་རང་གཤིས་ཞིབ་འབྲི་བྱས་པ་ཡོད་ལ།  དེང་སྐབས་ཁོར་ཡུག་ཁྲོད་ཀྱི་མི་སྣའི་ལས་དབང་དང་རིན་ཐང་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ཀྱང་ཞིབ་འབྲི་བྱས་པ་ཡོད། ད་དུང་སྔར་སོང་གི་ཁོར་ཡུག་དང་དེང་སྐབས་ཁོར་ཡུག་གཉིས་གཞི་གཅིག་ཏུ་འདྲེས་ནས་མི་སྣའི་སྣང་བརྙན་ཞིབ་འབྲི་བྱས་པའང་ཡོད་པས།  སྤྱི་ཚོགས་ཁོར་ཡུག་ཞིབ་འབྲིའི་ཆ་ནས་སྒྲུང་འབྲིང་གི་ཚད་དེ་འདང་བར་བྱས་ཡོད། དེའང་ཡིན་ཏེ།  མི་ནི་མ་གཞི་ནས་སྤྱི་ཚོགས་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བ་དང་། སྤྱི་ཚོགས་ཁོར་ཡུག་མི་འདྲ་བར་བརྟེན་ནས་མི་སྣའི་རང་གཤིས་དང་རིན་ཐང་གི་ལྟ་ཚུལ་ཡང་མི་འདྲ་བར་ཐ་དད་ཅན་ཞིག་འབྱུང་གིན་ཡོད་པས།  མི་སྣའི་རང་གཤིས་དང་ལས་དབང་ཞིབ་འབྲི་བྱེད་པར་ཡང་སྤྱི་ཚོགས་ཁོར་ཡུག་ངེས་ཅན་ཞིག་ལ་བརྟེན་ནས་གསལ་མཚོན་བྱ་དགོས་པ་སྨོས་མེད་རེད།  རང་བྱུང་ཁོར་ཡུག་ཞིབ་འབྲིའི་ངོས་ནས་བཤད་ན།  རང་བྱུང་ཁོར་ཡུག་ཞིབ་འབྲི་བྱས་པ་དག་འགུལ་མེད་ཅིག་ལས་འགུལ་སྐྱོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཞིབ་འབྲི་བྱས་པ་ཉུང་ཞིང་།  དེ་དག་ཀྱང་མདོར་བསྡུས་ཤིག་ལས་རྒྱས་པར་ཞིབ་འབྲི་བྱ་ཐུབ་མེད།  དེ་ནི་ཁོའི་ཁོར་ཡུག་ཞིབ་འབྲིའི་ཁྲོད་ཀྱི་མི་འདང་སའི་གནས་རེད། 
གསུམ་པ།   སྟག་འབུམ་རྒྱལ་གྱི་སྒྲུང་རིང་གསར་རྩོམ་གྱི་ཁྱད་ཆོས་རགས་བཤད།
        སྒྲུང་རིང་ནི་འཚོ་བའི་འདུ་ཚད་ཆེ་ཞིང་ཡིག་ཚོགས་མང་ལ། རྒྱ་ཆེ་ཞིང་རྙོག་འཛིང་ལྡན་པའི་སྤྱི་ཚོགས་འཚོ་བ་བརྗོད་གཞིར་བཟུང་ནས་ལོ་རྒྱུས་སམ་དུས་རབས་ངེས་ཅན་ཞིག་གི་སྤྱི་ཚོགས་འཚོ་བའི་སྣང་བརྙན་ཞིབ་འབྲི་དང་། མི་སྣ་བཀོད་སྒྲིག་བྱས་པ་ཅུང་ཟད་མང་ལ། བསྟན་དོན་ལ་རིམ་པ་དུ་མ་ཅན་གྱི་རྣམ་པ་ཞིག་ཡིན་དགོས། སྟག་འབུམ་རྒྱལ་ལ་ཆ་མཚོན་ནས་བཤད་ན། ཁོའི་དཔེ་མཚོན་རང་བཞིན་ལྡན་པའི་སྒྲུང་རིང་ནི《ལྷིང་འཇགས་ཀྱི་རྩྭ་ཐང》ཞེས་པ་དེ་ཡིན་ཞིང་། དེ་ནི་དེ་སྔོན《སྦྲང་ཆར》དུས་དེབ་ཏུ་མུ་འགོད་བྱས་ཤིང་བྱ་དགའ་ཐོབ་མྱོང་བའི་བརྩམས་སྒྲུང《རྣམ་ཤེས》ཞེས་པ་དེའི་རྨང་གཞིའི་སྟེང་འཕྲི་སྣོན་དང་བཟོ་བཅོས་ཕུན་སུམ་ཚོགས་པར་བྱས་ནས་སྒྲུང་རིང་དུ་བཅོས་པ་ཞིག་ཡིན། དེས་མ་ཟད་སྒྲུང་རིང་འདི་ནི་ཀྲུང་གོ་གསར་བ་དབུ་བརྙེས་ཚུན་མཚོ་སྔོན་ཞིང་ཆེན་དུ་ཐད་ཀར་བོད་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་རིང་ཐོག་མ་བ་དེ་ཡིན།《ལྷིང་འཇགས་ཀྱི་རྩྭ་ཐང》ཕུད་ཁོ་ལ་ད་དུང་སྒྲུང་རིང《རྒུད》ཅེས་པ་ཞིག་ཡོད་ལ། དེ་ནི་ཉེ་ཆར་དཔེ་སྐྲུན་བྱས་མ་ཐག་རེད། སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》ཡིན་ནའང་འདྲ།《རྒུད》ཅེས་པ་ཡིན་ནའང་འདྲ། གཉིས་ཀ་ནི་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བ་བརྗོད་གཞིར་བྱས་པ་ཞིག་ཡིན་ཏེ། དེ་ནི་“སྟག་འབུམ་རྒྱལ་ནི་འབྲོག་ཁུལ་དུ་སྐྱེས་ཤིང་འཚར་ལོངས་བྱུང་ལ། འབྲོག་ཁུལ་དུ་བྱ་བ་བསྒྲུབས་པ་དང་འབྲོག་པ་མང་ཚོགས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་རོལ་བས། དེས་ཁོས་འབྲོག་མིར་དམིགས་པའི་བསམ་བློ་དང་འདུ་ཤེས་སྐྱེད་སྲིང་བྱས། དེ་བས་རྩྭ་ཐང་གི་འབྲོག་མིའི་ལས་དབང་དང་འཚོ་བའི་འགྱུར་ལྡོག ཁོ་ཚོའི་ཁེར་རྐྱང་གི་བསམ་བློའི་འདུ་ཤེས་དང་རྙོག་འཛིང་ཆེ་བའི་བརྩེ་དུང་གི་དྲ་རྒྱ་བཅས་རང་ཤུགས་ཀྱིས་ཁོའི་བརྩམས་སྒྲུང་གི་བསམ་བློའི་ནང་དོན་གཙོ་བོར་གྱུར”【46】ཅེས་པ་དེའང་སྒྲུང་རིང་དེ་གཉིས་ལས་ར་སྤྲོད་ནུས་པ་ཡིན།
        ཁོའི་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》ནི་ལོ་རབས་བདུན་ཅུ་པ་དང་བརྒྱད་ཅུ་པའི་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པ་ཞིག་སྟེ། རྩོམ་གྱི་མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེ་ནི་རིག་གསར་གྱི་གོད་ཆག་ཐེབས་ནས་རང་ཡུལ་རྒྱབ་ཏུ་བསྐྱུར་ཏེ་གཞན་ཡུལ་འགྲིམས་དགོས་བྱུང་བ་དང་། ཁོས་གཞན་ཡུལ་གྱི་ཡུལ་གྲུ་ཁག་ཏུ་རང་ནུས་ཕྲན་བུར་བརྟེན་ནས་སྤྱིར་བཏང་གི་ཚོང་ལས་ལ་འཇུག་སྟེ་མ་དངུལ་ཅུང་ཟད་བསགས་པ་དང་། ཏང་གི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བ་དང་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་ཐོན་སྐྱེད་ནུས་ཤུགས་ལ་གོང་འཕེལ་བྱུང་བ་དང་བསྟུན་ནས། ཁོས་གཞན་ཡུལ་གྱི་འཁྱམས་པོའི་འཚོ་བར་རྫོགས་ཚིག་བཀོད་དེ། རང་ཡུལ་དྲོན་མོའི་པང་དུ་ཕྱིར་ལོག་བྱས་ཤིང་། དཔའ་ངར་དང་བློ་རྩ་བརྟན་པོས་ཕ་ཡུལ་གྱི་དཔལ་འབྱོར་གྱི་རྣམ་པར་འགྱུར་ལྡོག་གཏོང་བའི་སེམས་ཐག་བཅད་དེ། ཕ་ཡུལ་དུ་རང་གིས་བསགས་པའི་མ་དངུལ་ཕྲན་བུ་བཀོལ་སྤྱོད་བྱས་ཏེ་ཚོང་ཁང་དང་སློབ་གྲྭ་སོགས་བཙུགས་ཏེ་ཕ་ཡུལ་མི་དམངས་ལ་ཕན་པའི་བྱ་གཞག་རླབས་པོ་ཆེ་བསྒྲུབས་ཤིང་། རྒྱལ་ཁབ་དང་ཡུལ་གྲུ་གཞན་པར་བསམ་བློ་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་རང་ཉིད་ཀྱི་ཐོས་པ་རྒྱ་ཆེར་བསགས། རྩོམ་གྱི་མི་སྣ་སྒྲོལ་མ་དཀར་མོ་ནི་ཁོའི་ཆུང་དུས་ཀྱི་རྩེད་གྲོགས་ཡིན་ལ། ད་ལྟ་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་པས། དབང་ལྡན་རྡོ་རྗེ་དང་མོའི་བར་ལ་བརྩེ་དུང་གི་ཞོ་མངར་ཆགས་པ་རེད། འོན་ཀྱང་།  ཁོ་གཉིས་ཀྱི་བརྩེ་དུང་ལ་སྲོལ་རྒྱུན་གྱི་གོམས་ལུགས་དང་མི་བུ་འགའ་རེའི་བཀག་འགོག་བྱས་པས། ཁོ་གཉིས་པོས་དེ་ལ་གཉའ་མི་འཁུམས་པར་རང་གི་ལང་ཚོའི་གཟིལ་ཤུགས་ངོམས་ནས་དེ་དག་དང་འཐབ་རྩོད་བྱེད་ཁུལ་བྱས་ཡོད་ཀྱང་།  མཐར་རེ་བ་འབྲས་ཐོགས་སུ་མ་སྨིན་པར་ཁོ་མོ་བཙུན་མ་བྱེད་དགོས་བྱུང་བ་སོགས་ཉམ་ང་བའི་ལས་དབང་ཞིབ་འབྲི་ བྱས་ཡོད། རྩོམ་དེས་དབང་ལྡན་རྡོ་རྗེའི་མི་ཚེའི་གཏམ་རྒྱུད་བྱུང་རིམ་དུ་བཀོད་ནས་བརྩམས་ཆོས་ཧྲིལ་པོ་གྲུབ་པར་བྱས་ཤིང་། དེ་ལྟ་བུའི་མི་སྣ་དབང་ལྡན་རྡོ་རྗེའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་དང་བརྩེ་དུང་གི་གནས་ཚུལ་གཏམ་རྒྱུད་དུ་བཀོད་དེ། རིག་གནས་གསར་བརྗེ་ཆེན་མོའི་འདས་སོང་གི་ལོ་རྒྱུས་ཀྱི་རྨ་ཁ་དང་རིག་གསར་མཇུག་བསྒྲིལ་ནས་བཅོས་ བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བཀོད་ཡོད་པས།  བསྟན་དོན་གྱི་ཆ་ནས་སྒྲུང་རིང་གི་ལྗིད་ཚད་དེ་འདང་བར་བྱས་ཡོད་དེ། ཐོག་མར་བསྟན་དོན་ཆིག་རྐྱང་བ་ཞིག་མ་ཡིན་ལ། འཚོ་བའི་འདུ་ཚད་ཀྱང་ཆེན་པོ་ཡོད་དེ། དེའི་ནང་གཅིག་ནས་རིག་གནས་གསར་བརྗེའི་སྔར་སོང་གི་གནས་ཚུལ་བཀོད་ཡོད་ལ། རིག་གསར་མཇུག་བསྒྲིལ་རྗེས་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཚུན་ཆད་ཀྱི་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བའི་གནས་ཚུལ་ཡང་འཁོད་ཡོད་པས་སོ། འོན་ཀྱང་། སྒྲུང་གི་རིག་གསར་གྱི་གནས་ཚུལ་བྲིས་པ་ཅུང་ཟད་ཉུང་ཞིང་།  ཕལ་ཆེ་བ་བཅོས་བསྒྱུར་ཚུན་ཆད་ཀྱི་འབྲོག་ཁུལ་གྱི་གནས་ཚུལ་ཞིབ་འབྲི་བྱས་ཡོད་ལ། དེ་དག་ཀྱང་མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེའི་སྣང་བརྙན་ལ་བརྟེན་ནས་མཚོན་པར་བྱས་ཡོད། རྩོམ་ནང་དེ་ལྟ་བུའི་རྙོག་འཛིང་ཆེ་བའི་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བ་  ཞིབ་བརྗོད་བྱས་ཏེ། འབྲོལ་ཁུལ་གྱི་དུས་སྐབས་ངེས་ཅན་ཞིག་གི་ཆབ་དཔལ་རིག་གསུམ་གྱི་འགྱུར་ལྡོག་དང་། མི་རྣམས་ཀྱི་བསམ་བློའི་ཆུ་ཚད། སྤྱི་ཚོགས་ཁྲོད་ཀྱི་འགལ་བ་སོགས་མཚོན་པར་བྱས་ཡོད་ལ། བཅིངས་འགྲོལ་བྱས་ཚུན་གྱི་འབྲོག་ཕྱོགས་རྩྭ་ཐང་གི་རྣམ་པ་གསར་བའི་འཕོ་འགྱུར་ཡང་བྲིས་ཡོད། དེ་མིན་རྩོམ་འདིར་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། མི་རྣམས་ཀྱི་བསམ་པའི་འཁྱེར་སོ། རིན་ཐང་ལྟ་ཚུལ་སོགས་གསལ་བོར་མཚོན་ཡོད་པས།“སྒྲུང་གཏམ་ནི་འཚོ་བ་དངོས་དང་ཡུལ་སྲོལ་གོམས་འདྲིས། མི་དང་མིའི་བར་གྱི་འབྲེལ་བའི་རི་མོ་ཞིག་དང་། སྒྲུང་གཏམ་འབྱུང་བར་བྱེད་པའི་དུས་རབས་དེའི་རི་མོ་ཞིག་ཡིན”【47】ཅེས་པའང་བརྩམས་སྒྲུང་དེ་ལས་གསལ་བར་མངོན་ཡོད། འོན་ཀྱང་སྒྲུང་རིང་དེའི་ནང་རྩོམ་པ་པོས་མི་སྣའི་སྣང་བརྙན་འབུར་ཐོན་ཅན་ཞིག་ཞིབ་འབྲི་བྱ་ཐུབ་མེད་ལ། མི་སྣའི་གཤིས་ཀའང་ཆིག་རྐྱང་ཅན་ཞིག་ལས་སྒྲུང་རིང་ཞིག་གི་ངོས་ནས་མི་སྣའི་གཤིས་ཀ་གྱ་ནོམ་ཕུན་སུམ་ཚོགས་པོ་ཞིག་ཞིབ་འབྲི་ཐུབ་མེད། དཔེར་ན་སྒྲུང་གི་ཁག་གཉིས་པའི་ནང་རྩོམ་པ་པོས་ཏཱ་རེ་སྐྱིད་ཀྱི་ལོ་རྒྱུས་དེ་ཞིབ་འབྲི་རྒྱས་པར་བྱས་མེད་པར་ངོ་སྤྲོད་ཀྱི་ཚུལ་དུ་བྲིས་ཡོད་པ་སྟེ།“ལོ་ཟླའི་འགྲོས་དང་བསྟུན་ནས་གཤིས་ཀའང་རིམ་བཞིན་ཇེ་སྡུག་ཏུ་གྱུར་ཅིང་དོན་དག་གང་དང་ཅི་ལའང་ཐེ་གཏོགས་བྱེད་པར་དགའ་བར་མ་ཟད། རྔམས་སེམས་ཆེ་བས་ཕལ་ཆེར་བདག་འཛིན་རིང་ ལུགས་པ་ཞིག་རེད་བཤད་ནའང་མི་ཆོག་རྒྱུ་མེད”ཅེས་སྡོམ་ཚིག་ཅིག་བཀོད་ཡོད། དེ་ནི་བརྩམས་སྒྲུང་ཞིག་ལ་མཚོན་ན་མི་འདང་བའི་གནས་ཤིག་ཡིན་ཏེ། རྩོམ་གྱི་མི་སྣར་རྩོམ་པ་པོ་རང་ངོས་ནས་གདེང་འཇོག་དང་ཚོད་འཛིན་བྱེད་པའི་སྐྱོན་དུ་གྱུར་འགྲོ། ཡང་གཅིག་བཤད་ན་གོང་གི་སྐད་ཆ་དེ་ལྟ་བུ་ནི་མ་གཞི་ནས་བརྩམས་སྒྲུང་གི་སྐད་ཆའི་ཁོངས་སུ་ཚུད་དཀའ་སྟེ། རྩོམ་གྱི་སྐད་ཆ་ཡིན་ན་ངེས་པར་དུ་སྣང་བརྙན་ལ་བརྟེན་ནས་མི་སྣའི་ཁྱད་ཆོས་ཞིབ་བརྗོད་བྱེད་པ་ཞིག་ཡིན་པས། གོང་གི་སྐད་ཆ་དེ་ནི་སྤྱི་མཚན་ཅན་གྱི་སྐད་ཆར་གྱུར་བའི་སྐྱོན་ཡོད། གོང་དུ་བརྗོད་པ་ལྟར། སྟག་འབུམ་རྒྱལ་ལ་ཆ་མཚོན་ནས་བཤད་ན། སྟག་འབུམ་རྒྱལ་ལ་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》ཕུད་ཁོ་ལ་ད་དུང་སྒྲུང་རིང《རྒུད》ཅེས་པ་ཞིག་ཡོད།  སྤྱིར《རྒུད》ཅེས་པའི་སྒྲུང་རིང་དེ་ང་རང་གི་ལྟ་ཚུལ་ལྟར་ན།    ཡིག་ཚོགས་ཅུང་ཟད་མང་བའི་སྒྲུང་འབྲིང་རྣལ་མ་ཞིག་ལས་སྒྲུང་རིང་ཞིག་གི་ཚད་དུ་ཅུང་ཟད་ཚུད་དཀའ་སྙམ། སྤྱིར་སྒྲུང་རིང་ཞིག་ཡིན་ན་འཚོ་བའི་ཤོང་ཚད་ཆེ་ཞིང་མི་སྣ་མང་ལ། བྱུང་རིམ་རྙོག་འཛིང་དང་ལྡན་པ་གང་ཞིག་དེར་གཅིག་སྡུད་ཀྱི་རང་བཞིན་ལྡན་དགོས་པ་ཞིག་ཡིན་ལ། ལྷག་པར་དུ་བསྟན་དོན་གྱི་ངོས་ནས་བསྟན་དོན་ཆིག་རྐྱང་བའི་རྣམ་པ་ལས་བརྒལ་ཏེ་བསྟན་དོན་ལ་རིམ་པ་དུ་མ་ཅན་གྱི་རྣམ་པའམ། མི་སྣ་གཙོ་བོའི་སྣང་བརྙན་ཐོག་ནས་ཡུལ་ དུས་ངེས་ཅན་ཞིག་གི་སྤྱི་ཚོགས་འཚོ་བ་མཚོན་དགོས་པ་མ་ཟད། ཆེས་རྙོག་འཛིང་དང་ཕུན་ཚོགས་གྱ་ནོམ་གྱི་རྣམ་པའི་ཐོག་ནས་ནང་དོན་ཕུན་ཚོགས་ཁྱད་པར་བ་ཞིག་དོན་དུ་གཉེར་དགོས་པ་ཡིན། འོན་ཀྱང་། སྒྲུང་རིང་དེར་ཕྱི་ཚུལ་གྱི་ཡིག་ཚོགས་ཀྱི་ཐད་ནས་སྒྲུང་རིང་གི“རིང་བའི”ཁྱད་ཆོས་ལྷུར་ལེན་བྱས་ཡོད་མོད། འཚོ་བའི་འདུས་ཚད་དང་།  དུས་དང་བར་སྟོང(空间)དེ་མིན་དུས་རབས་ཤིག་གམ་ལོ་རྒྱུས་ངེས་ཅན་ཞིག་གི་སྤྱི་ཚོགས་ཀྱི་ཁྱད་ཆོས་དང་། མི་སྣ་ཞིག་གི་མི་ཚེ་ཧྲིལ་པོ་ཞིག་གི་གཏམ་རྒྱུད་འབྲི་བ་བཅས་ཀྱི་ཐད་ནས་ད་དུང་སྒྲུང་རིང་གི་ཁྱད་ཆོས་དེ་ཆེས་ཆེར་མངོན་ཐུབ་མེད། དེ་མིན《རྒུད》ཅེས་པར་མདོར་དྲིལ་ན་བསྟན་དོན་ཡང་ཆིག་རྐྱང་བ་ཞིག་གི་རྣམ་པ་ཆགས་ནས་ཡོད་ལ་བྱུང་རིམ་ལའང་ཀྱ་ཀྱུ་འཕྲུལ་འཛིང་ཅན་གྱི་རྙོག་འཛིང་གི་ཆ་ཆེན་པོ་མེད་དེ།  རྩོམ་དེའི་ཕྱིའི་སྒྲིག་གཞི་སྟེ། ས་བཅད་དང་ལེའུ་སོགས་སུ་འོས་ཤིང་འཚམས་པར་བགོས་ཏེ་ཀློག་མཁན་ལ་ལྟ་བདེ་བའི་རྣམ་པ་ཞིག་ཆགས་ཡོད་ཀྱང་། བརྗོད་བྱ་གཙོ་བོ་ནི་ཕ་རྒྱུད་གཅིག་ལས་མཆེད་པའི་བུ་ཕྲུག་གསུམ་དང་།  བུ་ཕྲུག་གསུམ་གྱི་རུས་རྒྱུས་ལས་བྱུང་བའི་སྤྱང་ཚ་དང་གླིང་ཚ།  གསེར་ཚ་བཅས་ཚོ་ཆེན་གསུམ་གྱི་ཕུ་ནུ་ཚོའི་བར་གྱི་ནང་འཁྲུག་བཀོད་དེ། འདི་གསུམ་པོའི་རྒུད་པའི་ལོ་རྒྱུས་ཤིག་བྲིས་ཡོད་དེ། སྒྲུང་གི་སྟོད་དུ་རྒྱའི་གོང་མ་ཞིག་གི་དུས་སྐབས་སུ་ཟི་ལིང་གི་ཚབ་བྱེད་མི་སྣ་ཞིག་གིས་གསེར་ཚ་དང་གླིང་ཚ། སྤྱང་ཚ་གསུམ་གྱི་མངའ་ཁོངས་ལ་དབང་སྒྱུར་བྱ་ཆེད་ཚོ་དཔོན་དེ་གསུམ་པོར་སྟོང་དཔོན་གྱི་ཆོ་ལོ་དང་ཐོབ་ཐང་བསྩལ་ནས་ཁོ་ཚོའི་བར་ལ་ས་མཚམས་དབྱེ་སྟེ་ཁོ་ཚོའི་བར་ས་རྩོད་ཀྱི་གྱོད་གཞི་འབྱུང་བར་བྱས་ཡོད་པ་དང་།   སྒྲུང་གི་སྨད་ཆའི་ནང་ ཁོ་ཚོའི་བར་མི་ཤི་རྟ་འགྱེལ་གྱི་གྱོད་བྱུང་བའི་གནས་ཚུལ་དང་། མཱ་ཇག་གིས་ཁོ་ཚོའི་བར་འདུམ་སྒྲིག་གམ་གཟུར་གནས་ཀྱི་ཐོག་ནས་གནད་དོན་ཐག་གཅོད་བྱེད་པར་ཁ་གཡར་ཏེ་ཁོ་ཚོའི་ལག་ནས་ཁྲལ་རིགས་འགའ་ཞིག་བསྡུས་པའི་གནས་ཚུལ་བཀོད་དེ། ཚོ་ཆེན་གསུམ་པོའི་རྒུད་པའི་ལོ་རྒྱུས་ཤིག་བྲིས་ཡོད་པ་རེད།  རྩོམ་དེས་འབྲོག་ཁུལ་གྱི་འཚོ་བའི་ཁྲོད་ཀྱི་ཟུར་ཞིག་བརྗོད་བྱར་བཀོད་ནས། བསྟན་དོན་རྙིང་བ་ཞིག་སྟེ་མཐུན་སྒྲིལ་ནི་སྟོབས་ཤུགས་དང་། ཞེ་སྡང་ཕྲག་དོག  ནང་དམེ་སོགས་ནི་མཐུན་སྒྲིལ་གྱི་གནོད་བྱེད་ཡིན་པ་བསྟན་ནས། མཐུན་སྒྲིལ་ནི་གལ་ཆེ་ཚུལ་དང་། ཕན་ཚུན་བར་ནང་དམེའི་ལས་ལ་འཇུག་པ་ནི་ཐམས་ཅད་ཉམས་རྒུད་དུ་འགྲོ་བའི་རྒྱུ་ཡིན་པ་བསྟན་ཡོད། སྤྱིར་བརྗོད་དོན་གྱི་ཆ་ནས་བསྟན་དོན་གསར་བ་ཞིག་མ་ཡིན་ཏེ། དོན་གྲུབ་རྒྱལ་གྱི《འབྲོང་སྟག་ཐང》ནས་གཅོས་པའི་རྩྭ་ས་རྩོད་གླེང་གི་ཉམ་ང་བའི་འབྲོག་ཁུལ་གྱི་གནས་ཚུལ་བརྗོད་བྱར་བཀོད་པ་ཆེས་མང་ཞིང་།《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ནས་གཙོས་པའི་བརྩམས་ཆོས་མང་པོ་ཞིག་གིས་ང་ཚོར་མཐུན་སྒྲིལ་གལ་ཆེ་ཚུལ་དང་། ཕྲག་དོག་ཞེ་སྡང་ནི་མཐུན་སྒྲིལ་གྱི་གནོད་བྱེད་ཡིན་པ་བསྟན་ཡོད་པས་ཡིན། འོན་ཀྱང་རྩོམ་འདིར་འཚོ་བའི་དྲི་ངད་སྟུག་པོར་ཡོད་ལ། རུས་རྒྱུད་གསུམ་པོའི་རྒུད་པའི་ལོ་རྒྱུས་དེ་ཅུང་ཟད་རྒྱས་པར་ཞིབ་འབྲི་ཐུབ་ཡོད་པས་ལེགས་ཆར་མཐོང་ཞིང་། རྗོད་བྱེད་ཚིག་སྦྱོར་ལ་བརྡ་རྙིང་དང་མངོན་བརྗོད་སོགས་ཀྱིས་བཅིངས་མེད་པས། ཁ་གསལ་གོ་བདེའི་རང་བཞིན་ལྡན་ལ། རྩོམ་པ་པོའི་རྟོག་བཟོའི་རྗེས་ཤུལ་ཆུང་བ་རེད། དེ་མིན“རྩོམ་པ་པོས་སྨྱུག་ཁ་ལོ་རྒྱུས་ཀྱི་གཏིང་ཟབ་སར་བསྲིངས་ནས། སྒྱུ་རྩལ་གྱི་རང་བཞིན་མངོན་པར་གསལ་བའི་འཚོ་བ་དང་། དུས་ཚོད་ཐུང་ངུ་ཞིག་གི་བརྒྱུད་རིམ་གལ་ཆེན་ཞིག་ཞིབ་ཅིང་རྒྱས་པའི་ངང་ནས་མངོན་པར་མཚོན་པའི་ཤུགས་ནས་། མི་རིགས་ཤིག་གིས་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་རུང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་བྲེད་ཤ་ལང་བ་ཞིག་ཕྱོགས་བསྡོམས་བྱས་ཏེ། རྩོམ་པ་པོའི་ལོ་རྒྱུས་བསམ་གཞིག་ཁྲོད་ཀྱི་ན་ཟུག་དང་སྒྱུ་རྩལ་འཚོལ་སྙེག་ཁྲོད་ཀྱི་ཕྱི་མིག་མཐོང་ཐུབ་པར་མངོན”【48】ཞེས་པའི་དཔྱད་གཏམ་འདིར་ང་རང་ཤིན་ཏུ་ནས་འཐད་པ་ཡིན། འོན་ཀྱང་། སྒྲུང་རིང་དེར་འདས་སོང་གི་ལོ་རྒྱུས་བསྐྱར་མཚོན་བྱེད་པ་མ་གཏོགས། དེ་ལས་འདས་པའི་དུས་རབས་དང་འཚམས་པའི་རང་ཉིད་ཀྱི་བསམ་བློ་དང་མྱོང་རྟོག་ཆེས་ཆེར་མེད། གཤམ་དུ་སྟག་འབུམ་རྒྱལ་གྱི་སྒྲུང་རིང་གི་གསར་རྩོམ་ཁྱད་ཆོས་ཅུང་ཟད་གླེང་བར་བྱ་སྟེ།
གཅིག མི་སྣའི་སྣང་བརྙན་འབྲི་བཞེངས་ཀྱི་ངོས་ནས། སྟག་འབུམ་རྒྱལ་གྱི་སྒྲུང་རིང་ཁྲོད་ཀྱི་མི་སྣའི་སྣང་བརྙན་འབྲི་བཞེངས་ཀྱི་ངོས་ནས་བཤད་ན། ཁོའི་བརྩམས་སྒྲུང་ཁྲོད་དུ་ལུའུ་ཞུན་གྱིས་གསུངས་པའི“མི་གཅིག་ཆེད་དམིགས་སུ་མ་བཀོལ་བར་ཁ་ནི་ཀྲེ་ཅང་དང་། གདོང་ནི་པེ་ཅིན། གོན་པ་ནི་ཧྲན་ཞི་སོགས་ནས་བླངས་ཏེ་ཕྱོགས་གཅིག་ཏུ་སྦྱར”བའི་སྣེ་མང་གཅིག་འདུས་ཀྱི་རང་བཞིན་དེ་མེད་པར། མི་སྣ་དག་ཅུང་ཟད་དམར་ཧྲེང་ཅན་ནམ་ཆིག་རྐྱང་ཅན་དུ་བྲིས་པ་ཤུགས་ཆེ། སྤྱིར་བརྩམས་སྒྲུང་ཞིག་ལ་ཆ་མཚོན་ན། མི་སྣའི་རང་གཤིས་གསར་བཟོ་བྱེད་རྒྱུ་དེ་བྱ་ཐབས་གལ་ཆེན་ཅིག་ཡིན་ཡང་མཐར་ཐུག་དམིགས་ཡུལ་མ་ཡིན་ཏེ། སྒྱུ་རྩལ་གྱི་དམིགས་ཡུལ་ནི་མི་སྣའི་རང་གཤིས་གསར་བཟོ་བྱས་པ་བརྒྱུད་དེ། སྣང་བརྙན་གྱི་མ་ལག་ཅིག་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པ་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི་བརྩམས་སྒྲུང་ནི་མ་གཞི་ནས་དོན་བརྗོད་རང་བཞིན་ལྡན་པའི་རྩོམ་རིག་ཅིག་ཡིན་པས་སོ། སྟག་འབུམ་རྒྱལ་གྱི་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》ལྟ་བུར་མ་གཞི་མི་སྣ་གཙོ་བོའི་གཤིས་ཀའི་ཁྱད་ཆོས་དག་ཞིབ་འབྲི་བྱས་པ་ཡོད་ཀྱང་། མི་སྣའི་སྣང་བརྙན་དག་བྱུང་རིམ་གྱི་ཁྲོད་དུ་འཐིམས་ནས་ཡལ་བར་བྱས་པས་མི་སྣའི་སྣང་བརྙན་དག་མག་མོག་ཅན་དུ་གྱུར་བས་མི་དགེ་བའི་གནད་དུ་མཐོང་ཡང་། དེའི་ནང་མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེའི་སྣང་བརྙན་ལ་བརྟེན་ནས་དུས་སྐབས་མི་འདྲ་བ་གཉིས་ཀྱི་འབྲོག་ཁུལ་གྱི་ཆབ་དཔལ་རིག་གསུམ་དང་མི་རྣམས་ཀྱི་སྤྱི་ཚོགས་འཚོ་བ་གསལ་བོར་སྟོན་ཡོད་པས་ལེགས་པར་མཐོང་། འོན་ཀྱང་སྒྲུང་རིང་དེའི་ནང་རྩོམ་པ་པོས་མི་སྣའི་སྣེ་མང་རྙོག་འཛིང་གི་གཤིས་ཀ་ཞིབ་འབྲི་བྱ་ཐུབ་མེད་ལ། མི་སྣའི་སེམས་ཁམས་ཞིབ་འབྲིའི་ཆ་ལ་དང་དོད་བྱས་པ་མི་ལེགས་པས་དེ་ནི་ཧ་ཅང་ཡིད་ཕམ་པའི་གནས་སུ་གྱུར་ཡོད། དེས་མ་ཟད། མི་སྣ་གཞན་པའི་སྣང་བརྙན་དག་ཀྱང་ཞིབ་འབྲི་བྱས་པ་ཞིབ་ཚགས་ཅན་ཞིག་མ་ཡིན་པར། གསེར་དང་བྱེ་མ་འདྲེས་པ་ལྟ་བུའི་རྩིང་རགས་ཅན་ཞིག་ཏུ་གྱུར་ཡོད། དེ་མིན་སྒྲུང་རིང་དེའི་ནང་རྩོམ་པ་པོས་གང་བྱུང་དུ་མི་སྣའི་ལས་དབང་ལ་ཚོད་འཛིན་བྱས་པས་ཅུང་ཟད་མི་ལེགས་པར་མཐོང་། དེ་མིན་སྒྲུང་རིང《རྒུད》ལྟ་བུར་ཆ་མཚོན་ནའང་གཅིགའདྲ་རེད། གཙོ་བོ་མི་སྣའི་བར་གྱི་འགལ་བ་ཞིག་ཞིབ་བརྗོད་བྱས་ནས། ཕ་རྒྱུད་གཅིག་ལས་མཆེད་པའི་བུ་ཕྲུག་གསུམ་པོའི་རུས་རྒྱུད་དག་གི་རྒུད་པའི་ལོ་རྒྱུས་ཤིག་བྲིས་ཡོད་པ་རེད། དེའི་མི་སྣ་དག་ཀྱང་ཁེ་གྲགས་དང་དབང་ཐང་གི་སླད་དུ་ནང་དམེའི་ལས་ལ་འཇུག་བཞིན་པའི་གཏམ་རྒྱུད་ཅིག་བཀོད་ཡོད་པ་རེད།  ཁོའི་སྒྲུང་རིང་ཁྲོད་དུ་མི་སྣ་འགའ་རེ་ངོ་སྤྲོད་བྱེད་པར་ཡིག་ཚོགས་མང་པོ་ཞིག་བཀོལ་ཡོད་ཀྱང་དེ་དག་ནི་མི་སྣ་ངོ་སྤྲོད་ཙམ་དུ་ཟད་པ་ལས་མི་སྣའི་སྣང་བརྙན་འབུར་ཐོན་ཅན་དུ་གྱུར་བར་ཕན་པ་ཆེན་པོ་ཐོན་མེད། དེ་ནི་སྒྲུང་རིང་ཞིག་ལ་མཚོན་ན་དོན་མེད་དུ་ཡིག་ཚོགས་སྤུངས་པའི་སྣང་ཚུལ་ཙམ་དུ་གྱུར་བས།  སྒྲུང་གི་བརྗོད་དོན་ཁྲོད་དུ་གནས་བབ་ཆེན་པོ་ཟིན་མེད་ལ། དེ་དག་མེད་ཀྱང་སྒྲུང་རིང་ལ་གནོད་པ་ཆེན་པོ་ཐེབས་པར་མི་གྱུར།
གཉིས།  བྱུང་རིམ་བཀོད་སྒྲིག་བྱེད་སྟངས་ཀྱི་ཆ་ནས།  དེ་ཡང“བྱུང་རིམ་དེ་མི་སྣ་ཕན་ཚུན་བར་གྱི་འབྲེལ་བ་དང་འགལ་བ། འདུམ་འགྲིག་དང་། རྒྱབ་གཏོད་སོགས་ཀྱིས་མཚོན་པའི་ཉོག་འཛིང་གི་འབྲེལ་བར་གོ་ལ། དེ་ནི་གཤིས་ཀ་རིགས་ཤིག་འཚོ་བའི་མ་དཔེ(原型)ནས་སྒྱུ་རྩལ་གྱི་དཔེ་གཞི(典型)ཅན་དུ་བསྒྱུར་བའི་གོ་རིམ་ཞིག་ཀྱང་རེད”【49】ཅེས་བྱུང་རིམ་ནི་མི་སྣའི་གཤིས་ཀའི་ལོ་རྒྱུས་སམ་འཚོ་བའི་ཁྲོད་ཀྱི་མི་སྣའི་སྣང་བརྙན་དེ་སྒྱུ་རྩལ་ཁྲོད་ཀྱི་མི་སྣར་མཐོར་འདེགས་བྱེད་པའི་གོ་རིམ་ཞིག་ཡིན་ཡང་།  སྟག་འབུམ་རྒྱལ་གྱི་སྒྲུང་རིང་ལ་མཚོན་ན་དེ་འདྲ་ཞིག་མ་ཡིན་པར། སྒྲུང་གཏམ་གྱི་ཁྲོད་དུ་མི་སྣའི་གཤིས་ཀ་ཞིབ་འབྲི་བྱས་པ་ཅུང་ཟད་ཡོད་པ་དག་དེ་ལས་ལྡོག་སྟེ་བྱུང་རིམ་གྱི་ཁྲོད་དུ་ཡལ་བར་དོར་ནས་མི་སྣང་བར་བྱས་ཡོད།  དེ་ནི་བྱུང་རིམ་བཀོད་སྒྲིག་ཐད་ཀྱི་ཕམ་ཁ་ཞིག་རེད།  སྒྲུང་རིང་ཞིག་ལ་མཚོན་ན།  བྱུང་རིམ་བཀོད་སྒྲིག་ལ་བརྟེན་ནས་མི་སྣའི་གཤིས་ཀ་ཞིབ་འབྲི་བྱེད་པའི་ཐད་ལ་འབད་པ་གང་ཞིག  གཤིས་ཀ་ཆིག་རྐྱང་ཅན་དུ་མི་འགྱུར་བར་སྣ་མང་ཕུན་སུམ་ཚོགས་པའི་གཤིས་ཀའམ་གྱ་ནོམ་ཅན་གྱི་གཤིས་ཀ་ཞིབ་འབྲི་བྱ་དགོས་པ་ཡིན་ལ། མི་སྣའི་གཤིས་ཀ་དེ་བྱུང་རིམ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་བྱུང་རིམ་དང་ལྷན་དུ་མཐོར་འདེགས་བྱ་དགོས་རྒྱུ་གལ་ཆེ་བ་ཡིན།  དེ་ལས་ལྡོག་སྟེ་བྱུང་རིམ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་གཤིས་ཀ་དེ་བྱུང་རིམ་འཕེལ་རྒྱས་ཀྱི་ཁྲོད་དུ་ཡལ་བར་དོར་ནས་མི་སྣང་བར་བྱས་ན་དེ་ནི་བྱུང་རིམ་བཀོད་སྒྲིག་ཁྲོད་ཀྱི་མི་འདང་སའི་ཆ་ལས་བཟང་ཆར་གྱུར་མི་སྲིད།  ལྷག་པར་དུ་སྒྲུང་གཏམ་ནི་ནམ་རྒྱུན་གྱི་མི་སྣ་ངོ་སྤྲོད་དང་མི་འདྲ་བར་མི་སྣའི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་ཀྱི་ཡོད་པས།  མི་སྣའི་སྣང་བརྙན་རབ་རིབ་ཅིག་ལས་མངོན་གསལ་འབུར་ཐོན་ངང་ཞིབ་འབྲི་བྱ་མི་ཐུབ་ཚེ།  སྤྱི་ཚོགས་འཚོ་བ་མཚོན་པར་འགོག་རྐྱེན་བཟོ་ལ།  རྩོམ་པ་པོས་བརྗོད་པར་འདོད་པའམ་བསྟན་བྱའི་དོན་དེ་ཁ་གསལ་ངང་ཀློག་མཁན་ལ་གསལ་སྟོན་བྱ་མི་ནུས་སོ། གསུམ།  ཁོར་ཡུག་བཀོད་འབྲི་བྱེད་སྟངས་ཀྱི་ཆ་ནས། སྒྲུང་གཏམ་ཞིག་ལ་མཚོན་ན་ཁོར་ཡུག་ཞིབ་འབྲིའི་བྱེད་པའི་སྣང་ཚུལ་ཡོད་པ་ཙམ་གྱིས་མི་ཆོག་པར།  གང་ཞིབ་འབྲི་བྱས་པའི་ཁོར་ཡུག་དེ་རྩོམ་གྱི་མི་སྣའི་གཤིས་ཀ་དང་སེམས་ཁམས་ཀྱི་ཁྱད་ཆོས་དང་འཚམས་པ་གང་ཞིག  ཁོར་ཡུག་ཞིབ་འབྲི་བྱས་པ་དེས་མི་སྣའི་རང་གཤིས་དང་རྩོམ་གྱི་བརྗོད་བྱའི་ནང་དོན་གསལ་སྟོན་བྱ་རྒྱུར་རམ་འདེགས་ཀྱི་ནུས་པ་ཐོན་པ་ཞིག་ཡིན་དགོས།  དེས་མ་ཟད།  སྒྲུང་གཏམ་ལ་ཆ་མཚོན་ན་ཁོར་ཡུག་ཞིབ་འབྲི་དེ་སྒྲུང་གཏམ་གྱི་གྲུབ་ཆ་གསུམ་གྱི་ནང་དུ་འདུས་པས།  དེ་ལས་ཁོར་ཡུག་ཞིབ་འབྲི་བྱ་རྒྱུ་དེ་སྒྲུང་གཏམ་ཞིག་ལ་མཚོན་ན་གལ་ཆེན་ཞིག་ཡིན་པ་གསལ་བཤད་བྱ་ནུས།  ཡང་གཅིག་བཤད་ན།  བརྩམས་སྒྲུང་ནི་མི་སྣའི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པ་ཞིག་ཡིན་པས། མི་ནི་བརྩམས་སྒྲུང་གི་གླེང་གཞི་གཙོ་བོར་གྱུར་བ་རེད།  གལ་ཏེ་མི་ནི་བརྩམས་སྒྲུང་གི་གླེང་གཞི་གཙོ་བོར་གྱུར་ན་མི་སྣ་ཞིབ་བརྗོད་བྱེད་པར་ཁོར་ཡུག་དང་འབྲལ་ཐབས་མེད།  རྒྱུ་མཚན་ནི་མི་ནི་ཁོར་ཡུག་ངེས་ཅན་ཞིག་གི་ནང་འཚོ་གནས་ལ་རོལ་བཞིན་ཡོད་པ་ཡིན་པས། ཁོར་ཡུག་གིས་མི་སྣ་སྐྱེད་སྲིང་དང་གསོ་སྐྱོང་བྱེད་ཀྱི་ཡོད་ལ། ཁོར་ཡུག་གིས་མི་སྣ་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྦྱིན་པར་བྱེད་པས་ཡིན།  ད་དུང་ཁོར་ཡུག་གིས་མི་སྣའི་ལས་དབང་དང་ཡིད་ཁམས་ལ་ཤུགས་རྐྱེན་བྱེད་པས་ཡིན།
        སྟག་འབུམ་རྒྱལ་གྱི་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》ལྟ་བུར་མཚོན་ན་ཡང་མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེའི་སྣང་བརྙན་གསར་བཞེངས་ཀྱི་ཐོག་ནས་ད་གཟོད་དུས་སྐབས་མི་འདྲ་བའི་འབྲོག་ཁུལ་གྱི་ཆབ་དཔལ་རིག་གསུམ་གྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་གླེང་ཡོད་པས་ཡིན།  རིག་གསར་གྱི་ཁོར་ཡུག་ནང་དབང་ལྡན་རྡོ་རྗེ་ནི་རང་ཡུལ་བསྐྱུར་ནས་གཞན་ཡུལ་འགྲིམས་དགོས་བྱུང་བའི་འཁྱམས་པོ་ཞིག་ཏུ་གྱུར་ཡོད་ལ།   བཅོས་བསྒྱུར་བྱས་ཚུན་གྱི་སྤྱི་ཚོགས་ཁོར་ཡུག་ནང་ད་གཟོད་ཁོས་རང་ཉིད་ཀྱི་ལང་ཚོའི་གཟིལ་ཤུགས་ངོམས་ནས་འབྲོག་ཁུལ་དུ་སློབ་གྲྭ་དང་ཚོང་ཁང་སོགས་བཙུགས་ཏེ་འབྲོག་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་མཁན་གྱི་མི་སྣ་ཞིག་ཏུ་གྱུར་ཡོད། དེ་ནི་གཙོ་བོ་ཁོར་ཡུག་གིས་བཟོས་པ་ཡིན་ཏེ།  གལ་ཏེ་ཁོ་སྔར་བཞིན་རིག་གསར་གྱི་ལོ་ཟླའི་ནང་འཚོ་བར་རོལ་མཁན་ཞིག་ཡིན་ན།  ཁོ་ནི་འབྲོག་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་མཁན་གྱི་སྐུལ་འདེད་པ་ཞིག་ཏུ་གྱུར་མི་སྲིད།  དེས་མ་ཟད།  ཁོ་དང་སྒྲོལ་མ་དཀར་མོ་གཉིས་ཀྱི་བརྩེ་དུང་གི་ངོས་ནས་བརྗོད་ཀྱང་།  ཁོ་གཉིས་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་དེ་ནི་ཆབ་དཔལ་རིག་གསུམ་གྱི་ལྟེ་བ་ཡིན་པའི་གྲོང་ཁྱེར་ལྟ་བུ་མ་ཡིན་པར་ཕྱོགས་གང་ཐད་ནས་རྗེས་ལུས་ཡིན་པའི་འབྲོག་ཁུལ་ཡིན་པས།  ད་གཟོད་ཁོ་གཉིས་ཀྱི་ལྷད་མེད་ཀྱི་བརྩེ་དུང་ལ་བར་ཆད་བཟོ་མཁན་གྱི་མི་སྣ་ཐོན་པ་རེད།  དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཁའ་དབུགས་སྟུག་པོའི་ཁྲོད་འཚོ་གནས་ལ་རོལ་བཞིན་པའི་མི་རྣམས་ཀྱི་འཚོ་གནས་ཁོར་ཡུག་དང་དམ་པོར་འབྲེལ་ཡོད།  དེས་ན།  ཁོར་ཡུག་ནི་སྒྲུང་གཏམ་ནང་གི་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པར་གལ་ཆེའི་གནས་བབ་ཟིན་ཡོད་པ་ཤེས་ནུས་པ་ཡིན།  འོན་ཀྱང་།  སྒྲུང་རིང་དེའི་ནང་ཡུལ་དུས་མི་འདྲ་བའི་སྤྱི་ཚོགས་ཁོར་ཡུག་གཉིས་ཀྱི་འགྱུར་ལྡོག་དང་མི་རྣམས་ཀྱི་རིན་ཐང་ལྟ་ཚུལ་གསལ་བར་མངོན་པར་བྱས་ཡོད་པས།  སྒྲུང་རིང་ཞིག་གི་ངོས་ནས་ཡུལ་དུས་ངེས་ཅན་གྱི་སྤྱི་ཚོགས་ཁོར་ཡུག་མཚོན་པ་དང་།  འཚོ་བའི་འདུ་ཚད་ཆེན་པོ་དགོས་པའི་ཁྱད་ཆོས་དེ་འདང་ནས་ཡོད།
བཞི་པ།  སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གསར་རྩོམ་གྱི་སྤྱི་ཁོག་ཁྱད་ཆོས་རགས་བཤད།
         གོང་དུ་ང་ཚོས་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་གྱི་ཁྱད་ཆོས་བྱེ་བྲག་ཏུ་བཤད་ཟིན། གཤམ་དུ་ཁོང་གི་སྒྲུང་གཏམ་སྤྱིའི་གསར་རྩོམ་ཁྲོད་ཀྱི་ཁྱད་ཆོས་ལ་རགས་ཙམ་བཤད་པར་པའོ།།
གཅིག  བརྗོད་བྱ་གཅིག་མཚོན་ཐབས་སྣ་མང་ལ་བརྟེན་ནས་བརྗོད་སྙིང་སོ་སོར་སྟོན་པ།
        སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་སྤྱི་ཁོག་ལ་བལྟས་ན། ཕལ་ཆེ་བ་བརྗོད་བྱ་གཅིག་མཚོན་ཐབས་སྣ་མང་ལ་བརྟེན་ནས་བརྗོད་སྙིང་སོ་སོར་སྟོན་པ་ཞིག་ཡིན་ཏེ། དེ་དག་གཅིག་ནས་ཁོའི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་དག་ལས་ཤེས་ཐུབ་པ་ཡིན། དེ་ཡང་ཁོའི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་དག་ལ་བལྟས་ན། ཁོས་ཁྱི་དེ་བརྗོད་བྱར་བཟུང་ནས་མི་གཤིས་ཀྱི་དགེ་སྡིག་གི་ཁྱད་ཆོས་སྟོན་པ་ཡོད་ལ། ཁྱི་བརྗོད་བྱར་བྱས་ནས་ཁྱིའི་མཚོན་བྱེད་མི་སྣ་གང་དེའི་བསམ་སྦྱོར་ལ་བསྟོད་པ་ཡོད་ཅིང་། ཁྱི་བརྗོད་བྱར་བྱས་ནས་མཚོན་བྱེད་མི་སྣ་གང་དེའི་བསམ་སྦྱོར་གང་རུང་ལ་སྡིགས་པའང་ཡོད། དེ་མིན་ཁྱི་དང་མི་སྣའི་བར་གྱི་འབྲེལ་བ་གཏམ་རྒྱུད་དུ་བཀོད་པའང་ཡོད། དཔེར་ན། ཁོའི《ཁྱི་རྒན》ལྟ་བུར་མཚོན་ན། ལས་དབང་གིས་རྟག་ཏུ་ཉམ་ཆུང་གི་མི་བུ་ཚོར་ཀུ་རེ་རྩེད་ཀྱིན་པའི་རྟོག་མེད་རིང་ལུགས་ཀྱི་གནས་ཚུལ་ཅིག་བཀོད་ནས། སྤྱི་ཚོགས་ཁྲོད་ཀྱི་མི་བུ་འགའི་ནང་སེམས་ན་རྦ་རླབས་བཞིན་དྲག་ཏུ་འཕྱོ་བའི་དངངས་འཚབ་དང་།  འཇིགས་སྣང་གི་སེམས་ཁམས་ཀྱི་སྣང་ཚུལ་ཕྱིར་སྟོན་བྱས་ཤིང་། ཁོའི《ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ཅེས་པ་དེའི་ནང་རིག་གསར་སྔ་གཞུག་ཏུ་བྱུང་བའི་ཁྱི་གསོད་ལས་འགུལ་དང་ཁྱི་མོ་དམར་མོ་ཞིག་གི་དོན་རྐྱེན་བྲིས་པ་ལ་བརྟེན་ནས། ཁྱི་དང་བདག་པོ། ད་དུང་གཉེན་ཚན་དེ་དག་བར་གྱི་འགལ་འབྲེལ་མཚོན་པར་བྱས་ཡོད། ཁོའི《སྒོ་ཁྱི》ལྟ་བུ་ལ་མཚོན་ན། སྒོ་ཁྱི་དང་བདག་པོའི་བར་གྱི་ངན་ངོན་གྱི་འབྲེལ་བ་ཞིག་བྲིས་ཏེ། སྒོ་ཁྱིའི་མཚོན་བྱེད་མི་སྣ་དག་གིས་རང་ཉིད་ཀྱི་བདག་པོའམ་ཉེ་དུ་གང་རུང་ཞིག་ལ་བློ་དཀར་གཞུང་དྲང་ཇི་ཙམ་བྱས་ཡང་བདག་པོས་སྒོ་ཁྱིའི་མཚོན་བྱེད་དུ་གྱུར་བའི་མི་སྣ་དག་དྲིན་གྱིས་བསྐྱང་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་དམོད་མོ་དང་གཅར་བརྡུང་སྣ་ཚོགས་བྱེད་ཀྱིན་པའི་བདག་པོའི་ནག་ཉེས་དང་། སྒོ་ཁྱིའི་གཞུང་དྲང་། དེ་མིན་སྒོ་ཁྱིའི་མཚོན་དོན་དུ་གྱུར་བའི་ཉམ་ཆུང་མི་བུ་དག་གི་སྐྱོ་གདུང་གིས་མནར་བའི་སེམས་པ་དང་ཉམ་ཐག་པའི་ལས་དབང་མཚོན་པར་བྱས་ཡོད། 《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་ཧཱ་པ་ནི་ངོ་དགའ་སྤྲེལ་ལད་ལ་དགའ་ཞིང་དྲིན་ཆེན་དྲིན་དུ་མི་མཐོང་བའི་མི་སྣ་དག་གི་རང་གཤིས་དང་། འབྲོག་ཁྱི་ལྟ་བུའི་བདག་པོར་སྙིང་ཉེ་བློ་དཀར་ཅན་ཚོའི་ལས་དབང་བཀོད་ནས། མི་ཆོས་ཀྱི་མཐོང་སྣེ་བསྐྱུར་ཏེ་ལོ་རྒྱུས་འཕེལ་རྒྱས་ཀྱི་མཐོང་སྣེ་གསར་བ་ཞིག་གི་ཐོག་ནས་འབྲོག་ཁྱིའི་མཚོན་བྱེད་དུ་གྱུར་བའི་གཞུང་དྲང་གི་མི་སྣ་དག་ཧཱ་པ་ལྟ་བུའི་ངོ་དགའ་སྤྲེལ་ལད་ཅན་དང་རྒྱུ་འབྲས་ལ་མི་བརྩི་མཁན་གྱི་མི་སྣའི་ལག་འོག་ཏུ་ཕམ་བཞིན་ཡོད་པའི་གནད་དོན་གསར་བ་ཞིག་བཀོད་ཡོད་ལ། རྩོམ་པ་པོའི་སེམས་ཀྱི་ན་ཟུག་དང་འགྱོད་གདུང་ཞིག་ཀྱང་ཤུགས་སུ་བཀོད་ཡོད།   《མི་རྒྱ་བྷ་ཁྱི་རྒྱ་བྷ》ཅེས་པའི་ནང་མི་གཤིས་དེ་ཁྱི་གཤིས་ཀྱི་རྣམ་པའི་ཐོག་ནས་གསལ་འགྲེལ་བྱས་ཡོད། 《མེས་པོ་དང་ཁོས་གསོས་པའི་ཁྱི་གུ་དག》ཅེས་པའི་ནང་མེས་པོ་དང་ཁྱི་གུའི་བར་གྱི་གཏམ་རྒྱུད་བརྗོད་ནས། ཁྱི་དང་མི་སྣའི་བར་གྱི་འབྲེལ་བ་བརྗོད་ཡོད། ཁོའི་ཁྱི་བརྗོད་བྱར་བྱས་པའི་བརྩམས་སྒྲུང་དག་ཕུད་པའི་བརྩམས་སྒྲུང་གཞན་པ་ཕལ་ཆེ་བ་ཞིག་གི་ནང་དུའང་རོང་འབྲོག་ཁུལ་གྱི་མི་སེར་དཀྱུས་མའི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པ་མང་ཡང་དེ་དག་གི་བརྗོད་ སྙིང་སོ་སོར་སྟོན་ཐུབ་ཡོད་དེ། དཔེར་ན《སྡེ་དཔོན》དང《ཁ་བ་མེད་པའི་དགུན་ཁ》ལྟ་བུའི་རྩོམ་གྱི་བརྗོད་བྱ་ཕལ་ཆེར་ཆ་འདྲ་ཡང་མཚོན་ཐབས་མི་འདྲ་བར་བརྟེན་ནས་བརྗོད་སྙིང་སོ་སོར་སྟོན་བཞིན་ཡོད་པའོ།།
གཉིས།  བདེན་དགེ་མཛེས་གསུམ་གྱི་མི་གཤིས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་། མ་རབས་ཐ་ཤལ་དང་རྙིང་ཞེན་བག་འཁུམ། ངོ་དགའ་སྤྲེལ་ལད་སོགས་ཀྱི་སྐྱུག་བྲོའི་བྱ་སྤྱོད་ལ་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་བྱེད་པ། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་མི་གཤིས་འགྲེམས་སྟོན་བྱས་པ་ཤིན་ཏུ་མང་ཞིང་། དེ་དག་ལས་ཁོས་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་མི་གཤིས་གསོ་སྐྱོང་ཀྱི་ཐད་ལ་འབད་པ་ལྷུར་དུ་ལེན་བཞིན་པ་རྟོགས་ཐུབ། ཁོའི《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》ཅེས་པའི་ནང་དོན་གྲུབཀྱི་ལས་རོགས་ལྕགས་མོ་ཐར་གྱིས་རང་ཉིད་ཀྱི་ཁྱོ་ཀའི་དབང་པོའི་ནུས་པ་ཤོར་ཡང་སྔར་བཞིན་ཁོ་དང་རྒྱང་དུ་མ་གྱེས་པར། ཁོ་ལ་བརྩེ་དུང་ཆེན་པོས་ལྷན་འདུག་བྱེད་པའི་རླབས་ཆེན་གྱི་བརྩེ་བ་དང་མོའི་མི་གཤིས་ཀྱི་དགེ་བ་དང་མཛེས་པ་དེ་རྩོམ་དུ་བཀོད་ནས། མོའི་ལྷད་མེད་ཀྱི་བརྩེ་དུང་ལ་བསྟོད་བསྔགས་བྱས་ཡོད་པ་དང་། དེ་མིན《སྡེ་དཔོན》ཁྲོད་ཀྱི་སྡེ་དཔོན་གྱིས་རང་དོན་རྒྱབ་བསྐྱུར་གྱིས་དམངས་ཀྱི་སླད་དུ་དཀའ་སྤྱད་སྡུག་རུས་བྱེད་པའི་བདེན་དགེ་མཛེས་གསུམ་གྱི་མི་གཤིས་ཤིག་ཞིབ་འབྲི་བྱས་ཤིང་།《རྒྱང་དུ་གྱེས་པའི》ནང་ལུག་རྫི་གཞོན་ནུས་རང་ཉིད་ལ་གྲོ་ཕྱེ་ཉོ་བྱེད་ཀྱི་སྒོར་མོ་མེད་ཀྱང་ལུག་གཉིས་པོ་བཙོངས་མ་ཕོད་པའི་མི་གཤིས་ཀྱི་དགེ་བ་ཞིག་ཚུར་སྣང་བྱས་ཡོད།《ཨ་ཕ་བློའི》ནང་ཨ་ཕ་ཞིག་གི་རང་གི་བུ་ཕྲུག་དང་ནོར་ལུག  ཁྱིམ་གཞིས་འདིའི་སླད་དུ་འབད་པ་དང་སེམས་ཚེགས་བྱེད་བཞིན་པའི་གནམ་འོག་ཕ་མའི་བདེན་པ་དང་དགེ་བ། མཛེས་པས་ཕྱུག་པའི་མི་གཤིས་ཤིག་ཞིབ་འབྲི་བྱས་ཡོད་པ།《ཉི་མ་ནུབ་རིར་ཡོལ་དུས》ཞེས་པའི་ནང་། གནའ་བཤད་ཨ་མ་དང་སྤྲང་པོ་གཉིས་བར་གྱི་འགྱུར་མེད་ཀྱི་དམ་བཅའ་དང་ལྷད་མེད་ཀྱི་བརྩེ་དུང་ཞིག་ང་ཚོའི་མིག་མདུན་དུ་དྲངས་ནས་ཡིད་སེམས་འགུལ་བའི་མི་སྣ་ཟུང་གི་མི་གཤིས་ཀྱི་མཛེས་པ་ཞིག་ཚུར་སྣང་བྱས་ཡོད་པ་སོགས་རྩོམ་པ་པོས་བདེན་དགེ་མཛེས་གསུམ་གྱིས་ཕྱུག་པའི་མི་གཤིས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་། དེ་མིན《ཧཱ་པ་གསོས་པའི་ཟིན་བྲིས》ནང་གི་ཧཱ་པའི་ངོ་དགའ་སྤྲེལ་ལད་དང་རང་དོན་བསྒྲུབས་ན་དྲིན་ཆེན་དྲིན་དུ་མི་སེམས་མཁན་གྱི་མི་སྣ་དག་ལ་དགག་རྒྱག་བྱས་ཡོད་ལ།《དབང་ཤུགས་དང་རེ་སྙེགས》ཁྲོད་ཀྱི་དཔོན་པོའི་དབང་ཤུགས་ཀྱིས་གཞན་སེམས་སྡུག་གིས་མནར་བར་བྱེད་པའི་སྐྱུག་བྲོའི་བྱ་སྤྱོད་དང་།《མི་རབས་གསུམ་གྱི་རྨི་ལམ》ནང་ལྷ་སྐྱབས་ལྟ་བུའི་ཕ་ཁ་ཏ་ལ་བུ་སྐྱག་གཟན་སྐྱེ་བའི་སྐྱུག་བྲོའི་གནས་ཚུལ་དང་།  དཔལ་མཚོ་ལྟ་བུའི་བརྩེ་དུང་ལ་བློ་ཕུགས་མི་བརྟན་མཁན་གྱི་མི་སྣའི་གཤིས་སྤྱོད་ལ་སུན་འབྱིན་བྱས་ཡོད་ལ།《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》ཅེས་པའི་ནང་ཨ་མས་བཙན་ཚུགས་ཀྱིས་བུ་མོ་གནས་ལ་སྐྱེལ་བའི་སྐྱུག་བྲོའི་བྱ་སྤྱོད་དང་། 《རྒུད》ཀྱི་ནང་དུ་ཕ་མ་གཅིག་ལས་མཆེད་པའི་བུ་ཕྲུག་དང་རུས་རྒྱུད་གཅིག་ལས་མཆེད་པའི་ཕུ་ནུའི་བར་གྱི་ནང་དམེའི་བྱ་སྤྱོད་སོགས་ལ་སུན་འབྱིན་བྱས་ཡོད།《ནག་ཞར་སྡེ་བའི་གཏམ་རྒྱུད》སོགས་ཀྱི་བརྩམས་སྒྲུང་མང་པོ་ཞིག་གི་ནང་དུ་མང་ཉུང་ལ་མི་བལྟོས་པར་མི་གཤིས་ཀྱི་ཁྱད་ཆོས་བྲིས་ཡོད་པས། དེ་དག་ལས་ཁོས་མི་གཤིས་ཀྱི་གསོ་སྐྱོང་ཐད་ལ་སྨྱུག་ཁ་བཀོལ་ཡོད་པ་ཤེས་ནུས་སོ།།
གསུམ། དངོས་ཡོད་འཚོ་བའི་བྲོ་བས་ཕྱུག་པའི་མི་དང་མིའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་ཚུར་སྣང་བྱེད་པ། ཨུ་རུ་སུའི་རྩོམ་རིག་དཔྱད་བརྗོད་མཁན་ལིན་སེ་ཁེ་ལགས་ཀྱིས།“བདག་གིས་ད་ལྟ་རྒྱུན་པར་བསམ་པ་དང་རྨི་ལམ་རྨི་བཞིན་པ་ནི་ཇི་ལྟར་དངོས་ཡོད་དང་འཐབ་རྩོད་བྱ་རྒྱུ་དེ་ཡིན”【50】ཅེས་པ་ལྟར། བརྩམས་ཆོས་གང་ཡང་རུང་བ་ཞིག་ལ་ཆ་མཚོན་ན་ཡང་ཚང་མ་ནི་དངོས་ཡོད་འཚོ་བ་བརྗོད་བྱ་དང་རྨང་གཞིར་བྱས་པ་ཞིག་ཡིན་པས། དོངས་ཡོད་སྤྱི་ཚོགས་ཁྲོད་ཀྱི་སྣང་ཚུལ་མང་པོ་ཞིག་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཀློག་མཁན་ལ་བཤམས་ཏེ། དེ་དག་ལ་བསམ་གཞིག་དང་དོ་ཁུར་བྱེད་དུ་བཅུག་པ་དང་། དེ་དག་ཡུལ་ཅན་ཀློག་པ་པོ་ཚོར་ཉམས་ སུ་མྱོང་དུ་བཅུག་པ་ཞིག་ཡིན་པ་ལས། སྤྱི་ཚོགས་འཚོ་བ་བརྗོད་བྱ་དང་རྨང་གཞིར་བྱེད་པ་ལས་ཁ་བྲལ་བའི་བརྩམས་ཆོས་ཤིག་ཡོད་མི་སྲིད། སྟག་འབུམ་རྒྱལ་གྱི་བརྩམས་ཆོས་མཐའ་དག་ཀྱང་རང་ཉིད་འཚོ་གནས་བྱ་ཡུལ་གྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་དམིགས་བསལ་གྱི་གནས་ཚུལ་དང་། དོན་སྙིང་གིས་ཕྱུག་པའི་གནད་དོན་དག་རྩོམ་གྱི་ བརྗོད་བྱར་བྱས་ཏེ། དངོས་ཡོད་འཚོ་བའི་བྲོ་བས་ཕྱུག་པའི་མི་དང་མིའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་རྩོམ་ནང་བྲིས་པ་ཤིན་ཏུ་ནས་མང་བ་ཡིན་པས། སྒྱུ་རྩལ་གྱི་དངོས་ཡོད་རང་བཞིན་ཆེན་པོ་ལྡན་ཡོད། དེ་ཡང་སྒྱུ་རྩལ་གྱི་དངོས་ཡོད་རང་བཞིན་ཅེས་པ་དེ་ནི“རྩོམ་པ་པོས་འཚོ་བ་དངོས་ཀྱི་ནང་ནས་རྒྱུ་ཆ་གདམ་གསེས་དང་། ལས་སྣོན། བསྒྱུར་བཀོད་བྱས་པའི་འབྲས་བུ་ཞིག་ཡིན་ལ། དེ་དག་གི་ནང་ནས་འཚོ་བའི་བྱ་དངོས་འགའ་ཤས་གསལ་པོར་མཚོན་གྱི་ཡོད་རུང་། འཚོ་བའི་གདོང་རིས་ངོ་མ་དེ་མ་ཡིན་པར་འཚོ་བ་དངོས་ལས་ཚད་མཐོ་བ་དང་། གཅིག་སྡུད་ཆེ་བ། དཔེ་མཚོན་གྱི་རང་བཞིན་ལྡན་པ། ཕུགས་བསམ་ཅན་དུ་འགྱུར་བ། དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཡོད་པ་དེ་ཡིན”【51】ཅེས་པ་ལྟར། སྒྱུ་རྩལ་གྱི་དངོས་ཡོད་རང་བཞིན་ནི་སྤྱིར་བརྗོད་བྱ་གང་དེ་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་བ་ཞིག་ཡིན་ཡང་འཚོ་བ་དངོས་མ་བོ་དེ་མ་ཡིན་པར་དེ་ལས་ཚད་མཐོ་བ་དང་། དཔེ་མཚོན་ཅན་དུ་གྱུར་བ་ཞིག་ཡིན་ལ། སྤྱིར་བརྩམས་ཆོས་གང་དེ་རྩོམ་པ་པོས་དངོས་ཡོད་འཚོ་བ་ངེས་ཅན་ཞིག་རྨང་གཞིར་བཟུང་ནས་རང་ཉིད་ཀྱི་རྟོག་བཟོ་དང་རྣམ་རིག་སྐྱེན་པོར་བརྟེན་ནས་གྲུབ་པ་ཞིག་ཡིན་ཡང་དེས་ཀློག་མཁན་ལ་དེ་འདྲའི་སྣང་ཚུལ་དངོས་ཡོད་འཚོ་བའི་ཁྲོད་དངོས་སུ་ཡོད་པ་ལྟ་བུའི་སྣང་བ་ཞིག་སྦྱིན་པར་བྱེད་པའི་བདེན་སྣང་གི་རང་ བཞིན་དེ་ལ་བྱ་བ་ཡིན། ཝང་ཝེང་གིས།“དངོས་ཡོད་མེད་ན་སྒྲུང་གཏམ་མེད་ལ། རྫུན་མ་མེད་ན་ཡང་སྒྲུང་གཏམ་མེད”【52】ཅེས་པའི་གཏམ་ལས་ཀྱང་བརྩམས་ཆོས་ཤིག་ཡིན་ན་སྤྱིར་དངོས་ཡོད་ཡིན་དགོས་པ་སྟེ། དེའི་བརྗོད་བྱ་སྤྱི་ཚོགས་འཚོ་བ་དངོས་ལས་བྱུང་ཞིང་དངོས་ཡོད་འཚོ་བ་རྨང་གཞིར་འཛིན་དགོས་པ་བསྟན་ཡོད་ལ། དེར་ད་དུང་རྫུན་མའི་རང་བཞིན་ཡང་ཡོད་དེ། དེ་ནི་རྩོམ་པ་པོས་དངོས་ཡོད་འཚོ་བའི་གནས་ཚུལ་ཟིན་ཐོར་བྲིས་པ་ལྟ་བུ་མ་ཡིན་པར། དེར་རྩོམ་པ་པོའི་རྟོག་བཟོ་དང་སྒྱུ་རྩལ་གྱི་ལས་སྣོན་བྱས་ཡོད་པས་རེད། ལྷག་པར་དུ“རྩོམ་རིག་སྒྱུ་རྩལ་གྱི་བརྩམས་ཆོས་ནི་སྒྱུ་རྩལ་གྱི་གཟུགས་བརྙན་ལ་བརྟེན་ནས་འཚོ་བ་མཚོན་པར་བྱེད་ཀྱི་ཡོད་པ་ལས། དེས་སྤོམ་ཚིག་གི་ཐ་སྙད་ལ་བརྟེན་ནས་གཞུང་ལུགས་སྟོང་བཤད་བྱེད་རྒྱུ་དེ་མ་ཡིན་པར་ག་དུས་ཡིན་ནའང་འཚོ་བར་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་སྒྱུ་རྩལ་གྱིས་གཅིག་སྡུད་བྱེད་ཀྱི་ཡོད་པ་མ་ཟད། རྩོམ་པ་པོའི་བསམ་བློའི་བརྩེ་དུང་དེ་མི་སེམས་འགུལ་བའི་མཛེས་སྡུག་གི་གཟུགས་བརྙན་བརྒྱུད་དེ་མཚོན་པར་བྱེད་ཀྱི་ཡོད”【53】པས།  དེར་འཚོ་བ་དངོས་ནས་བརྒལ་བའི་གསར་གཏོད་རང་བཞིན་དང་རྟོག་བཟོའི་རང་བཞིན། གཅིག་སྡུད་ཀྱི་རང་བཞིན་ལྡན་དགོས་པ་སྨྲ་མི་དགོས། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ལའང་འཚོ་བ་དངོས་ནས་བྱུང་ཞིང་འཚོ་བ་དངོས་ལས་ཚད་མཐོ་བའི་དངོས་ཡོད་རང་བཞིན་ཆེན་པོ་ལྡན་ཡོད་དེ། ཁོས་དངོས་ཡོད་ཀྱི་འཚོ་བའི་རང་བཞིན་དེ་མི་སྣ་གཙོ་བོའི་བར་གྱི་འགལ་འབྲེལ་དང་། མི་སྣའི་ལས་དབང་ལ་བརྟེན་ནས་མཚོན་པར་བྱེད་ཀྱི་ཡོད། དཔེར་ན། ཁོའི་སྒྲུང་འབྲིང《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས》བཞིན་ཞེས་པར་ཆ་མཚོན་ན། མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་ལས་དབང་ལ་བརྟེན་ནས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་དང་མིའི་བར་གྱི་འགལ་འབྲེལ་དང་། མི་ལ་ཐུན་མོང་དུ་མངའ་བའི་འདོད་སྲེད་སོགས་རྣལ་མར་ཞིབ་འབྲི་ཐུབ་ཡོད་པས། དེར་དངོས་ཡོད་འཚོ་བའི་བྲོ་བས་ཕྱུག་ཡོད། དེ་ཡང་ཡིན་ཏེ། སྤྱི་ཚོགས་འཚོ་བ་ནི་མ་གཞི་ནས་མི་དང་མིའི་བར་གྱི་འགལ་འབྲེལ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས། མི་སྣའི་བར་གྱི་འགལ་འབྲེལ་མེད་ན་སྤྱི་ཚོགས་ཞེས་པའི་ཁོར་ཡུག་ཞིག་ཀྱང་གྲུབ་མི་སྲིད། དེ་མིན《སྡེ་དཔོན》དང《ཁ་བ་མེད་པའི་དགུན་ཁ》《ལྷིང་འཇགས་ཀྱི་རྩྭ་ཐང》《ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག》ལ་སོགས་པའི་བརྩམས་ཆོས་མང་པོ་ཞིག་ལ་རོང་འབྲོག་ཁུལ་གྱི་མི་སེར་དཀྱུས་མའི་དངོས་ཡོད་འཚོ་བ་མཚོན་པ་ལྷུར་བླངས་པ་དང་།  དངོས་ཡོད་འཚོ་བའི་བྲོས་བས་ཕྱུག་པའི་མི་སྣའི་བར་གྱི་འགལ་འབྲེལ་བརྗོད་བྱའི་ནང་དོན་དུ་བཀོད་པ་མང་བས། ཁོའི་བརྩམས་ཆོས་ལ་དངོས་ཡོད་རང་བཞིན་ཆེན་པོ་ཆེན་པོ་ལྡན་ཞིང་། མི་སྣའི་བར་གྱི་འགལ་འབྲེལ་ཚུར་སྣང་བྱས་པ་ཤིན་ཏུ་མངལ། ལྷག་པར་དུ་《སྡེ་དཔོན》ནས་གཙོས་པའི་ཁོའི་ཉེ་ཆར་གྱི་བརྩམས་ཆོས་ལ་བདེན་སྣང་གི་རང་བཞིན་ལྡན་ཞིང་། འཚོ་བའི་དྲི་ངད་ལྷང་ལྷང་དུ་འཐུལ་རྒྱུ་ཡོད།
བཞི། སྐད་ཆ་མཐའ་དག་ཁ་གསལ་གོ་བདེ་དང་བབ་ཆགས་རང་ག་བ་ཞིག་ཏུ་མཐོང་ཡང་མི་སྣའི་རང་གཤིས་དང་སེམས་ཁམས་ཀྱི་ཁྱད་ཆོས་མཚོན་པར་རམ་འདེགས་བྱེད་པ།  སྤྱིར་དེང་སང་གི་རྩོམ་རིག་ལ་ཞིབ་འཇུག་དང་དཔྱད་བརྗོད་བྱེད་མཁན་གྱི་མི་སྣ་མང་པོས་རྩོམ་པ་པོ་ཆེ་གེ་མོས་བརྩམས་པའི་བརྩམས་སྒྲུང་ཁྲོད་ཀྱི་སྐད་ཆར་རྩོམ་རིག་གི་སྐད་ཆ་ཞེས་རྒྱུན་གཏན་དུ་གླེང་གི་འདུག་མོད། དོན་དམ་དུ་དོ་ནན་པོའི་སྒོ་ནས་བཤད་ན། རྩོམ་རིག་གི་སྐད་ཆ་ཕལ་ཆེ་བ་རྩོམ་པ་པོ་སྒེར་གྱི་སྐད་ཆ་ཡིན་པས། དེ་ལ་སྨྲ་བརྗོད(言语)ཅེས་བརྗོད་ན་གཏན་ཚིགས་དང་མཐུན་པར་སེམས་ཏེ། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་སྐད་ཆ་དེ་སའོ་ཤུར(索绪尔)གྱི་དབྱེ་སྟངས་ལྟར་ན། སྐད་བརྡ་རིག་པའི་ངོས་ནས་སྨྲ་བརྗོད་ལ་གཏོགས་པ་ཡིན། སའོ་ཤུར་གྱི་ལྟ་ཚུལ་ལྟར་ན། དེ་ཡང“སྐད་ཆ་ནི་སྔོན་ནས་བཟུང་གྲུབ་ཅིང་གཅིག་གྱུར་དུ་ཡོད་པའི་བརྡ་རྟགས་ཀྱི་མ་ལག་ཅིག་དང་། མི་རྣམས་ཀྱིས་ཁ་བརྡ་བྱེད་དུས་ངེས་པར་དུ་བརྩི་འཇོག་བྱེད་དགོས་པའི་སྐད་ཆའི་སྒྲིག་སྲོལ་ཅིག་ཏུ་གྲུབ་ཡོད་ལ། སྨྲ་བརྗོད་ནི་ཁ་བརྡ་  བྱེད་པའི་རྣམ་པ་བྱེ་བྲག་པ་དེ་ཡིན་ཞིང་སྐད་ཆའི་མ་ལག་གི་ཚོད་འཛིན་དང་གཏན་འཁེལ་བྱེད་ཀྱི་ཡོད་པ་ཡིན།”【54】  ཅེས་བརྗོད་པ་ལྟར། སྐད་ཆ་དང་སྨྲ་བརྗོད་གཉིས་ཀྱི་བར་སྤྱི་དང་བྱེ་བྲག་གི་འབྲེལ་བ་གྲུབ་ཏེ། སྐད་ཆ་ནི་སྤྱི་དང་སྨྲ་བརྗོད་ནི་བྱེ་བྲག་ཡིན། ཡང་གཅིག་བཤད་ན། སྐད་ཆ་ནི་མི་ཁྲི་སྟོང་དུ་མའི་སྨྲ་བརྗོད་ཕྱོགས་བསྡུས་བྱས་པ་ལས་གྲུབ་པའི་ཐུན་མོང་རང་བཞིན་གྱི་སྨྲ་བ་དེ་ལ་ཟེར་ཞིང་། སྨྲ་བརྗོད་ནི་མི་བུ་སྒེར་རམ་མི་བུ་བྱེ་བྲག་པ་ཞིག་གིས་བཀོལ་སྤྱོད་བྱེད་པའི་སྨྲ་བ་ཞིག་ཡིན་ལ། དེ་ལ་གསར་བཟོ་བྱས་ཆོག་པ་དང་། གལ་ཏེ་མི་བུ་སྒེར་གྱི་སྨྲ་བརྗོད་དེ་མི་བུ་གཞན་གྱིས་བཀོལ་སྤྱོད་བྱས་ནས་ཁྱབ་བརྡལ་དུ་སོང་བ་ཡིན་ན་མཐར་སྨྲ་བརྗོད་དེ་སྐད་ཆར་གྱུར་བ་ཡིན། དེས་ན།  རྩོམ་པ་པོའི་རྩོམ་རིག་གི་སྐད་ཆ་ནི་རྩོམ་པ་པོ་སྟེ་མི་བུ་བྱེ་བྲག་པ་ཞིག་གི་སྨྲ་བརྗོད་ལ་བརྟེན་ནས་བརྗོད་དོན་མཚོན་པ་ཡིན་པས།   དེར་སྨྲ་བརྗོད་ཅེས་བརྗོད་པ་ལས་སྐད་ཆ་ཞེས་བཤད་ན་དོན་དངོས་ལས་བརྒལ་བར་སེམས། འོན་ཀྱང་། རྩོམ་དེར་ཚང་མས་རྟོགས་སླ་བའི་ཆེད་དུ་རྒྱུན་གཏན་གྱི་རྩོམ་རིག་གི་སྐད་ཆ་ཞེས་པའི་ཐ་སྙད་དེ་བཀོལ་སྤྱོད་བྱ་རྒྱུ་ཡིན། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་ཀྱི་སྐད་ཆ་ཕལ་ཆེ་བར་ཁ་གསལ་གོ་བདེའི་རང་བཞིན་དང་། བབ་ཆགས་རང་ག་བ་ཞིག་ཏུ་མཐོང་ཡང་དེས་མི་སྣའི་རང་གཤིས་གསལ་སྟོན་དང་། བརྩེ་དུང་བརྒྱུད་སྒྲོག  སེམས་ཁམས་ཀྱི་ཁྱད་ཆོས་མཚོན་པར་བྱེད་ཀྱི་ཡོད། དེ་ཡང་བརྩམས་སྒྲུང་གི་ཁྲོད་དུ་རྩོམ་པ་པོས་མི་སྣའི་རང་གཤིས་གསལ་སྟོན་བྱེད་ཐབས་ལ་ཁག་མང་དུ་ཡོད་ཀྱང་གཙོ་བོ་ཁག་གསུམ་ཡོད་དེ། རྩོམ་པ་པོས་བརྩམས་ཆོས་ཁྲོད་ལྷུག་བརྗོད་ཀྱི་སྐད་ཆ་ལ་བརྟེན་ནས་ཐད་ཀར་དུ་མི་སྣའི་རང་གཤིས་ངོ་སྤྲོད་བྱེད་པ་དང་། བྱུང་རིམ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་བརྩམས་ཆོས་ཁྲོད་ཀྱི་མི་སྣས་རང་ཉིད་ཀྱི་གཤིས་ཀ་འབུར་ཐོན་བྱེད་པ། མི་སྣའི་ཕྱིའི་རྣམ་པ་དང་། སྐད་ཆ། སེམས་ཁམས། བྱ་བྱེད་སོགས་ཞིབ་འབྲི་བྱས་པ་ལ་བརྟེན་ནས་མི་སྣའི་གཤིས་ཀ་ཤུགས་སུ་མཚོན་པར་བྱེད་ཀྱི་ཡོད་པ་བཅས་སོ། དཔེར་ན། 《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས》བཞིན་ཞེས་པའི་ནང་གི་མི་སྣ་སྐྱ་བྷ་ལ་ཆ་མཚོན་ནས་བཤད་ན།    རྩོམ་པ་པོས་སྐྱ་བྷ་ནི་ཀླད་པའི་དབང་རྩར་སྐྱོན་གྱིས་དྲི་མས་བསླད་པའི་མི་བུ་ཞིག་ཡིན་པ་གསལ་བཤད་བྱས་པ་ཙམ་མ་ཡིན་པར་ཁོའི་སྐད་ཆར་བརྟེན་ནས་ཁོའི་རང་གཤིས་དེ་མངོན་པར་བྱས་ཡོད་ལ།   སྐྱ་བྷ་རྗེས་སུ་གྲུབ་ཐོབ་ཚང་ཏུ་གྱུར་རྗེས་ཁོས་བཤད་པའི་སྐད་ཆའི་སྟེང་ནས་ཁོ་གྲུབ་ཐོབ་ཚང་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཚུར་སྣང་བྱས་ཡོད། དེ་མིན《ནོར་རྫི་བྱིས་པ》ཞེས་པའི་ནང་རྩོམ་པ་པོས་ནོར་རྫི་བྱིས་པ་དག་གི་སྐད་ཆར་བརྟེན་ནས་བྱིས་པའི་ཐུན་མོང་མ་ཡིན་པའི་རང་གཤིས་དང་མི་ཚེའི་ལྟ་ཚུལ་སོགས་གསལ་བར་ཚུར་སྣང་བྱས་ཡོད་པ་རེད། 《རྒྱང་དུ་གྱེས་པ》ཞེས་པའི་ནང་ལུག་རྫི་གཞོན་ནུས་ཐེངས་དང་པོར་ལུག་གཉིས་པོ་བཙོངས་མ་འདོད་པར་ཕྱིར་ཁྱིམ་དུ་འཁྲིད་པའི་གནས་ཚུལ་བརྗོད་པ་ལ་བརྟེན་ནས་ཁོའི་སེམས་ཁམས་ཀྱི་གནས་ཚུལ་གསལ་མཚོན་བྱས་ཡོད་ལ། 《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་དུ་ཡང་ཧཱ་པའི་སྐད་ཆ་དག་ལས་ཁོའི་གཤིས་ཀའི་ཁྱད་ཆོས་དང་། སེམས་ཁམས་ཀྱི་འགྱུར་ལྡོག་སོགས་མཚོན་པར་བྱས་ཡོད་པས་ཁོའི་བརྩམས་སྒྲུང་ཁྲོད་ཀྱི་སྐད་ཆ་དག་སྤྱིར་རང་ག་བ་ཞིག་ཏུ་མཐོང་ཡང་དེས་མི་སྣའི་རང་གཤིས་གསལ་སྟོན་བྱེད་པའི་ཐད་ལ་རམ་འདེགས་བྱེད་བཞིན་ཡོད། དེ་མིན“སྒྲུང་གཏམ་གྱི་མི་སྣའི་སྐད་ཆར་དང་དོད་བྱས་པ་ལེགས་མིན་ནི། དོན་དམ་སྒྲུང་གཏམ་མངོན་པའི་མི་སྣ་དེའི་སྐྱེས་ཁུངས་དང་། ཐོབ་ཐང་། བསམ་བློ། རང་གཤིས། ལས་གནས་བཅས་ཀྱི་གནས་བབ་དང་འཕྲོད་པའི་སྐད་ཆ་བཤད་དུ་འཇུག་རྒྱུ་དེ་ཡིན”【55】ཅེས་པ་ལྟར། ཁོང་གི་བརྩམས་སྒྲུང་ཁྲོད་དུའང་སྡེ་དཔོན་ལ་སྡེ་དཔོན་གྱི་ཐབ་ཐང་དང་འཚམས་པའི་སྐད་ཆ་དང་། མང་ཚོགས་དཀྱུས་མར་མང་ཚོགས་དཀྱུས་མའི་རིག་གནས་ཆུ་ཚད་དང་ཐོབ་ཐབ་དང་འཚམས་པའི་སྐད་ཆ་བརྗོད་དུ་བཅུག་ཡོད་ལ། དགེ་རྒན་ལ་དགེ་རྒན་དང་འཚམས་པའི་སྐད་ཆ་བརྗོད་དུ་བཅུག་པ་སོགས་མི་སྣ་སོ་སོར་རང་ཉིད་ཀྱི་ཐོབ་ཐང་དང་རང་གཤིས་སོགས་དང་འཚམས་པའི་སྐད་ཆ་བརྗོད་དུ་བཅུག་ཡོད་པས་ལེགས་པར་མཐོང་ཞིང་། སྐད་ཆ་དག་ལ་བརྩེ་དུང་གིས་ཡོངས་སུ་ཕྱུག་པས་མི་སྣའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་དག་ཀློག་མཁན་ལ་ཉམས་སུ་མྱོང་ནུས་པ་ཡིན་པས།  དེར་ཀློག་མཁན་གྱི་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད།   
ལྔ་།  དངོས་འབྲི་དང་རྟོག་བཟོ་ཟུང་འབྲེལ་གྱི་འབྲི་ཐབས་སྤྱད་པ་མང་བ། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་དུ་དངོས་འབྲི་དང་རྟོག་བཟོ་ཟུང་འབྲེལ་གྱི་འབྲི་ཐབས་སྤྱད་པ་ཅུང་ཟད་མང་བ་ཡིན་ཏེ། དཔེར་ན《ཉིན་གཅིག་གི་ཆོ་འཕྲུལ》ཞེས་པའི་ནང་དུ་གཡང་འབུམ་གྱི་མི་ཚེ་གཅིག་གི་འཚོ་བའི་བརྒྱུད་རིམ་དེ་རྟོག་བཟོའི་ཚུལ་དུ་ཉིན་གཅིག་གི་གོ་རིམ་ནང་བསྡུས་ནས་མཚོན་པར་བྱས་ཡོད་ཅིང་།《ང་རང་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་འགྲོ་བ་ཡིན》ཞེས་པའི་ནང་དུ་དོན་གྲུབ་ཨ་བྲའི་རྫས་འཚོལ་བར་འགྲོ་བའི་ལམ་བུ་དག་སྤྱིར་དོངས་ཡོད་ཡིན་ཡང་དམྱལ་ཁམས་བར་དོ་ལྟ་བུའི་རྟོག་བཟོའི་སྒོ་ནས་འབྲི་བ་ལྷུར་བླངས་པ་ཡིན་ལ།《མི་རབས་གསུམ་གྱི་རྨི་ལམ》ཞེས་པའི་ནང་མི་རབས་དང་པོ་གུར་མགོན་ལྷ་གཡག་གི་འཁྲུངས་རབས་སྐོར་ཡང་རྟོག་བཟོའམ་ལྷ་སྒྲུང་ཞིག་གི་ཚུལདུ་བྲིས་ཡོད་པ་ཡིན། དེ་མིན་ཁོའི་ཉེ་ཆར་གྱི་བརྩམས་སྒྲུང《ཚོན་ལྡན་གྱི་རི་མོ་ཞིག》ཞེས་པ་སོགས་སུ་དངོས་འབྲི་དང་རྟོག་བཟོ་ཟུང་འབྲེལ་གྱི་འབྲི་ཐབས་སྤྱད་ནས། སྤྱིར་ལྐོག་གྱུར་ཡིན་ལ་མངོན་སུམ་དུའང་སྣང་བའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་བློས་བསླངས་བྱས་ཡོད། རྩོམ་ཐབས་དེ་རིགས་ང་ཚོའི་སྲོལ་རྒྱུན་གྱི་བརྩམས་ཆོས་ཁྲོད་དུའང་ཅུང་ཟད་མང་བ་ཡིན་ཏེ།《གླིང་གེ་སར་རྒྱལ་པའི་སྒྲུང》གི་ནང་དུའང་མི་སྣ་གཙོ་བོའི་གྲས་གེ་སར་རྒྱལ་པོ་ནི་སྤྱིར་རང་རེའི་ལོ་རྒྱུས་ཐོག་ཏུ་དངོས་སུ་བྱུང་མྱོང་བའི་མི་རིགས་ཀྱི་དཔའ་བོ་ཞིག་ཡིན་ཡང་། མི་རྣམས་ཀྱིས་ཁོའི་སྣང་བརྙན་དེ་མི་གཤིས་ལས་བརྒལ་ཏེ་ལྷ་གཤིས་ཀྱི་འབྲི་ཐབས་སྤྱད་ཡོད་པས། དེ་ནི་དེང་སང་བརྗོད་བཞིན་པའི་རྩོམ་རིག་ནི་མིའི་རིག་པའོ་  ཞེས་པའི་གཏན་ཚིགས་དང་ཅུང་ཟད་འགལ་བར་བྱས་ནས། མི་དེ་མི་ཡི་སྣང་བརྙན་གྱི་ངོས་ནས་བྲིས་པ་ཞིག་མ་ཡིན།  རྩོམ་རིག་བརྩམས་ཆོས་ཤིག་ལ་ཆ་མཚོན་ན། མི་སྣའི་ཁྱད་ཆོས་གཙོ་བོར་འཛིན་རྒྱུ་ནི་གལ་ཆེ་བ་ཡིན་ཏེ། དཔེར་ན་རྒྱའི་སྙན་ངག《དཔའ་མོ་ལན》《木兰诗》ཞེས་པ་དེ་ལེགས་འགྲུབ་བྱུང་དོན་ནི་གཙོ་བོ་རྩོམ་པ་པོས་དཔའ་མོ་ལན་དེ་དཔའ་མོ་ཞིག་ཡིན་པའི་ངོས་ནས་དཔའ་མོའི་སྣང་བརྙན་ཐོག་ནས་མི་སྣ་ཞིབ་འབྲི་བྱེད་པའི་རྒྱུན་མཐོང་གི་འབྲི་ཐབས་བསྐྱུར་ཏེ། མོ་ཡང་བུད་མེད་ཅིག་ཡིན་པའི་ངོས་ནས་བུད་མེད་ཅིག་གི་ཁྱད་ཆོས་གཙོ་བོར་བཟུང་ནས་ཞིབ་འབྲི་བྱས་ཡོད་པས་ཡིན། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་དངོས་ཡོད་དང་རྟོག་བཟོ་ཟུང་དུ་འབྲེལ་བའི་འབྲི་ཐབས་དེ་སྤྱིར་སྐྱོན་དུ་ མི་འགྱུར་བར་དགེ་མཚན་ཅིག་ཏུ་མཐོང་སྟེ། ཁོས་དངོས་ཡོད་དང་རྟོག་བཟོའི་འབྲི་ཐབས་ལ་བརྟེན་ནས་མི་གཤིས་ལས་བརྒལ་བའི་ལྷ་གཤིས་ཤིག་ཞིབ་འབྲི་བྱས་མེད་པར། མི་སྣའི་ཁྱད་ཆོས་དང་མི་སྣ་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་གི་གནས་ཚུལ་ཞིབ་འབྲི་བྱེད་པ་ལྷུར་དུ་བླངས་ཡོད་པ་ཡིན་པས།《ཉིན་གཅིག་གི་ཆོ་འཕྲུལ》ལྟ་བུའང་ལེགས་འགྲུབ་འབྱུང་དོན་ཡང་ཁོའི་དངོས་རྟོག་ཟུང་འབྲེལ་གྱི་སྒྱུ་རྩལ་མཚོན་ཐབས་དེ་དང་འབྲེལ་བ་ངེས་ཅན་ཡོད། འོན་ཀྱང་ཁོའི་《སྡེ་དཔོན》དང་ཁྱི་བརྗོད་བྱར་བྱས་པའི་དེ་རྗེས་ཀྱི་བརྩམས་ཆོས་མང་པོ་ཞིག་དངོས་རྟོག་ཟུང་འབྲེལ་གྱི་སྒྱུ་རྩལ་མཚོན་ཐབས་དེ་བཀོལ་བ་ལྷུར་དུ་བླངས་མེད་པར། འཚོ་བའི་གཏིང་ཟབ་ས་ཞིག་ལ་འཛུལ་ནས་འཚོ་བའི་རང་བཞིན་དངོས་མ་བོ་དེ་མཚོན་པ་ལྷུར་དུ་བླངས་ཡོད།
དྲུག སྒྲུང་གི་ཆེད་དུ་སྒྲུང་འབྲི་བའི་བཅོས་མའི་དྲི་ངད་ཀྱིས་བསླད་དང་རྡོ་བཅག་བཙན་སྒྲིག་གི་རྗེས་ཤུལ་ཉུང་བ།
        སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་བཀླགས་པ་བརྒྱུད། ཁོ་བོར་བག་ཆགས་ཆེ་ཤོས་བཞག་པ་ནི་ཁོའི་བརྩམས་སྒྲུང་ཕལ་ཆེ་བར་སྒྲུང་གི་ཆེད་དུ་སྒྲུང་འབྲི་བའི་བཅོས་མའི་དྲི་ངད་ཀྱིས་བསླད་མེད་ལ། རྡོ་བཅག་བཙན་སྒྲིག་གི་རྗེས་ཤུལ་མེད་པར། གསར་རྩོམ་ལ་རང་བྱུང་ལྷུན་གྲུབ་ཀྱི་སྣང་བ་ཞིག་སྟེར་བར་བྱེད་པ་ཡིན་ཏེ། དེ་ནི་མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱིས་དྲི་མས་མ་སྦགས་པའི་དཔེ་བཞིན། སྤྱིར་བརྩམས་ཆོས་དག་ནི་རྩོམ་པ་པོའི་རྣམ་རིག་ལ་བརྟེན་ནས་གསར་བཟོ་བྱས་པ་ཞིག་ཡིན་མོད། དེ་དག་ལ་བཅོས་མའི་གསར་རྩོམ་གྱིས་སྐྱོན་གྱིས་མ་བསླད་པར་རང་དབང་ཅན་ཞིག་ཏུ་མཐོང་སྟེ། དེ་ནི《སྙན་ངག་མེ་ལོང》ནང་བཤད་པའི་རང་བཞིན་གྱིས་གྲུབ་པ་ལྟ་བུའི་ཚོར་སྣང་ཞིག་སྦྱིན་པར་བྱེད་པ་ཡིན་ལ། རྡོ་བཅག་བཙན་སྒྲིག་གི་རྗས་ཤུལ་མེད་པར་མི་སྣའི་ལས་དབང་དང་ཐོབ་ཐང་། མི་གཤིས་སོགས་འབྲི་བཞེངས་བྱེད་པའི་ལས་ལ་འཇུག་ཅིང་། རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་གྱི་ཐོག་ནས་མི་སྣའི་སྣང་བརྙན་བཀོད་སྒྲིག་བྱེད་ཀྱི་ཡོད། དཔེར་ན《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་སྲོལ་རྒྱུན་གྱི་ལྟ་བ་ལྟར་མི་ཆོས་ཀུན་སྤྱོད་ཀྱི་ལམ་ནས་ཧཱ་པའི་མི་གཤིས་ལ་དགག་རྒྱག་དང་སུན་འབྱིན་བྱས་པ་ཁོ་ན་མ་ཡིན་པར། དེ་ལས་འདའ་འགོངས་མཛད་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་མིག་དབང་གསར་བ་ཞིག་གི་ཐོག་ནས་ཧཱ་པ་དང་འབྲོག་ཁྱིའི་བར་གྱི་ལས་དབང་ཐད་ལ་གཤིབ་བསྡུར་ཅིག་བྱས་ཡོད། དེ་ལས་ང་ཚོར་བསམ་གཞིག་གི་བར་སྣང་ཞིག་བཞེངས་སྐྲུན་བྱས་ཡོད། དེ་ཡང་ཡིན་ཏེ། གལ་ཏེ་ཀློག་པ་པོས་བརྩམས་ཆོས་ཤིག་ལ་མྱོང་རོལ་བྱེད་སྐབས་འགོ་བརྩམས་པ་ཐག་ནས་མཇུག་འབྲས་ཅི་ཡིན་གསལ་བོར་རྟོགས་ན། བརྩམས་སྒྲུང་དེའི་བྱུང་རིམ་བཀོད་སྒྲིག་བྱེད་སྟངས་དེ་ལེགས་པོ་ཞིག་འཁྱོངས་མེད་པའི་རྟགས་སུ་འཁུམས་ཤིང་། གལ་ཏེ་བརྩམས་ཆོས་ཤིག་བཀླགས་ཟིན་རྗེས་དེས་ང་ཚོར་ད་ལྟ་དང་འབྱུང་འགྱུར་གྱི་གནད་ དོན་མང་པོར་བསམ་གཞིག་གི་བར་སྣང་ཞིག་སློང་བསྐྲུན་བྱས་པ་ཡིན་ན། དེ་ནི་བརྩམས་ཆོས་གང་དེའི་དགེ་མཚན་དུ་གྱུར་བ་ཡིན། 《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》ཞེས་པའི་ནང་དུ་རྩོམ་པ་པོས་མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་ལས་དབང་དེ་རང་སྣང་གང་ཤར་གྱིས་བཀོད་སྒྲིག་བྱས་མེད་པར། མོའི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལམ་བུ་དེ་དངོས་ཡོད་སྤྱི་ཚོགས་དངོས་སུ་འབྱུང་བཞིན་པ་ལྟ་བུའི་སྣང་ཚུལ་ཞིག་གི་ཐོག་ནས་ཞིབ་འབྲི་བྱས་པས། གང་བྱུང་དུ་མི་སྣའི་ལས་དབང་ལ་ཚོད་འཛིན་བྱས་མེད་པས་ལེགས་པར་མཐོང་། དེ་མ་ཟད། ཁོའི་བརྩམས་སྒྲུང་ལ་རང་བཞིན་ལྷུན་གྱིས་འབབ་པ་དང་བཅོས་མིན་བབ་ཆགས་ཀྱི་བརྟུལ་ཞུགས་བཟུང་ཡོད་པས། དེ་ལས་ཁོའི་སྒྲུངགཏམ་གྱི་རིན་ཐང་དང་མཛེས་དཔྱོད་ཀྱི་ལྟ་བ་གསར་བ་ཞིག་མཐོང་ཐུབ།
བདུན།  བརྗོད་བྱའི་ནང་དོན་དང་སྒྱུ་རྩལ་གྱི་རྣམ་པ་གཉིས་ལ་གཅིག་གྱུར་གྱི་རང་བཞིན་ལྡན་པ།
        “བརྩམས་སྒྲུང་ཞིག་ཡིན་ན་སྤྱིར་ནང་དོན་དང་རྣམ་པ་གཉིས་ལས་གྲུབ་པ་ཡིན་པས། བརྩམས་ཆོས་གང་ཡིན་ཡང་རང་གི་དགེ་མཚན་ཡང་འདི་གཉིས་ཀྱི་ཆ་ནས་མངོན་དགོས་པ་ཡིན”【56】ཅེས་པ་ལྟར། རྩོམ་རིག་བརྩམས་ཆོས་གང་འདྲ་ཞིག་ཡིན་ཡང་བརྗོད་བྱའི་ནང་དོན་དང་རྗོད་བྱེད་ཀྱི་རྣམ་པ་གཉིས་ཀྱི་སྒོ་ནས་གྲུབ་པ་ཞིག་ཡིན་ཞིང་། བརྗོད་བྱའི་ནང་དོན་དེ་རྗོད་བྱེད་ཀྱི་རྣམ་པ་ངེས་ཅན་ཞིག་ལ་བརྟེན་ནས་མཚོན་པར་བྱེད་ཀྱི་ཡོད་པས། བརྗོད་བྱའི་ནང་དོན་དང་རྗོད་བྱེད་རྣམ་པ་གཉིས་ལ་གཅིག་གྱུར་གྱི་རང་བཞིན་ལྡན་དགོས་པ་ནི་བརྩམས་ཆོས་གང་དེ་ལེགས་གྲུབ་བྱུང་མིན་གྱི་གནད་གཙོ་བོ་ཞིག་ཡིན། དེ་ནི་དཔེར་ན་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བ་ལྟ་བུ་ཡིན་ཏེ། ཐོན་སྐྱེད་ནུས་ཤུགས་ཀྱིས་ཐོན་སྐྱེད་འབྲེལ་བ་གཏན་འཁེལ་བྱེད་ཅིང་། ཐོན་སྐྱེད་འབྲེལ་བས་ཐོན་སྐྱེད་ནུས་ཤུགས་ལ་རམ་འདེགས་ དང་སྐུལ་འདེད་གཏོང་དགོས་པ་ཡིན། དེའི་ནང་ནས་ཐོན་སྐྱེད་ནུས་ཤུགས་ནི་ནང་དོན་དང་ཐོན་སྐྱེད་འབྲེལ་བ་ནི་རྣམ་པ་རེད། དེ་གཉིས་ལ་གཅིག་གྱུར་གྱི་རང་བཞིན་ལྡན་ན་སྤྱི་ཚོགས་ཀྱི་དཔལ་འབྱོར་གོང་འཕེལ་འགྲོ་བར་ཕན་ནུས་ཐོན་ཞིང་། དེ་གཉིས་གཅིག་གྱུར་མ་བྱུང་ན་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བ་ཡིན། བརྩམས་སྒྲུང་ཞིག་ལ་ཆ་མཚོན་ན་ཡང་དེ་དང་ཆ་འདྲ་བ་ཡིན། སྟག་འབུམ་རྒྱལ་ལ་ཆ་མཚོན་ན། གནད་དོན་དེའི་ཐད་ཐག་གཅོད་བྱས་པ་ཅུང་ཟད་ལེགས་པར་མཐོང་། དཔེར་ན་ཁོའི《ཉིན་གཅིག་གི་ཆོ་འཕྲུལ》ལ་ཆ་མཚོན་ན། བོད་མིའི་ལོ་ངོ་སུམ་ཅུ་ལྷག་ཙམ་གྱི་འཕེལ་རྒྱས་མེད་པའི་བསྐྱར་ཟློས་ཀྱི་ནང་དོན་དེ་མཚོན་པར་བྱེད་པ་ལ་གཡང་འབུམ་ཞེས་པའི་མི་སྣ་ཞིག་གི་མི་ཚེའི་གནས་ཚུལ་གྱི་ཐད་ནས་མངོན་པར་བྱས་ཤིང་། ཁོའི་མི་ཚེ་གཅིག་གི་ལོ་རྒྱུས་དེ་ཡང་ཉིན་གཅིག་གི་བརྒྱུད་རིམ་ནང་བྱུང་བ་ལྟ་བུའི་དུས་ཚོད་བཀོད་སྒྲིག་གི་རྣམ་པར་བརྟེན་ནས་མཚོན་པར་བྱས་ཡོད་པས། བརྗོད་བྱའི་ནང་དོན་དང་རྗོད་བྱེད་རྣམ་པ་གཉིས་ཀྱི་བར་ལ་གཅིག་གྱུར་གྱི་རང་བཞིན་ཆེན་པོ་ལྡན་ཡོད་པ་རྟོགས་ཐུབ། དེ་མིན་ཁོས་མི་གཤིས་དང་ཚུལ་འཆོས་ཀྱི་མི་གཤིས(非人性)བར་གྱི་འགལ་འདུ་དང་། མི་སྣའི་བསམ་སྦྱོར་སྟོན་པའི་བརྗོད་བྱའི་ནང་དོན་དག་རང་མི་རིགས་ཀྱི་མི་བུ་ཀུན་ལ་རྒྱུས་མངའ་ཟབ་པའི་ཁྱི་ཡི་རྣམ་པའི་ཐོག་ནས་འབྲི་བ་ལྷུར་བླངས་ཡོད་དེ། དཔེར་ན《སྒོ་ཁྱི》དང་།《ཁྱི་རྒན》《ཧཱ་པ་གསོས་པའི་ཟིན་བྲིས》《མི“རྒྱ་བྷ”ཁྱི“རྒྱ་བྷ”》ལྟ་བུ་ལས་ཤེས་ནུས་པ་ཡིན། དེ་མིན《མི་ཚེའི་གླུ་དབྱངས》ནས་གཙོས་པའི་བརྩམས་ཆོས་མང་པོར་བོད་མིའི་དུས་རྒྱུན་གྱི་གོམས་སྲོལ་གཤིས་ལུགས་དང་མི་སྣའི་ཚོར་འདུ་དང་མྱོང་རྟོག་སོགས་ཀྱི་ནང་དོན་མཚོན་པར་གླུ་ཚིག་གི་རྣམ་པ་བཀོལ་སྤྱོད་བྱས་ཡོད་པ་རེད། དེ་མིན《ལྷིང་འཇགས་ཀྱི་རྩྭ་ཐང》དང《མི“རྒྱ་བྷ”ཁྱི“རྒྱ་བྷ”》སོགས་སུ་ཕོ་མོའི་བར་གྱི་བརྩེ་དུང་གི་གནས་ཚུལ་བྲིས་ཡོད་ལ། དེ་དག་གི་ནང་དོན་ཡང་ཕྱོགས་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་འཕྲིན་ཡིག་གི་རྣམ་པ་ལ་བརྟེན་ནས་མཚོན་པར་བྱས་ཡོད་པ་རེད། དེ་མིན《ནག་ཞར་སྡེ་བའི་གཏམ་རྒྱུད》ཀྱི་ནང་དུ་ནག་ཞར་སྡེ་བའི་མཚར་སྣང་རང་བཞིན་ལྡན་པའི་གཏམ་རྒྱུད་མང་དག་མཚོན་པར་རབ་བྱེད་ཀྱི་རྣམ་པའི་ཐོག་ནས་བྲིས་ཡོད་པ་རེད། གལ་ཏེ་རབ་བྱེད་ཀྱི་རྣམ་པའི་ཐོག་ནས་བརྩམས་མེད་ཚེ། བསྟན་དོན་མང་པོ་ཞིག་མཚོན་དཀའ་བ་ཡིན་ནོ།།
བརྒྱད།  མི་རིགས་དང་ས་གནས་ཀྱི་རང་བཞིན་ལྡན་པའི་སྐད་ཆའི་སྒྱུ་རྩལ་ལས།  རོང་འབྲོག་ཁུལ་གྱི་འཚོ་བ་མེ་ལོང་བཞིན་ཚུར་སྣང་བྱེད་པ།
        “རྩོམ་རིག་ནི་སྐད་ཆར་བརྟེན་ནས་གྲུབ་ཅིང་། མི་རྣམས་ཀྱིས་རྩོམ་རིག་བརྩམས་ཆོས་ལ་གཟིགས་ཞིབ་བྱེད་དུས་ཆེས་ཐོག་མར་མི་རྣམས་ཀྱི་དབང་ཤེས་དང་ཐད་ཀར་འབྲེལ་བ་ཡོད་པ་ནི་རྩོམ་རིག་གི་སྐད་ཆ་ཡིན་པས། དེ་ནི་ཆེས་རྩ་བར་གྱུར་བའི་དོན་དངོས་ཤིག་ཡིན། མྱོང་རོལ་བྱེད་མཁན་ལ་ཆ་མཚོན་ནས་བཤད་ན། གལ་ཏེ་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་སྐད་ཆར་གོ་བ་ལེན་མི་ཐུབ་ཚེ། བརྩམས་ཆོས་ལ་མྱོང་རོལ་བྱེད་རྒྱུ་ཟེར་བ་སྟོང་བཤད་དུ་གྱུར་བས། གཞུང་ལུགས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ། རྩོམ་རིག་གི་སྐད་ཆ་ནི་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་ཐོག་མའི་འཇུག་སྒོ་ཡིན” 【57】ཅེས་པ་ལྟར། རྩོམ་རིག་བརྩམས་ཆོས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཕྱིན་ཆེས་ཐོག་མར་དོ་སྣང་དང་མིག་ཟུང་གཏད་དགོས་ས་ནི་རྩོམ་རིག་གི་སྐད་ཆ་དེ་ཡིན། དེ་ཡང་ཡིན་ཏེ།“རྩོམ་རིག་ནི་སྐད་ཆར་བརྟེན་ནས་སྣང་བརྙན་འབྲི་བཞེངས་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། རྩོམ་རིག་གི་སྐད་ཆ་ནི་བརྩམས་ཆོས་འགྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན་པ་མ་ཟད་སྒྱུ་རྩལ་རིན་ཐང་ལ་ཚད་གཞལ་བྱེད་ཅིག་ཀྱང་ཡིན”【58】ཅེས་བརྩམས་སྒྲུང་ནི་མི་སྣའི་སྣང་བརྙན་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་མཚོན་པར་བྱེད་པའི་སྒྱུ་རྩལ་ཞིག་ཡིན་པའི་ངོས་ནས། མི་སྣའི་སྣང་བརྙན་དེ་ཕྱོགས་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་རྩོམ་རིག་གི་སྐད་ཆར་བརྟེན་ནས་འབྲི་བཞེངས་བྱེད་དགོས་པ་ཞིག་ཡིན། ལྷག་པར་དུ་མི་སྣའི་སྐད་ཆ་ལ་ཆ་མཚོན་ནའང་མི་སྣ་གང་དེའི་རང་བཞིན་དང་གཤིས་ཀ  ཐོབ་ཐང་སོགས་དང་དོ་མཉམ་པའི་སྐད་ཆ་ཞིབ་འབྲི་བྱ་དགོས་པ་ལས་རྩོམ་པ་པོའི་འདོད་མོས་ལྟར་མི་སྣར་ཚོད་འཛིན་དང་བཀག་འདོམས་བྱས་ན་མི་འགྲིག  སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་གི་སྐད་ཆར་མི་རིགས་དང་ས་གནས་ཀྱི་རང་བཞིན་མངའ་བའི་རྒྱུ་མཚན་ནི། སྤྱིར་རྩོམ་རིག་གི་སྐད་ཆའི་མི་རིགས་རང་བཞིན་ནི་“མི་རིགས་སོ་སོའི་རིག་གནས་ལས་ཐོན་པའི་ཁྱད་ཆོས་ཡིན་ཞིང་། མི་རིགས་རང་ག་བའི་དངོས་པོའི་ཐོན་སྐྱེད་ཀྱི་ཐབས་ཚུལ་དང་བརྗེ་རེས་ཀྱི་རྣམ་པ། སྐད་ཆའི་སྡེབ་སྦྱོར། བསམ་བློ་འཁྱེར་ཚུལ། རིན་ཐང་གི་གཞལ་སྟངས། དགེ་སྡིག་གི་ཚད་གཞི། ཆོས་ལུགས་དད་མོས། རིག་གནས་ཀྱི་སྲོལ་རྒྱུན། ཡུལ་ཆོས་གོམས་གཤིས་སོགས་མི་འདྲ་བའི་དབང་གིས་རྩོམ་རིག་གསར་རྩོམ་སྐབས་རྩོམ་རིག་གི་ལྟ་བ་དང་རྩོམ་ཐབས་སྤེལ་ལུགས། དཔྱད་མྱོང་གི་ཚད་གཞི། སྒྱུ་རྩལ་གཤིས་ཉམས། མཛེས་དཔྱོད་ཕུགས་འདུན་དང་གཞན་རྩོམ་རིག་གི་མཚོན་ཡུལ་དང་དགོངས་དོན། རྩོམ་ལུས་སོགས་གང་ཅིའི་ཐད་ནས་མི་རིགས་ཀྱི་ཁྱད་ཆོས་དང་གཤིས་ཉམས་གསལ་བར་མངོན་ཡོད”【59】པར་བྱ་ཞིང་། མི་སྣའི་སྐད་ཆ་དེ་མི་སྣའི་དམིགས་བསལ་གྱི་འབྱུང་ཁུངས་དང་ལོ་རྒྱུས། ལས་གནས་སོགས་ཀྱི་ཁྱད་ཆོས་དང་མཐུན་པར་བྱ་དགོས་པ་ཡིན། དེ་ལྟར་བྱས་ན་མ་གཞི་ནས་དངོས་ཡོད་དང་མཐུན་པ་ཞིག་ཡིན་ལ། སྒྱུ་རྩལ་གྱི་བདེན་པ་དོན་དུ་གཉེར་བའི་རྟགས་མཚན་ཞིག་ཀྱང་ཡིན། ལྷག་པར་དུ། “སྒྲུང་གཏམ་གསར་རྩོམ་བྱེད་ན། ངེས་པར་དུ་མི་སྣའི་བསམ་པ་དང་གཤིས་རྒྱུད། ཡིད་ཀྱི་འགྱུར་བ་དང་བསྟུན་ནས་བྱུང་རིམ་སྒྲིག་པ་དང་སྒྲུང་རྩོམ་གྱི་སྒྲིག་གཞི་དབུབ་དགོས། གལ་ཏེ་མི་སྣ་ཞིབ་འབྲི་བྱེད་པ་སར་གཡུགས་ནས་ཕྱོགས་རེ་བའི་སྒོ་ནས་རྙོག་འཛིང་ཀྱག་ཀྱོག་གམ་ཡང་ན་ཧ་ལས་བྱེད་ཀྱི་བྱུང་རིམ་ཁོ་ན་སྒྲིག་པར་རྩོལ་བ་བྱས་ན། གསར་རྩོམ་གྱི་ལས་ཀར་ཕམ་ཉེས་འབྱུང་བ་གདོན་མི་ཟ”【60】ཞེས་མི་སྣའི་ཁྱད་གཤིས་ལྡན་པའི་སྐད་ཆར་བརྟེན་ནས་མངོན་པར་གསལ་ཞིང་བརྩེ་དུང་ཡོད་པའི་སྒོ་ནས་བརྩམས་སྒྲུང་ནང་གི་མི་སྣའི་ཕྱིའི་འགུལ་སྐྱོད་དང་ནང་གི་བསམ་པ་ལས་གྲུབ་པའི་དོན་རྐྱེན་དག་ཞིབ་པར་བརྗོད་དེ། མི་སྣའི་རང་བཞིན་དང་རེ་སྙེགས་ལས་སྐལ་བཅས་མཚོན་པ་དང་། རྩོམ་མཁན་གྱི་མཛེས་དཔྱོད་འདུ་ཤེས་གཙོ་བོ་ཤུགས་བསྟན་བྱས་ཏེ་ཀློག་པ་པོ་རྣམས་ལ་སྒྱུ་རྩལ་གྱི་འཇིག་རྟེན་ཡིད་དུ་འོང་བ་ཞིག་བསྒྲིག་དགོས་པ་ཡིན།    ཡང་གཅིག་བཤད་ན། སྤྱིར་བརྩམས་སྒྲུང་གི་སྐད་ཆ་ལ་ནང་གསེས་ཁག་གསུམ་ཙམ་ཡོད་དེ། གཅིག་ནི་སྒྲུང་གཏམ་ནང་མི་སྣས་བཤད་པའི་སྐད་ཆ་དང་། གཅིག་ནི་མི་སྣའི་འབྲི་བཞེངས་དང་བྱུང་རིམ་བཀོད་སྒྲིག་བྱེད་སྟངས། ཁོར་ཡུག་བཀོད་སྒྲིག་བྱེད་པ་སོགས་ཀྱི་གཏམ་རྒྱུད་ལྷུག་བརྗོད་ཀྱི་སྐད་ཆ་དང་སྒྲུང་གཏམ་ཧྲིལ་པོ་གྲུབ་པར་བྱེད་པའི་སྐད་ཆ་ལ་ གོ་བ་ཡིན་ལ། གཞན་གཅིག་ཤོས་ནི་བརྩམས་སྒྲུང་ནང་གི་རྩོམ་པ་པོའི་སྐད་ཆ་ལ་བྱ་བ་ཡིན།  སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ལ་ཆ་མཚོན་ན། ཁོའི་བརྩམས་སྒྲུང་ཁྲོད་མི་སྣས་བཤད་པའི་སྐད་ཆ་དག་གོང་དུ་བརྗོད་པ་བཞིན་མི་སྣའི་ཐོབ་ཐང་དང་གཤིས་ཀ  སེམས་ཁམས་སོགས་ཀྱི་ཁྱད་ཆོས་དང་བསྟུན་ཡོད་པ་ཡིན། དཔེར་ན《ནོར་རྫི་བྱིས་པ》ཞེས་པའི་ནང་བྱིས་པའི་ལོ་ཚད་དང་སེམས་ཁམས་ཀྱི་ཁྱད་ཆོས་དང་བསྟུན་ནས་དེ་མཐུན་གྱི་སྐད་ཆ་བརྗོད་དུ་བཅུག་ཡོད་ལ། 《ཧཱ་པ་གསོས་པའི་ཟིན་བྲིས》ནང་དུ་ཧཱ་པའི་རང་གཤིས་ཀྱི་ཁྱད་ཆོས་དང་བསྟུན་ནས་སྐད་ཆ་ཞིབ་འབྲི་བྱས་ཡོད་པས། མི་སྣའི་སྐད་ཆ་ཕལ་ཆེ་བར་རྒྱུ་འབྲས་གཏན་ཚིགས་ཀྱི་རང་བཞིན་ལྡན་ཡོད་པ་ཡིན། དེ་མིན་ཁོའི་བརྩམས་སྒྲུང་ཕལ་ཆེ་བརམི་རིགས་དང་ས་གནས་ཀྱི་འཚོ་བའི་དྲི་ངད་ལྷང་ལྷང་དུ་འཐུལ་རྒྱུ་འདུག་སྟེ། ཆེས་སྟབས་བདེ་བའི་དཔེར་བརྗོད་ ཅིག་བཤད་ན། ཁོའི་བརྩམས་སྒྲུང་ཁྲོད་དུ་ནག་ཞར་སྡེ་བའི་སྐོར་བཀོད་པ་མང་བ་ཡིན་ལ། ཁོའི་བརྩམས་སྒྲུང་ཁྲོད་ཀྱི་མི་སྣའི་མིང་འདོགས་ཚུལ་གྱི་ཆ་ནས་དཔེར་ན་སྐྱ་བྷ་དང་ཚེ་བྷ། རྒྱ་བྷ་སོགས་དུ་མ་ཞིག་བཀོད་ཡོད་པ་ཡིན། དེ་ཡང་སྟག་འབུམ་རྒྱལ་གྱི《མི“རྒྱ་བྷ”ཁྱི“རྒྱ་བྷ”》ཞེས་པའི་ནང་འཁོད་པ་ལྟར་ན།“སྤྱིར་འབྲོག་ཕྱོགས་ཀྱི་ས་ཆ་དག་ལ་མཚོན་ན་རང་གི་མིང་གང་ཡིན་པ་དེའི་ཐོག་མའི་རྗེས་སུ་བྷ་སྦྱར་ན་ཧ་ཅང་གཅེས་ཤིང་སྙིང་ཉེ་བའི་འབོད་སྲོལ་དུ་གྱུར་ཡོད”【61】ཅེས་པ་ལས་ཀྱང་རྟོགས་ནུས། འོན་ཀྱང་། གཙོ་བོར་བཞག་ན་ཁོའི་བརྩམས་སྒྲུང་གི་བརྗོད་བྱ་ཕལ་ཆེ་བ་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འཚོ་བ་བརྗོད་བྱར་བྱས་པ་མང་ཞིང་། རོང་འབྲོག་ཁུལ་གྱི་མི་སྣའི་བར་གྱི་སྣང་བརྙན་བྲིས་པ་མང་བ་ཡིན་པས། དེའི་ནང་དུ་རོང་འབྲོག་ཁུལ་གྱི་འཚོ་བའི་རྣམ་པ་དང་། མི་སྣའི་སྐད་ཆ། ཡུལ་སྲོལ་གོམས་གཤིས་སོགས་དུ་མའི་འདུས་ཡོད་པའི་དབང་གིས་ད་གཟོད་ཁོའི་སྒྲུང་གཏམལ་མི་རིགས་དང་ས་གནས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད་པ་ཡིན།
དགུ། དགག་རྒྱག་དང་སུན་འབྱིན་གྱི་ཐད་ལ་སྨྱུག་ཁ་བཀོལ་བའི་རྗེས་ཤུལ་ཡོད་ཀྱང་རྩོམ་གྱི་མཛེས་པ་གཙོ་བོ་དགག་རྒྱག་སུན་འབྱིན་གྱི་སྟེང་ན་མེད་པ།
        སྟག་འབུམ་རྒྱལ་གྱི་བརྩམས་ཆོས་མང་པོའི་ནང་དུ་དགག་རྒྱག་དང་སུན་འབྱིན་གྱི་ཐད་ལ་སྨྱུག་ཁ་བཀོལ་བའི་རྗེས་ཤུལ་ཡོད་ཀྱང་རྩོམ་གྱི་མཛེས་པ་གཙོ་བོ་དགག་རྒྱག་དང་སུན་འབྱིན་ལྷུར་དུ་བླངས་པ་གཙོ་བོར་བཟུང་མེད་དེ། དཔེར་ན《ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན》ཞེས་པའི་ནང་ཚེ་སྐྱིད་ཀྱིས་རང་ཉིད་ནི་བུད་མེད་ཅིག་གི་བརྟུལ་ཞུགས་འཛིན་ཡོད་ཀྱང་སྔར་བཞིན་བོད་ཀྱི་སྲོལ་རྒྱུན་གྱི་ཕོ་མཆོག་མོ་དམན་གྱི་རྙིང་ཞེན་གྱི་ལྟ་བས་ཕྱུག་ཡོད་པ་དང་། དོན་གྲུབ་ནི་རིག་གནས་པ་ཞིག་གི་ངང་ཚུལ་འཛིན་ཡོད་ཀྱང་སྔར་བཞིན་རྙིང་ཞེན་གྱི་དྲི་ངད་ཀྱིས་ཕྱུག་པ་སོགས་ཀྱི་ཐད་ལ་རྩོམ་པ་པོས་དགག་རྒྱག་དང་སུན་འབྱིན་བྱས་ཡོད་ཀྱང་། རྩོམ་གྱི་མཛེས་པ་དེའི་སྟེང་ན་མེད་པར་མི་སྣ་གཙོ་བོ་ཚེ་སྐྱིད་ཀྱི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ལས་དབང་བྲིས་པ་བརྒྱུད་མི་དང་མིའི་བར་གྱི་འགལ་འབྲེལ་རྣལ་མ་ཞིག་དང་མི་གཤིས་གཉུག་གཤིས་ཀྱི་ཆ་དེ་འགྲེམས་སྟོན་བྱེད་པའི་མཛེས་པའི་སྟེང་ན་ཡོད་པ་རེད། དེ་མིན《ནོར་རྫི་བྱིས་པ》ཞེས་པའི་ནང་དུ་ནོར་རྫི་བྱིས་པ་ལྷ་མོའི་ཨ་མས་བུ་མོའི་འདོད་མོས་ཡོད་མེད་ལ་མ་བལྟས་པར་མོ་བཙན་ཚུགས་ཀྱིས་གནས་ལ་བརྫངས་པའི་གནས་ཚུལ་སོགས་ལ་དགག་གཞག་གི་རྗེས་ཤུལ་ཡོད་ཀྱང་རྩོམ་གྱི་མཛེས་པ་གཙོ་བོ་དེའི་སྟེང་ན་མེད་པར་བྱིས་པའི་ལྷད་མེད་ཀྱི་མི་གཤིས་དང་སེམས་ཁམས་ཀྱི་གནས་ཚུལ་ཞིབ་འབྲི་བྱས་ཏེ་ཕ་མས་བུ་ལ་འཛིན་པའི་བྱམས་བརྩེ་དང་། ཕ་མ་ཟུང་བར་གྱི་ལྷད་མེད་ཀྱི་བརྩེ་དུང་ཞིག་འགྲེམས་སྟོན་བྱས་པའི་སྟེང་ན་ཡོད། དེ་མིན《ཉི་མ་ནུབ་རིར་ཡོལ་དུས》ཞེས་པའི་ནང་གནའ་བཤད་ཨ་མའི་ཨ་ཞང་ལྟ་བུའི་གཞན་གྱི་རང་མོས་བརྩེ་དུང་ལ་འགོག་རྒོལ་བྱེད་མཁན་དག་ལ་ཟུར་ཟ་སུན་འབྱིན་བྱེད་པའི་རྗེས་ཤུལ་ཡོད་ཀྱང་རྩོམ་གྱི་མཛེས་པ་དེའི་སྟེང་ན་མེད་པར་གནའ་བཤད་ཨ་མ་དང་སྤྲང་པོའི་བར་གྱི་འགྱུར་མེད་ཀྱི་དམ་བཅའ་དང་འཆི་གསོན་གང་ལ་འཕྲད་ཀྱང་ཁོ་གཉིས་ཀྱི་ལྷད་མེད་ཀྱི་བརྩེ་ དུང་ལ་འགྱུར་བ་མེད་པར་སྔར་བཞིན་ཕན་ཚུན་རེ་སྒུག་བྱེད་པའི་མི་གཤིས་ཀྱི་མཛེས་པ་ཞིག་འགྲེམས་སྟོན་བྱེད་པའི་ ངོས་ན་ཡོད། དེ་མིན《ཁ་བ་མེད་པའི་དགུན་ཁ》ཞེས་པའི་ནང་གི་ཁྱི་ཕྲུག་ཐར་ལྟ་བུའི་ལེགས་ཉེས་ཤན་འབྱེད་མི་བྱེད་ལ། སྡེ་བའི་ཡུལ་ཁྲིམས་ལ་བརྩི་སྲུང་མི་བྱེད་པར་གང་བྱུང་དུ་མི་ལ་གཅར་བརྡུང་དང་འཁོན་ལན་སློག་པའི་བྱ་སྤྱོད་དང་། རྒད་པོ་དཔལ་སྐྱབས་ལྟ་བུའི་རང་ལས་ལ་འབད་བརྩོན་བྱེད་པའི་སྙིང་རུས་མེད་པར་རྟག་ཏུ་དབུལ་སྐྱོར་ཕྲན་བུ་ཁོ་ནར་དམིགས་ནས་མི་ཚེ་ཕུད་ཐབས་བྱེད་པའི་སྣང་ཚུལ་སོགས་ལ་དགག་ཡོད་ཀྱང་རྩོམ་གྱི་མཛེས་པ་ཡང་དེའི་སྟེང་ན་མེད་ལ།《གཏན་དུ་རེ་བའི་རྨི་ལམ》ཞེས་པའི་ནང་རིག་གསར་གྱི་ནག་ཉེས་སོགས་ལ་སུན་འབྱིན་བྱས་ཡོད་ཀྱང་རྩོམ་གྱི་མཛེས་པ་དེའི་སྟེང་ན་མེད་པར་འགྱོད་གདུང་གིས་མནར་བའི་མི་སྣ་ཞིག་གི་སྣང་བརྙན་འབྲི་བཞེངས་ཀྱི་ངོས་ན་ཡོད།  《ནམ་དཀྱིལ་དུ་ཡོང་བའི་འགྲུལ་བ》ཞེས་པའི་ནང་ཕ་མ་ཞིག་གིས་བུ་ཕྲུག་སློབ་གྲྭར་གཏོང་མིན་དེ་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་ཚད་གཞལ་བ་ལས་བུ་ཕྲུག་གི་ཕུགས་འདུན་དང་རྒྱང་རིང་གི་བདེ་སྡུག་ལ་གཏན་ནས་བསམ་གཞིག་མི་བྱེད་པའི་བྱ་སྤྱོད་སོགས་ལ་དགག་གཞག་བྱེད་པའི་རྗེས་ཤུལ་ཡོད་ཀྱང་རྩོམ་གྱི་མཛེས་པ་གཙོ་བོ་ཡང་དེའི་སྟེང་ན་མེད། བརྩམས་སྒྲུང་དེ་དག་ནས་གཙོས་པའི་ཁོའི་བརྩམས་ཆོས་མང་པོ་ཞིག་དགག་གཞག་དང་སུན་འབྱིན་གྱི་ཕྱོགས་སུ་སྨྱུག་ཁ་བཀོལ་བའི་  རྗེས་ཤུལ་ཡོད་ཀྱང་། རྩོམ་གྱི་མཛེས་པ་གཙོ་བོ་དགག་རྒྱག་དང་སུན་འབྱིན་གྱི་སྟེང་ན་མེད་པར། མི་གཤིས་ཀྱི་ཚུལ་འཆོས་མི་གཤིས་བར་གྱི་འགལ་འདུ་དང་། དངོས་ཡོད་དང་ཕུགས་བསམ་བར་གྱི་འགལ་འདུ་ཞིག་མཚོན་པར་བྱེད་པའི་མཛེས་པའི་སྟེང་ན་ཡོད་པས། ཁོའི་བརྩམས་སྒྲུང་ལ་མི་རྣམས་ཀྱི་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད་ལ། མཛེས་རྟོག་གི་ཁྱད་ཆོས་ཀྱང་མི་དམན་པ་ཞིག་ཡོད་པའོ།།
བཅུ། མི་སྣ་རང་མཚན་པ་ཞིག་གི་ལས་དབང་དང་ཐུན་མིན་གྱི་ཁྱད་ཆོས་ཤིག་སྐུད་སྣེར་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱེད་པ་མང་བ།
        “བརྩམས་སྒྲུང་ཞིག་ཡིན་ཕྱིན་གཏམ་རྒྱུད་ཅི་ཞིག་བརྗོད་ཀྱང་རུང་། ཡང་ན་ཐབས་རྩལ་ལ་ཅི་འདྲར་བྱང་ཆ་ཡོད་ཀྱང་རུང་། གཙོ་བོ་མི་སྣ་རང་མཚན་པའི་གཤིས་ཀ་འབྲི་བཞེངས་དང་བྱ་བྱེད་མཚོན་པའི་སྟེང་ན་ཡོད་པས། མི་སྣ་སློང་སྐྲུན་བྱེད་པ་ནི་བརྩམས་སྒྲུང་གི་རྩ་བའི་ཁྱད་ཆོས་ཡིན་ལ། མི་སྣའི་འགུལ་སྐྱོད་དང་མི་སྣའི་གཤིས་ཀའི་འཕེལ་རིམ་ལ་  བསྟུན་པ་ལས། རྩོམ་པ་པོས་ཐད་ཀར་མི་སྣར་གདེང་འཇོག་གམ་ཚོད་འཛིན་བྱས་ན་བརྩམས་སྒྲུང་ལེགས་པར་འབྱུང་ བར་གནོད་པ་རེད”【62】ཅེས་པ་ལྟར། བརྩམས་སྒྲུང་ཞིག་ལ་ཆ་མཚོན་ནས་བཤད་ན། དམིགས་བསལ་གྱི་ཁོར་ཡུག་ཁྲོད་ནས་མི་སྣ་རང་མཚན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་གཙོ་བོར་འཛིན་ཐུབ་པ་བྱ་རྒྱུ་དེ་གལ་འགངས་ཆེ་བ་ཡིན་ལ། མི་སྣའི་འགུལ་སྐྱོད་དམ་བྱ་བྱེད་དང་། གཤིས་ཀ  སེམས་ཀྱི་གནས་ཚུལ་སོགས་ཞིབ་འབྲི་བྱ་དུས་སྒྲུང་གི་རྩ་བའི་འཕེལ་ རིམ་ལ་བསྟུན་དགོས་པ་ནི་གལ་ཆེ་བ་ཡིན།    ཁོའི་བརྩམས་སྒྲུང《སྐྱབས་ལོ་དང་ཁོའི་རལ་བ》ཞེས་པའི་ནང་དུ་རྩོམ་པ་པོས་མི་སྣ་གཙོ་བོ་སྐྱབས་ལོའི་ཐུན་མིན་གྱི་ཁྱད་ཆོས་ཏེ། ཁོའི་ནག་ཅིང་སྟུག་ལ་འཇིལ་འཁྱིལ་ལེར་ཡོད་པའི་རལ་བ་དེ་སྒྲུང་གི་སྐུད་སྣེར་བཟུང་ནས། བྱིས་པའི་མཚར་སྣང་རང་བཞིན་དང་སེམས་ཁམས་ཀྱི་འཁྱེར་སོ། མི་ཚེའི་ལས་དབང་སོགས་གནད་དུ་བཟུང་སྟེ། རལ་བ་དེ་ལ་བརྟེན་ནས་ཁོ་སྲོང་བཙན་སྒམ་པོ་འཁྲབ་མཁན་གྱི་འཁྲབ་སྟོན་པར་གྱུར་ལ། རལ་བར་བརྟེན་ནས་རྫོང་དཔོན་ཚང་གི་མག་པར་གྱུར་ཞིང་ལས་བྱེད་པའི་གྲས་སུ་ཚུད་པ་རེད། འོན་ཀྱང་། མཐར་གཏུགས་རལ་བ་དེའི་དབང་གིས་ཁོའི་ལས་བྱེད་ཀྱི་མཚན་སྙན་ལ་གནོད་པས།   ཁོས་མ་འདོད་ངང་རལ་བ་དེ་མེད་པར་བཏང་དགོས་བྱུང་བའི་གནས་ཚུལ་བྲིས་ཡོད། རྩོམ་དེས་དེ་ལྟ་བུའི་མི་སྣ་རང་མཚན་པ་ཞིག་གི་ཐུན་མིན་གྱི་ཁྱད་ཆོས་ཤིག་སྐུད་སྣེར་བཟུང་ནས། བྱུང་རིམ་དག་ཀྱང་མི་སྣའི་ཐུན་མིན་གྱི་ཁྱད་ཆོས་དེ་དང་འབྲེལ་ནས་འཕེལ་རྒྱས་སུ་བཏང་ཡོད། བརྩམས་སྒྲུང་ཞིག་ལ་མཚོན་ན། དཔེ་མཚོན་ཁོར་ཡུག་ཁྲོད་ནས་དཔེ་མཚོན་མི་སྣའི་ཐུན་མིན་གྱི་ཁྱད་ཆོས་ཤིག་གཙོ་བོར་ཞིབ་འབྲི་བྱ་རྒྱུ་དེ་གལ་ཆེ་བ་ཡིན་ཏེ། དཔེ་མཚོན་མི་སྣའི་སྣང་བརྙན་ཐོག་ནས་ཡུལ་དུས་ངེས་ཅན་གྱི་སྤྱི་ཚོགས་མཚོན་པར་བྱེད་པས་ཡིན། དཔེར་ན《སྣང་ས་འོད་འབུམ》ཞེས་པ་ལྟ་བུར་མཚོན་ན། དཀའ་ཞིང་སྡུག་པའི་ཁོར་ཡུག་གི་ཁྲོད་ནས་དཔེ་མཚོན་མི་སྣ་སྣང་སའི་སྐྱོ་གདུང་གི་གཏམ་རྒྱུད་ཞིབ་འབྲི་བརྒྱུད། སྣང་སའི་ལུས་ཐོག་ནས་ད་གཟོད་ང་ཚོར་སྣང་ས་དང་ཆ་འདྲ་བའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ནག་ཉེས་མཐོང་ཐུབ་པ་དང་། ཉམ་ཆུང་བུད་མེད་ཀྱི་ཉམ་ཐག་ལས་དབང་མཚོན་པར་བྱེད་པ་ཡིན། དེ་མིན་རིག་ལྡན་རྒྱ་མཚོའི《གནའ་གྲོང》ལ་ཆ་མཚོན་ན་ཡང་ཁོ་བོའི་སྣང་ངོར་རྩོམ་དེའི་ཁྲོད་དུ་དཔེ་མཚོན་གྱི་ཁོར་ཡུག་དང་དཔེ་མཚོན་གྱི་མི་སྣ་ཞིབ་འབྲི་བྱས་པ་ཤིན་ཏུ་ལེགས་པར་མཐོང་སྟེ། དཔེ་མཚོན་ཁོར་ཡུག་གནའ་གྲོང་ཡོད་པ་བརྟེན་ནས་ད་གཟོད་དཔེ་མཚོན་མི་སྣ་གནའ་མི་གླེན་པ་དག་ཐོན་གྱི་ཡོད་ལ།  དཔེ་མཚོན་ཁོར་ཡུག་གནའ་གྲོང་ཡིན་པ་ལ་བརྟེན་ནས་ད་གཟོད་རིག་གནས་གསར་བ་དང་ལག་ཤེས་གསར་བ་ལྡན་པའི་མི་བུ་གནས་དེར་གནས་ཐབས་མེད།  དེ་ནི་སྲོལ་རྒྱུན་དང་དེང་རབས་རིག་གནས་བར་གྱི་འགལ་འདུ་ཞིག་རེད། དེ་མིན《སྡེ་དཔོན》ཞེས་པའི་ནང་དཔེ་མཚོན་མི་སྣ་སྡེ་དཔོན་ཞིག་གི་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དང་འགན་འཁྲིའི་འདུ་ཤེས། དམངས་དོན་གྱི་སླད་དུ་རང་ཉིད་བློས་གཏོང་བྱེད་པའི་མི་སྣ་ཞིག་གི་ཡ་རབས་གཞུང་དྲང་གི་གཤིས་སྤྱོད་བྲིས་ཡོད་པ་ཡིན། 《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་དུ་དཔེ་མཚོན་མི་སྣ་ཧཱ་པ་ལྟ་བུའི་དཔེ་མཚོན་མི་སྣ་ཞིག་གི་ཐུན་མིན་གྱི་ཁྱད་ཆོས་ཏེ་ཁ་ཡག་ངོ་བསྟོད་ལ་དགའ་ཞིང་། རང་ཉིད་ཀྱི་ཁེ་ཕན་དང་དམིགས་འབེན་གྱི་སླད་དུ་གཞན་གྱི་བདེ་སྡུག་ལ་སེམས་ཚེགས་མི་བྱེད་པའི་གཤིས་སྤྱོད་ཐ་ཤལ་བ་ཞིག་ཞིབ་འབྲི་བྱས་ཡོད་ལ། སྒྲུང་གི་བྱུང་རིམ་ཡང་དཔེ་མཚོན་མི་སྣ་ཧཱ་པའི་མི་གཤིས་དང་བྱ་བྱེད་ཀྱི་རྒྱུན་དང་བསྡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད། 《ནོར་རྫི་བྱིས་པ》ཞེས་པའི་ནང་དུའང་དཔེ་མཚོན་མི་སྣ་ནོར་རྫི་བྱིས་པའི་ཐུན་མིན་གྱི་ཁྱད་ཆོས་ཏེ་བྱིས་པར་ཐུན་མོང་དུ་མངའ་བའི་ཡིད་ཀྱི་འཆར་སྒོ་དང་། སེམས་ཀྱི་མྱོང་རྟོག་ཞིབ་འབྲི་བྱས་ཡོད་ལ། ཕ་མ་ཞིག་གི་བུ་ཕྲུག་ལ་བཅངས་པའི་བརྩེ་སེམས་དང་བཟའ་ཚོ་ཕན་ཚུན་བར་གྱི་ལྷད་མེད་དྭངས་གཙང་གི་བརྩེ་དུང་སོགས་གཅོ་བོར་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་ཡོད་པ་རེད། 《མི་ཚེའི་གླུ་དབྱངས》ཞེས་པའི་ནང་དུ་སྙན་ངག་གི་རོ་བཅུད་པའི་འཚོ་བའི་བརྙན་རིས་ཤིག་བཀོད་པ་ལ་བརྟེན་ནས། དཔེ་མཚོན་མི་སྣ་རྒད་པོཉི་མའི་བརྗེད་སླ་བའི་དྲན་ཤེས་དང་འདང་རྒྱག་གི་ཀློང་དུ་ཚུད་པའི་ཁྱད་ཆོས་དང་། ཁོས་མི་ཚེ་ལ་འཛིན་པའི་ལྟ་ཚུལ་སོགས་གསལ་སྟོན་བྱས་ཡོད།《ནམ་དཀྱིལ་དུ་ཡོང་བའི་འགྲུལ་པ》ཞེས་པའི་ནང་དུ་དཔེ་མཚོན་མི་སྣའི་སེམས་ཁམས་ཀྱི་ཁྱད་ཆོས་ཏེ། ཁྱིམ་བདག་ཞིག་གི་ངོས་ནས་བུ་མོ་སློབ་གྲྭར་གཏོང་མིན་ཐད་ལ་ཐེ་ཚོམ་གྱི་ཀློང་དུ་ཚུད་ཅིང་འགལ་འདུས་ཁེངས་པའི་ཁོའི་སེམས་ཁམས་ཀྱི་གནས་ཚུལ་གཙོ་བོར་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་ཡོད། 《གཏན་དུ་རེ་བའི་རྨི་ལམ》གྱི་ནང་དུ་དཔེ་མཚོན་མི་སྣའི་འགྱོད་གདུང་གི་སེམས་པ་སྟེ། རིག་གསར་གྱིས་མི་སྒེར་ལ་བཟོས་པའི་ནག་ཉེས་དང་། རིག་གསར་གྱི་གོད་ཆག་ཁྲོད་བཞུགས་མྱོང་བའི་དཔེ་མཚོན་མི་སྣའི་སེམས་ཀྱི་འགྱོད་གདུང་སོགས་གཙོར་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱས་ཡོད།
ལྔ་བ།  མིའི་རིགས་རིག་པའི་མིག་དབང་ཐོག་ནས་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ལ་ལྟ་བ།
        དེང་གི་ཆར། རྩོམ་རིག་གཞུང་ལུགས་སྨྲ་བ་མང་པོ་ཞིག་གིས་“རྩོམ་རིག་ནི་མིའི་རིགས་རིག་པའོ”ཞེས་པའི་སྐད་ཆའི་ཐོག་ནས་རྩོམ་རིག་དང་མིའི་རིགས་རིག་པ་གཉིས་ལྷན་དུ་བཞག་ནས་བགྲོ་གླེང་བྱེད་ཀྱི་ཡོད། སྐད་ཆ་དེ་ལས་རྩོམ་རིག་ནི་མིའི་རིགས་རིག་པ་དངོས་ཡིན་པ་འཆད་དཀའ་ཡང་རྩོམ་རིག་དང་མིའི་རིགས་རིག་པ་གཉིས་ཀྱི་བར་ལ་འབྲེལ་བ་ཤིན་ཏུ་ཟབ་པོ་ཡོད་པ་རྟོགས་ཐུབ། དེ་ཡང་ཡིན་ཏེ། རྩོམ་རིག་གི་འབྱུང་ཁུངས་ནི་སྤྱི་ཚོགས་འཚོ་བ་ཡིན་པ་དང་། སྤྱི་ཚོགས་འཚོ་བ་ཞེས་པ་དེའང་མི་ལ་བལྟོས་ནས་བཤད་པ་ཞིག་ཡིན་པས་རེད་དེ། སྤྱི་ཚོགས་ནི་མ་གཞི་ནས་མི་ཡིས་གྲུབ་པའི་ཚོགས་པ་ཞིག་ལ་བྱ་བས། འགྲོ་བ་མིའི་རིགས་ལ་མ་གཏོགས་སྤྱི་ཚོགས་ཞེས་པ་ཞིག་ཡོད་མི་སྲིད། དེས་ན་རྩོམ་རིག་གི་ཁ་གཏད་ཡུལ་དང་བརྗོད་གཞི་གཙོ་བོའམ་ནང་སྙིང་ནི་མི་ཁོ་ན་ཉིད་ལས་མ་འདས་ལ། མིའི་རིགས་ལ་རྩོམ་རིག་མཁོ་འདོན་ཡང་དེས་མིའི་འཚོ་གནས་དང་འཚོ་སྡོད་ཀྱི་དགོས་མཁོ་ངེས་ཅན་སྐོང་ནུས་པས་ཡིན། དེ་ནི“སྤྱིར་རྩོམ་རིག་ནི་མིའི་རིག་པ་ཡིན་པ་དང་། རྩོམ་རིག་གི་འགོ་རྩོམ་ས་དང་མཇུག་བསྡུ་ས་ནི་མི་ཁོ་ན་ཡིན་པའི་ངོས་ནས་ཡིན”【63】པའི་གཏན་ཚིགས་གིས་ཐག་བཅད་པ་ཞིག་རེད། རྒྱུ་མཚན་ནི་རྩོམ་རིག་ཡིན་ནའང་འདྲ། མིའི་རིགས་རིག་པ་ཡིན་ནའང་ཆོག  དེ་གཉིས་པོའི་བརྗོད་བྱ་ནི་མི་ཁོ་ན་ཉིད་ཡིན་པས་སོ། འོན་ཀྱང་།“རྩོམ་རིག་ནི་ཁྱད་པར་བའི་མཛེས་རྟོག་དང་ལྡན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པའི་ངོས་ནས། མི་ལ་མི་ཚེའི་ངེས་རྟོགས་བསྐྱེད་པའི་སློབ་གསོའི་ཕན་ནུས་དང་ལྡན་པ་ཞིག་ཡིན་ཡང་། རྩོམ་རིག་ནི་སློབ་གསོ་དངོས་མིན་པས་ན་མི་ལ་སློབ་གསོ་གཏོང་བའི་ཕན་ནུས་དེ་འོས་འགན་གཙོ་བོར་དམིགས་ཡོད་པ་ཞིག་མིན”【64】ཅེས་པ་ལྟར། རྩོམ་རིག་གིས་ཕྱོགས་ངེས་ཅན་ཅིག་གི་ཐོག་ནས་མི་ལ་སློབ་གསོ་གཏོང་བའི་ཕན་ནུས་ཡོད་སྲིད་ཀྱང་། རྩོམ་རིག་ནི་སློབ་གསོ་རིག་པ་དངོས་མ་ཡིན་པས། རྩོམ་རིག་ནི་མི་ལ་སློབ་གསོ་གཏོང་བའི་ལག་ཆ་ལྟ་བུར་གྱུར་ན་རྩོམ་རིག་ནི་རང་རྐྱ་ཤོར་བའི་རིག་ཚན་ཞིག་ཏུ་གྱུར་ནས། རང་རྐྱ་འཕེར་བའི་རིག་ཚན་ཞིག་ཏུ་གྱུར་ཐབས་མེད། དེས་མ་ཟད།   སྤྱིར་རྩོམ་རིག་ནི་མིའི་རིག་པ་དང་ཆ་འདྲ་བར་མི་དཀྱིལ་སྙིང་དུ་འཇོག་གི་ཡོད་ཀྱང་། རྩོམ་རིག་དང་མིའི་རིག་པ་ནི་མ་གཞི་ནས་ངོ་བོ་མི་འདྲ་བའི་རིག་ཚན་གཉིས་ཡིན་པའི་ངོས་ནས་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་དེ།    རྩོམ་རིག་ནི་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་མི་འབྲི་བཞེངས་དང་མིའི་འཚོ་བ་དང་བརྩེ་དུང་སོགས་མཚོན་པར་བྱེད་ཀྱི་ཡོད་ལ། མིའི་རིགས་རིག་པ་ནི་རྗེས་དཔག་གི་བསམ་གཞིག(理性思维)དང་ཚན་རིག་ལ་བརྟེན་ནས་མིའི་འཚོ་གནས་དང་འཚོ་སྡོད་ཀྱི་གནས་ཚུལ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པས། དེ་གཉིས་པོའི་བརྗོད་གཞི་མི་ཡིན་ཡང་མིའི་མཚོན་ཐབས་ཐ་དད་ཡིན་པའོ། འོན་ཀྱང་། རྩོམ་རིག་ནི་མིའི་རིག་པ་ཡིན་ནའང་འདྲ། སློབ་གསོ་རིག་པ་ཡིན་ནའང་འདྲ། མི་ཆོས་རིག་པ་ཡིན་ནའང་འདྲ་དེ་དག་དང་འབྲེལ་བ་ཤིན་ཏུ་ཟབ་པོ་ཡོད་པ་སྨྲ་མི་དགོས། དེང་གི་སྤྱི་ཚོགས་ཐོག རྩོམ་རིག་གིས་སྤྱི་ཚོགས་ལ་ཞབ་འདེགས་ཞུ་བའི་འགན་འཁུར་ཡོད་མེད་ཀྱི་སྐོར་ལ་ལྟ་ཚུལ་མང་སྟེ། འགའ་རེས་ཟེར་ན་རྩོམ་རིག་གིས་སྤྱི་ཚོགས་ལ་ཞབ་འདེགས་ཞུ་དགོས་ཟེར། ཡང་འགའ་རེས་རྩོམ་རིག་ནི་རང་རྐྱ་འཕེར་བའི་རིག་ཚན་ཞིག་དང་སྒྱུ་རྩལ་གྱི་རིག་ཚན་ཞིག་པའི་ངོས་ནས་རྩོམ་རིག་གིས་རྩོམ་རིག་རང་ལ་མ་གཏོགས་སྤྱི་ཚོགས་ལ་འགན་འཁུར་དགོས་དོན་མེད་ཟེར། རྒྱུ་མཚན་ནི་རྩོམ་རིག་ནི་སྤྱི་ཚོགས་རིག་པ་ལྟ་བུ་མ་ཡིན་པས་སྤྱི་ཚོགས་ལ་ཞབ་འདེགས་བསྒྲུབ་རྒྱུ་དེ་ཁོའི་འགན་འཁུར་མ་རེད་ཟེར། འོན་ཀྱང་བོད་ཀྱི་སྤྱི་ཚོགས་ལ་ཆ་མཚོན་ནས་བཤད་ན། རྩོམ་རིག་གི་བརྩམས་ཆོས་མང་པོ་ཞིག་སྔར་བཞིན་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བྱེད་ཀྱི་སྨྱན་བྱེད་ལྟ་བུར་གྱུར་ཡོད། དེ་ནི་བོད་ལ་རྒྱལ་སྤྱི་རྒྱལ་ནང་ལྟ་བུའི་སྤྱི་ཚོགས་རིག་པ་ཞེས་པ་དང་དཔལ་འབྱོར་རིག་པ་ཞེས་པ་ལྟ་བུའི་རིག་ཚན་དུ་མ་ཁྱབ་བརྡལ་དུ་སོང་མེད་པས་ཡིན་ཤས་ཆེ། བདག་གི་ལྟ་ཚུལ་ལྟར་ན། རྩོམ་མཁན་གྱིས་རྩོམ་རིག་གསར་རྩོམ་སྐབས་རྩོམ་རིག་གིས་ཐད་ཀར་སྤྱི་ཚོགས་ལ་ཞབ་འདེགས་ཞུ་བ་དོན་དུ་མ་གཉེར་བར་སྦྲང་ནོར་བུས་སྦྲང་རྩི་གསོག་འཇོག་བྱེད་པ་བཞིན་བྱས་ན་ཆོག་པ་སྟེ། སྦྲང་ནོར་བུས་སྦྲང་རྩི་གསོག་པ་དེ་འགྲོ་བ་མིའི་བཟའ་བྱའི་ཆེད་དུ་མ་ཡིན་ཡང་འགྲོ་བ་མིས་སྦྲང་རྩི་དེ་ལོངས་སུ་སྤྱོད་བཞིན་པ་བཞིན་ཡིན་དགོས། རྩོམ་རིག་བརྩམས་ཆོས་ཀྱང་དེ་དང་ཆ་འདྲ་བར་དེས་ཐད་ཀར་སྤྱི་ཚོགས་ལ་ཞབ་འདེགས་བསྒྲུབ་ཀྱི་མེད་རུང་དེས་མངོན་ལྐོག་གང་རུང་ནས་འགྲོ་བ་མིའི་སྤྱི་ཚོགས་ལ་ཕན་ཐོགས་བྱེད་བཞིན་པ་ཞིག་ཡིན་དགོས། དེ་ལྟར་བྱས་ན་རྩོམ་རིག་དེ་སྒྱུ་རྩལ་ཞིག་ཡིན་པའི་ངོས་ནས་དེའི་མཛེས་རྟོག་གི་ཁྱད་ཆོས་དེ་བོར་མི་ སྲིད། ཐོར་སི་ཐེས།“སྒྱུ་རྩལ་ནི་མི་གཤིས་ཀྱི་བྱ་འགུལ་ཅིག་ཡིན་ཞིང་། དེའི་ལྟེ་བ་ནི་མི་བུ་ཞིག་གིས་རང་བློས་ལྕོགས་ཚོད་ཀྱིས་སྤྱིར་བཏང་གི་བརྡ་རྟགས་ཤིག་ལ་བརྟེན་ནས། རང་ཉིད་ཀྱི་བརྒྱུད་མྱོང་བའི་ཚོར་འདུ་དག་ཕ་རོལ་ལ་བརྒྱུད་སྤྲོད་བྱས་ནས། ཕ་རོལ་པོ་ཡང་ཚོར་འདུ་དེ་དག་གི་ཤུགས་རྐྱེན་ཐེབས་པ་དང་། དེ་དང་འདྲ་བའི་མྱོང་བ་སྟེར་བར་བྱེད་པ་ཡིན”【65】ཅེས་པ་ལྟར། རྩོམ་མཁན་གྱིས་རང་ཉིད་ཀྱི་ཡིད་ཀྱི་མྱོང་བ་དང་ཚོར་འདུ་མཐའ་དག་ཀློག་མཁན་ལ་ཚུར་སྣང་བྱས་ཏེ་རང་ཉིད་དང་འདྲ་བའི་མི་བུ་ཚོའི་སེམས་ཀྱི་གཏིང་རིམ་དུ་བརྒྱུད་སྤྲོད་བྱས་ནས། མིའི་རིགས་ཕན་ཚུན་བར་ཡུལ་དུས་ཀྱི་ཚད་ལས་བརྒལ་ཏེ་སེམས་པ་གཅིག་མཐུན་གྱི་བདེ་སྣང་སྦྱིན་པར་བྱེད་དགོས་པ་ཡིན་ཏེ། རྩོམ་རིག་སྒྱུ་རྩལ་ལ་ཆ་མཚོན་ན། དེ་ལ་བརྩམས་ཆོས་དང་འཇིག་རྟེན། ཀློག་པ་པོ་དང་རྩོམ་པ་པོ་བཅས་ཀྱི་ཡུལ་གཉིས་དང་ཡུལ་ཅན་གཉིས་ཀྱི་གྲུབ་པ་ཡིན་པས། རྩོམ་པ་པོས་འཇིག་རྟེན་གྱི་སྣང་ཚུལ་ཞིག་རྒྱུ་ཆར་བཟུང་ནས་བརྩམས་ཆོས་གསར་རྩོམ་ལ་འཇུག་སྟེ་ཡུལ་ཅན་ཀློག་པ་པོར་རང་ཉིད་ཀྱི་ཚོར་བ་དང་མྱོང་གྲུབ་སོགས་བརྒྱུད་སྤྲོད་དང་ཚུར་སྣང་བྱེད་པའི་ལས་ལ་བརྟེན་ནས། ཀློག་མཁན་གྱི་ཡིད་ཀྱི་དྭངས་བ་འདྲེན་པ་དང་ཁོ་ཚོར་ཡང་ཡུལ་ཅན་རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་དག་ཉམས་སུ་མྱོང་དུ་བཅུག་དགོས་པ་ཡིན། ལྷག་པར་དུ།“རྩོམ་རིག་ནི་མཛེས་རྟོག་གི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པའི་རྩ་བའི་རང་བཞིན་ནམ་ངོ་བོའི་གནས་སྟངས་དེའི་དབང་གིས། རྩོམ་རིག་གིས་མིའམ་སྤྱི་ཚོགས་འཕེལ་རྒྱས་ལ་ཐད་ཀར་ཞབས་ཕྱི་མི་བསྒྲུབ་པའམ་ཐད་ཀར་ཕན་ནུས་མི་འདོན་པ་ཡིན། རྩོམ་རིག་གི་སྤྱི་ཚོགས་ཕན་ནུས་དེ་བརྒྱུད་པའི་སྒོ་ནས་འབྱུང་བ་ཞིག་སྟེ། རྩོམ་པ་པོས་གསར་རྩོམ་བྱས་པའི་བརྩམས་ཆོས་མངོན་པའི་སྒྱུ་རྩལ་གྱི་སྣང་བརྙན་དག་བརྒྱུད་ནས། དེ་མྱོང་རོལ་བྱེད་མཁན་གྱི་ཀློག་པ་པོར་བདེ་ཚོར་བསྐྱེད་པའམ་སློབ་གསོ་ཐེབས་པ། འཚོ་གནས་ཀྱི་གནད་དོན་ལ་མནོ་བསམ་གཏོང་དུ་འཇུག་པ། ཚེ་སྲོག་དང་མི་ཚེའི་དོན་སྙིང་ལ་ངེས་རྟོགས་བྱེད་པ། མིའི་རང་དབང་དང་རྩིས་ཐང་ལ་ངེས་ཤེས་རྙེད་པ་སོགས་མིས་རང་ཉིད་ངོས་ཟིན་དང་མཐོར་འདེགས་བྱེད་པའི་ཕན་ནུས་འདོན་པ་རེད”【66】ཅེས་རྩོམ་རིག་གིས་ཐད་ཀར་སྤྱི་ཚོགས་ལ་ཞབས་འདེགས་མི་བྱེད་ཀྱང་དེས་མངོན་ལྐོག་གང་རུང་ནས་སྤྱི་ཚོགས་ལ་ཕན་ནུས་མི་དམན་པ་ཞིག་ཡོད་པའོ།     སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་དག་ལ་ཆ་མཚོན་ནས་བཤད་ན། ཁོས“རྩོམ་རིག་ནི་མིའི་རིགས་རིག་པའོ”ཞེས་པའི་བརྗོད་དོན་གཙོར་བཟུང་སྟེ་རྩོམ་གྱི་བརྗོད་གཞི་ཕལ་ཆེ་བ་མིའི་འཚོ་གནས་དང་འཚོ་སྡོད་ཀྱི་གནས་བབ་ལ་ཁ་གཏད་ཡོད་དེ། དེ་ནི་ཁོའི་བརྩམས་སྒྲུང《སྡེ་དཔོན》དང《ཁ་བ་མེད་པའི་དགུན་ཁ》ཞེས་པ་སོགས་ལས་རྟོགས་ནུས་སོ། དེ་མིན་མི་གཤིས་ཀྱི་གནད་དོན་ལ་དོ་ཁུར་བྱེད་བཞིན་ཡོད་པ་སྟེ། དེ་དག་ནི་ཁོའི་ཁྱི་བརྗོད་བྱར་བྱས་པའི་བརྩམས་ཆོས་དག་ལས་ཀྱང་ཤེས་ནུས། ལྷག་པར་དུ། སྟག་འབུམ་རྒྱལ་ལྟ་བུར་མཚོན་ན།  ཁོས་མི་བརྗོད་གཞིར་བཟུང་བ་གང་ཞིག ད་དུང་ཁོའི་སྨྱུག་འོག་གི་མི་སྣ་དག་ཀྱང་གོ་ས་དབང་ཐང་ཅན་གྱི་མི་ཆེན་གཙོ་བོར་བྲིས་པ་མ་ཡིན་པར། སྤྱི་ཚོགས་ཀྱི་ཆེས་དམའ་རིམ་ན་འཚོ་བའི་རོང་འབྲོག་མང་ཚོགས་དཀྱུས་མའི་རྒྱུན་གཏན་གྱི་འཚོ་བ་བརྗོད་བྱར་བྱས་པ་གཙོ་བོར་བཟུང་ཡོད་པས། དེ་ལས་རྩོམ་པ་པོས་མི་སྣ་དཀྱུས་མའི་ལས་དབང་ལ་སེམས་ཚེགས་དང་དོ་ཁུར་བྱེད་བཞིན་པ་རྟོགས་ནུས་ཏེ།“རྩོམ་མཁན་དེ་རིགས་ཀྱིས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་རང་གི་མིག་ཟུང་གཏད་དེ། སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་སྤྱིར་བཏང་གི་མི་སྣའི་གཤིས་རྒྱུད་དང་སེམས་ཁམས། བྱ་བྱེད་སོགས་ཀྱི་ཐད་ནས་སྤྱིར་བཏང་མ་ཡིན་པ་དང་དོན་ཆུང་མ་ཡིན་པའི་གནད་དོན་སྔོག་འདོན་བྱས”ཡོད་པ་རེད།  དེས་ན།“རྩོམ་རིག་གི་འགོ་འཛུགས་ས་དང་འབྲེལ་བ་བྱེད་ཡུལ། མཇུག་སྡུད་ས་ཚང་མ་མི་ཡིན་ཞིང་། རྩོམ་རིག་ནི་ཡུལ་ཅན་མིའི་རྣམ་ཤེས་ཀྱི་ལས་སྣོན་ལ་བརྟེན་ནས་གསར་གཏོད་དང་།“ཕུན་སུམ་ཚོགས་པའི་མི”དང་“འཐུས་ཚང་གི་མི”གསར་བཞེངས་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པས། གནས་ཚུལ་དེའི་རིགས་ནས་བལྟས་ན། རྩོམ་རིག་ནི་དངོས་གནས་དྲང་བདེན་གྱི་མིའི་རིག་པ་ཡིན”【67】ལ། མི་རྣམས་ཀྱིས་སྒྱུ་རྩལ་གྱི་སྣང་བརྙན་ལ་བརྟེན་ནས་རང་ཉིད་ཀྱི་མི་གཤིས་གསོ་སྐྱོང་དང་། འཚོ་གནས་དང་འཚོ་སྡོད་ཀྱི་གནས་བབ་ལ་བསམ་གཞིག་བྱེད་པར་ཕན་པ་ཐོན་གྱི་ཡོད་པས། རྩོམ་རིག་ནི་མིའི་རིག་པ་ཞིག་ཡིན་ཅེས་པར་རྒྱུ་མཚན་ངེས་ཅན་ཡོད་པ་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།