《གྲང་རེག་གིས་གཙེས་པའི་སྟོན་རླུང》ཞེས་པའི་བརྩམས་སྒྲུང་གི་ཕྲན་བཤད་ཐན་ཐུན།

རྩོམ་པ་པོ།:རྣམ་གླིང་རིན་ཆེན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-05 08:54:00 ཀློག་གྲངས།:
རྩོམ་གྱི་ནང་གལ་ཏེ་ཕས་བུ་མོ་སྡོད་སའི་སློབ་གྲྭའི་སློབ་སྤྱི་ཡི་རིན་ཐང་བྲལ་བའི་བཀའ་སློབ་དག་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས་བུ་མོ་སློབ་གྲྭ་ནས་ཕྱིར་འཐེན་བྱས་མེད་ན་བུ་མོ་ཡང་སློབ་གྲོགས་གཞན་དང་འདྲ་བར་རང་གི་འདོད་མོས་ལྟར་སློབ་གྲྭའི་འཚོ་བ་ལ་རོལ་ཆོག་ཀྱང་། ཨུ་ཚུགས་གླང་རྒན་ལས་ཀྱང་ཚ་བའི་ཨ་ཕས་སློབ་སྤྱིའི་བཀའ་ལ་མ་ཉན་ལ། ཨ་ཕའི་བསམ་བློར་གཡོ་སྒུལ་གཏན་ནས་མ་བྱུང་རྐྱེན་དེ་ལས་ཨུ་ཚུགས་ཀྱི་ཉེས་དམིགས་འབའ་ཞིག་བསྟན་པ་ཡིན་ཞིང་། ཕ་མས་བུ་ཕྲུག་གི་ལས་དབང་ཐག་གཅོད་བྱེད་པའི་འདུ་ཤེས་རྙིང་བ་ཞིག་གི་འཆིང་ཐག་ལས་གྲོལ་མེད་པའང་གསལ་པོར་རྟོགས་ནུས།དེ་བཞིན་རྩོམ་གྱི་མགོ་མཇུག་གང་རུང་དུ་བུ་མོའི་སྐྱོ་གདུང་གི་སེམས་ཁམས་བསྟན་ཡོད་དེ། དང་ཐོག་ཕས་རང་གི་འདོད་མོས་ལྟར་སློབ་གྲྭར་བཞུགས་སུ་མ་བཅུག་པར་སློབ་གྲྭ་ནས་ཕྱིར་འཐེན་བྱས་པ་དང་། དེ་རྗེས་གཞན་གྱི་བུ་རྫི་དང་ཚོང་གཡོག་བྱ་རིང་གཞན་གྱི་ལག་འོག་ཏུ་དཀའ་སྡུག་ཚད་མེད་མྱངས་པ་དང་།  གཞན་གྱི་གཅར་རྡུང་དང་མྱི་ཁའི་ཁྲོད་འཚོ་དགོས་བྱུང་ཞིང་།    མཐར་རང་སྲོག་ཀྱང་ལྕེབས་འདོད་བར་མེད་སྐྱེས་པ་སོགས་སྐྱོ་གདུང་ཁྲོད་ཀྱི་བུ་མོ་ཞིག་གི་སེམས་ཁམས་གསལ་བར་བསྟན་ཡོད་པའོ།།
          བརྩམས་སྒྲུང་དེར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད་དེ། རྩོམ་པ་པོས་གཅིག་ནས་ཕ་མས་བུ་ཕྲུག་གི་ལས་དབང་ལ་ཁ་ལོ་བསྒྱུར་ཞིང་། བུ་ཕྲུག་གི་ཡོད་དོ་ཅོག་ཕ་མས་ཐག་གཅོད་དང་གཏན་འཁེལ་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པར་ཁ་བརྡུང་དྲག་པོ་བཏང་ནས་ཕ་མས་བུ་ཕྲུག་གི་ཕུགས་བསམ་ལ་བསམ་བློ་གཏང་དགོས་པ་དང་། བུ་ཕྲུག་གི་མི་གཤིས་དང་རང་དབང་ལ་བརྩི་བཀུར་བྱ་དགོས་པར་སྐུལ་མ་བཏང་ཡོད་ལ། གཉིས་ནས་བོད་ཀྱི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་མཐོང་ཆེན། དེ་བཞིན་མི་བུའི་བདེ་སྡུག་ལ་བསམ་གཞེས་གནང་གི་ཡོད་པ་ཤེས་ནུས་ཏེ།  རྩོམ་གྱི་ནང“ཕ་མ་ཞིག་གིས་རང་ཉིད་ཀྱི་ཕྲུ་གུའི་ཚེ་གང་བདེ་སྐྱིད་དང་། མདུན་ལམ་ཆེད་དུ་བསམ་བློ་གཏན་ནས་མ་གཏང་བར། མིག་མདུན་གྱི་ཁེ་ཕན་ཁོ་ན་བསམ་ནས་བསྡད་པས། ད་ནི་ངའི་གཅུང་མོར་སྡུག་པོ་འདི་ལྟ་བུ་མཐོང་སོང” ཞེས་པ་ལས་ཤེས་ནུས་ལ། ལྷག་པར་དུ་ཤེས་ཡོན་གྱི་མིའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་དེང་གི་དུས་དེར་ཕ་མ་ཚོས་རང་གི་བུ་ཕྲུག་སློབ་གསོ་མྱོང་བར་གཏང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཞིག་ཡིན་པས། མ་པ་པོས་མཐོང་རྒྱ་ཡངས་པའི་བློ་མིག་བསྐྱེད་ནས་ཕ་མ་རྣམས་ལ་རང་གི་བུ་ཕྲུག་སློབ་གསོ་མྱོང་བར་གཏང་དགོས་པར་སྐུལ་ཅིང་། ང་ཚོ་བུ་ཕྲུག་ཚོས་ཀྱང་རང་ཚུགས་ཅན་གྱི་མི་སྣ་ཞིག་བྱས་ཏེ་ཕ་མའི་བཀའ་དབང་བཙན་པོའི་འོག་གཉའ་འཁུམས་ནས་མ་བསྡད་པར་རང་གི་མི་གཤིས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་དེའང་གལ་འགངས་ཆེ་བ་ཞིག་ཡིན་པ་རྟོགས་ནུས་ལ།“རྩོམ་པ་པོ་ཞིག་ལ་ཆ་མཚོན་ནས་བཤད་ན། རྩོམ་རིག་གསར་རྩོམ་བྱེད་སྐབས།དང་ཐོག་མི་ལ་སེམས་ཁུར་གྱི་སྒོ་ནས་གསར་རྩོམ་བྱ་དགོས་པ་ཡིན་ཏེ། མི་ལ་སེམས་ཁུར་མི་བྱེད་པའམ་སེམས་ཁུར་དེ་ཙམ་ཆེན་པོ་མ་བྱས་པ་ཡིན་ན་དེར་གསར་རྩོམ་གྱི་སྟོབས་ཤུགས་དངོས་ལྡན་མི་སྲིད་ལ། ན་ཐང་དངོས་ལྡན་པའི་རྩོམ་རིག་བརྩམས་ཆོས་གསར་རྩོམ་བྱ་མི་ཐུབ”གསུངས་པ་ནང་བཞིན། རྩོམ་པ་པོ་ཁོང་གི་མི་བུའི་མི་གཤིས་ལ་བརྩི་མཐོང་དང་མི་བུའི་བདེ་སྡུག་ལ་སེམས་ཁུར་བྱས་ནས་རྩོམ་ཡིག་དེ་བརྩམས་པ་ཞིག་ཡིན་པ་ང་ཚོས་ཤེས་གསལ་ཡིན་པས། དེས་ན་རྩོམ་དེར་སྤྱི་ཚོགས་ཀྱི་རིན་ཐང་ཆེན་པོ་མངའ་བ་ཡིན་ཞིང་། རྩོམ་རིག་གི་རྣམ་པ་ཅི་འདྲ་ཞིག་ཡིན་རུང་དུས་སྐབས་ངེས་ཅན་ཞིག་གི་ཐོན་དངོས་ཡིན་པས་དེས་དུས་སྐབས་ངེས་ཅན་ཞིག་གི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་མི་རྣམས་ཀྱི་བསམ་བློ་མཚོན་པར་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་པའི་ཆ་ནས་བཤད་ན། རྩོམ་དེ་ནི་སྤྱི་ལོ1999ལོར་གསར་རྩོམ་གནང་བ་ཞིག་ཡིན་པས། དུས་སྐབས་དེའི་ནང་བོད་ཀྱི་སྤྱི་ཚོགས་སུ་ཕ་མས་བུ་ཕྲུག་སློབ་གྲྭར་སློབ་གསོ་མྱོང་བར་གཏོང་མཁན་ཉུང་ཉུང་ཡིན་པ་ང་ཚོར་རྒྱུས་མངའ་ཡོད་པས་དེ་ལྟ་བུའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་བརྩམས་སྒྲུང་དེ་ལྟ་བུར་རིན་ཐང་ངེས་ཅན་ཡོད་པ་ཁོ་བོས་མ་བརྗོད་ཀྱང་ལྷན་རྒྱས་ཚོས་མཁྱེན་གསལ་རེད། དགེ་རྒན་ཆེན་མོ་དོར་ཞི་བློ་བཟང་ཐུབ་བསྟན་ཆོས་འཕེལ་མཆོག་གིས་ཀྱང“རྨོངས་པའི་གཉིད་ལས་སད་བྱེད་འབྲུག་གི་སྒྲ།། གཤིས་ངན་དུག་སྦྲུལ་ཚང་བརྟོལ་གནམ་ལྕགས་ཐོག ། ཡ་རབས་སྣང་བའི་ལམ་སྟོན་ནམ་མཁའི་ནོར།། དགོངས་གཞིར་བྱས་པ་སྙན་རྩོམ་མཆོག་ཏུ་བསྔགས།།”ཞེས་གསུངས་པ་བཞིན། བརྩམས་སྒྲུང་དེ་ལ་ཡང་ཁྱད་ཆོས་དེ་ལྡན་ཡོད་པས། རྩོམ་དེ་ཡང་བརྩམས་སྒྲུང་མཆོག་ཏུ་གྱུར་བ་ཞིག་རེད་ཅེས་བརྗོད་ཆོག
          རྩོམ་དེའི་སྒྱུ་རྩལ་གྱི་ཁྱད་ཆོས་ཆ་ནས་བཤད་ན། རྩོམ་དེའི་བརྗོད་བྱའི་དོན་རྣམས་གོ་རིམ་ལྡན་པའི་ངང་གསལ་པོར་མཚོན་ཞིང་། ཀློག་པ་པོར་གློག་བརྙན་ཞིག་བལྟས་པ་ལྟ་བུའི་བག་ཆགས་ཟབ་མོ་འཇོག་ཐུབ་པ་དང་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད། རྩོམ་དེ་སྤྱིའི་ཆ་ནས་དགག་སྒྲུབ་ཀྱི་གནད་ལ་ཁ་ཕྱོགས་ཡོད་ཀྱང་། བྱེ་བྲག་ཏུ་མི་སྣའི་སེམས་ཁམས་གསལ་སྟོན་ལའང་ཅུང་ཟད་འབད་པ་ལྷུར་དུ་བླངས་ཡོད་དེ། རྩོམ་ནང་མི་སྣའི་སྐྱོ་གདུང་བརྗོད་པ་ཙམ་མ་ཡིན་པར་སྐྱོ་གདུང་གི་ཚད་དེ་མཐོན་པོ་ཞིག་ལ་ཐོན་ཡོད་པས་དེ་ནི་རྩོམ་གྱི་ལེགས་པའི་ཆ་ཡིན་ལ། རྒན་བདུད་ལྷ་རྒྱལ་ལགས་གིས“བོད་ཀྱི་བརྩམས་སྒྲུང་གསར་བའི་མངོན་གསལ་གྱི་གྲུབ་འབྲས་ནི་བྱུང་རིམ་ཅན་གྱི་གཏམ་རྒྱུད་སྤེལ་ཚུལ་ལས་བྱུང་རིམ་གྱི་སྒྲིག་གཞི་དང་བཀོད་འབྲི་གཉིས་ཀྱི་སྟེང་ནས་མངོན་ཐུབ་པ་རེད”ཅེས་གསུངས་པ་བཞིན། རྩོམ་དེའི་ནང་དུའང་བྱུང་རིམ་བཀོད་སྒྲིག་བྱས་པ་འོས་ཤིང་འཚམས་ལ་ཞིབ་ཚགས་ལྡན་པ་ཞིག་ཡིན་ཏེ། བརྩམས་སྒྲུང་དེའི་བྱུང་རིམ་བཀོད་སྒྲིག་སྤྱིར་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་ཡིན་པ་གང་ཞིག  རྩོམ་གྱི་མགོར་ལྡོག་འབྲིའི་ཐབས་ལམ་ཅུང་ཟད་བཀོལ་ཡོད་པ་སྟེ།“ཨ་ཙི། ད་ནི་ང་རང་མི་ཡུལ་འདིར་བསྡད་ནས་སྙིང་པོ་བྱ་བྲུན་ཙམ་ཡང་མི་འདུག དེ་ལས་ད་ལྟ་ལམ་སེང་རང་ཤི་བརྒྱབ་ན་ཏག་ཏག་རེད་་་་་་་གཙང་ཆུའི་ནང་ ལྕེབས་རྩིས་ལན་འགའ་བྱས་ཀྱང་། རང་བརྩིའི་བསམ་པ་ཞིག་གིས་ཀུན་ནས་བསྐུལ་བས། ངའི་རྐང་བ་གཉིས་ནི་ད་དུང་བྲག་ སྟེང་དུ་ཕུར་པ་བཏབ་པ་ལྟར་བརྟན་པོ་བཙུགས་ཏེ་རྩ་བ་ནས་ལྕེབས་མ་ཐུབ”ཅེས་ལྡོག་འབྲིའི(倒叙)འབྲི་ཐབས་སྤྱད་ཡོད་པས། དེས་ཀློག་པ་པོར་བསམ་གཞིག་གི་བར་སྣང་ཞིག་གསར་བཞེངས་བྱས་ཡོད་ལ། རྩོམ་གྱི་མི་སྣ་དེ་རང་སྲོག་ལྕེབས་འདོད་ཀྱི་ རྒྱུ་མཚན་གང་ཡིན་མིན་ཤེས་འདོད་ཀྱི་འདུན་པ་སྐྱེ་རུ་བཅུག་པས་རྩོམ་དེར་མུ་མཐུད་ཀློག་འདོད་ཀྱི་ཀུན་སློང་དྲག་པོ་ཞིག་ སྦྱིན་ནུས་པ་ཡིན། དེ་བཞིན་“སྐྱོ་གར་གྱི་འདུ་ཤེས(悲剧意识)ནི་ཅུང་མཐོ་བའི་མཛེས་རྟོག་གི་འདུ་ཤེས་ཡིན”གསུངས་པས། རྩོམ་དེ་ཡང་སྐྱོ་གར་གྱི་ཚུལ་དུ་བྲིས་པ་ཞིག་ཡིན་པས། དེར་མཛེས་རྟོག་གི་ཆ་ཆེས་ཆེར་མངའ་བ་ཡིན་ལ། རྩོམ་རིག་གི་མི་ཆོས་སྙིང་སྟོབས(人文精神)ཡང་ཆེན་པོ་ལྡན་ཡོད། དེ་བཞིན་རྩོམ་གྱི་གོང་འོག་གཉིས་ཁ་སྤྲོད་ཚུལ་དུ་བྲིས་ཡོད་དེ། རྩོམ་གྱི་མགོར་དང་མཇུག་གཉིས་ཀར་རང་སྲོག་ལྕེབས་འདོད་ཀྱི་གནས་ཚུལ་བྲིས་ཡོད་པ་རེད། དེ་བཞིན་གཅིག་བརྟེན་གཅིག་དྲན་གྱི་འབྲི་ཐབས་བཀོལ་ཡོད་དེ། ཨ་ཅག་མཚམས་ལགས་ཀྱིས་གསུངས་པའི་བཀའ་མོལ“ཕུན་ཚོགས་ནི་ང་རང་གི་ཤ་ལས་ཆད་པའི་ཕྲུ་གུ་ཡིན་ཁར། ཁོ་རང་ད་ལྟ་དྲོ་སྐྱིད་ལྡན་པའི་སློབ་གྲྭའི་འཚོ་བར་རོལ་བཞིན་ཡོད་་་་་་གལ་སྲིད་ཁྱེད་ཚོས་ད་རེས་ཀྱི་དོན་རྐྱེན་དེ་ཁྲིམས་ལ་གཏུག་པ་ཡིན་ན། ངའི་བུ་དེ་མུ་མཐུད་སློབ་གྲྭ་འགྲིམ་རྒྱུའི་གོ་སྐབས་ཡོངས་སུ་ཤོར་ངེས་རེད”ཅེས་ཨ་ཅག་མཚམས་ལགས་ཀྱིས་རང་གི་བུ་ཕྲུག་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་སེམས་དག་མིག་ལམ་དུ་མཐོང་བ་ལ་ བརྟེན་ནས།  རང་གི་ཁེ་ཕན་ཁོ་ནར་དམིགས་ནས་བུ་ཕྲུག་སློབ་གྲྭ་ནས་ཕྱིར་འཐེན་བྱེད་མཁན་གྱི“ང”རང་གི་ཨ་ཕའི་ཚུལ་འཆོས་དེ་ཡིད་ལ་དྲན་ཞིང་། ཨ་ཅག་མཚམས་ལགས་ལྟ་བུའི་ཕ་མ་བཟང་པོ་དེར་ཡིད་སྨོན་སྐྱེས་ཤིང“ང”ལའང་དེ་ལྟ་བུའི་ཕ་མ་བཟང་པོ་འདི་འདྲ་ཞིག་ཡོད་ན་ང་རང་ཡང་ཁོང་གི་བུ་དང་འདྲ་བར་བདེ་སྐྱིད་དང་མདུན་ལམ་གྱིས་ཕྱུག་པའི་སློབ་མའི་འཚོ་བ་ལོངས་སུ་སྤྱོད་རྒྱུུ་ཡོད་པ་དང་། རང་ཉིད་ཀྱི་སློབ་གྲོགས་གཞན་དང་འདྲ་བར་སློབ་གྲྭ་ཆེན་མོའི་སྒོ་ཐེམ་ཐོག་གོམས་ ཁ་ཡོངས་སུ་བསྒྱུར་ཟིན་ངེས་རེད་སྙམ་པ། གོར་ཅིས(高尔基)“སྒྱུ་རྩལ་རྩོམ་རིག་ལ་མི་རྣམས་ཀྱི་ཡིད་འཕྲོག་པའི་སློབ་གསོའི་ཡོན་ཏན་ཞིག་ལྡན་དགོས་པ་ཡིན་ན། ངེས་པར་དུ་མི་སྣ་གཙོ་བོས་དེ་དག་ལ་དོན་མང་པོ་སྒྲུབ་པ་དང་སྐད་ཆ་ཉུང་ཉུང་བཤད་དུ་འཇུག་དགོས”ཞེས་པ་བཞིན་རྩོམ་དེའི་ནང་མ་གཞི་མི་སྣ་གཙོ་བོའི་ཕྱིའི་རྣམ་པ་དང་ཆ་སྤྱད་སོགས་ཞིབ་འབྲི་ཁ་གསལ་མཛད་མེད་ཀྱང་དཀའ་ཞིང་སྡུག་པའི་ཁོར་ཡུག་གི་ནང་ནས་མི་སྣའི་བྱ་འགུལ་དང་ཁ་བརྡ། མི་སྣའི་ནང་སེམས་ཀྱི་ འགུལ་སྐྱོད་དང་ཡིད་ཀྱི་འགྱུར་བ་ཞིབ་འབྲི་བྱས་པ་མང་བ་དང་། མི་སྣའི་བྱ་བྱེད་དང་ཁ་བརྡ་སོགས་ཞིབ་འབྲི་བྱས་པ་འོས་ ཤིང་འཚམས་ལ་ཚད་དང་རན་པས་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་མཚོན་ཡོད་པ་དང་། རྟོག་བཏགས་དང་འཆར་ཡན་སྤངས་ནས་དངོས་ཡོད་འཚོ་བའི་གནས་ཚུལ་ཇི་བཞིན་ཞིབ་འབྲི་མཛད་པས། རྩོམ་གྱི་ནང་དོན་འཚོ་བ་དངོས་དང་ཐག་ཉེ་ལ། དེས་ང་ཚོར་བདེན་པ་བདེན་ཐུབ་ཀྱི་ཚོར་སྣང་ཟབ་མོ་ཞིག་སྦྱིན་ནུས་པ་དང་། འཚོ་བའི་ཉམས་དང་བྲོ་བ་མངོན་པར་ཐོན་ཡོད། དེ་ མིན་ཚིག་སྦྱོར་གསོན་ཉམས་ལྡན་ཞིང་ཁ་གསལ་ལ་གོ་སླ་བའི་ཁྱད་ཆོས་ལྡན་ཡོད་ཅིང་། བྱུང་རིམ་གྱི་ངོས་ནས་བཤད་ཀྱང་། སྒྲུང་གི་བྱུང་རིམ་རྒྱུ་འབྲས་ཀྱི་ཚུལ་དུ“རྒྱལ་པོ་གཤེགས་སོང་། དེ་ནས་བཙུན་མོ་ཡང་གཤེགས་སོང”ཞེས་པའི་འབྲི་ཚུལ་མ་ཡིན་པར་“རྒྱལ་པོ་གཤེགས་སོང་། བཙུན་མོ་ཡང་སེམས་སྡུག་གིས་གཤེགས་སོང”ཞེས་པ་ཡིན་པས་སྒྲུང་གི་བྱུང་རིམ་སྤེལ་སྟངས་ལ་དང་དོད་ཆེན་པོ་བྱེད་པ་ལྷུར་བླངས་ཡོད་པའོ། དེ་བཞིན“འགྲོ་ཞི་མི་ལས་མཁས་པ་དང་། སྡོད་རི་བོང་ལས་ཙོག་པ” “མི་དཀར་པོ་གངས་རི་ལྟ་བུ་ལ། ཞྭ་ནག་པོ་ཕོ་རོག་གི་མཇུག་སྒྲོ་ལྟ་བུ”“གཡག་མ་རྡུང་རྭ་ཅོ་མར་གྱིས་བརྒྱན། དྲིན་མ་ཚོར་བདག་པོར་རྭ་རྡུང་འབུད”“ཁྱེད་རང་ན་རོ་སྐྱིད་པ་ཁྲི་ཐོག་དང་། ང་ཚོ་ཞབས་ཀྱུ་གུག་པ་གདན་འོག”ལ་སོགས་པའི་གཏམ་དཔེ་དུ་མ་བཀོལ་སྤྱོད་བྱས་ཡོད་པས། ཚིག་སྦྱོར་རྣ་བར་སྙན་ཞིང་འཇེབས་ལ། ཚིག་དོན་གནད་ལ་འཁེལ་བའི་ཁྱད་ཆོས་དུ་མ་ལྡན་ཡོད་པའོ།། འོན་ཀྱང་རྩོམ་དེ་ཡོན་ཏན་ཀུན་རྫོགས་དང་སྐྱོན་ཏིལ་འབྲུ་ཙམ་ཡང་མེད་པ་མ་ཡིན་ཏེ། མའོ་ཏུན་དཔྱད་བརྗོད་ཕྱོགས་བསྒྲིགས(矛盾评论文集)ནང་དུ། “ཡུལ་ལྗོངས་འབྲི་བཞེངས་ཀྱི་ཚན་པ་གང་ཞིག  དེ་ཇི་འདྲའི་ཡིད་སེམས་འཕྲོག་ཐུབ་པ་ཞིག་ཏུ་བྲིས་ཡོད་ཀྱང་། གལ་ཏེ་རྩོམ་པ་པོས་རང་ཆ་ནས་མྱོང་རོལ་བྱས་པ་ལས། རྩོམ་གྱི་མི་སྣའི་མིག་དབང་དང་མི་སྣའི་སྐབས་ཐོག་གི་བསམ་བློ། ད་དུང་སེམས་ཁམས་བརྒྱུད་པའི་མི་སྣའི་ཡུལ་ལྗོངས་ཀྱི་མྱོང་ཚོར་བྲིས་པ་ཞིག་མིན་ན། དེ་ནི་གང་ཡང་མེད་པའི་རྒྱན་ཆ་ཙམ་དུ་གྱུར་པའོ”ཞེས་གསུངས་པས། རྩོམ་དེའི་ནང“ནམ་མཁའི་སྐར་ཚོགས་ཅི་འདྲའི་བག་ཡངས་ཤིང་། སྤྲིན་དཀར་ཚོམ་བུ་འགའ་མཁའ་དབྱིངས་སུ་བག་བདེར་རྒྱུ”ཞེས་པ་དང་། “ཤངས་ཆུ་གཙང་པོ་ནི་ད་དུང་དབྱར་གྱི་ཟིལ་ཉམས་མ་ཉམས་པར་འུར་སྒྲ་དང་བཅས་མདུན་ཕྱོགས་སུ་རྒྱུགས་བཞིན་མཆིས”ཞེས་པ།“ཞོགས་པའི་ཉི་གཞོན་གྱི་ཟེར་མདངས་ཤངས་ཆུ་གཙང་པོའི་ནུབ་ཕྱོགས་ཀྱི་གངས་རིའི་རྩེ་མོར་འཕྲོས་མ་ཐག་རབ་དཀར་གངས་རིའི་དབུ་རྩེར་གསེར་ཞུན་བྱུག་པ་ལྟར་དུ་སྣང་ཞིང་། མཐའ་འཁོར་གྱི་ཁོར་ཡུག་ཀུན་དེ་བས་མཛེས་སྡུག་ལྡན་པར་མངོན”ཞེས་ཁོར་ཡུག་མཚར་སྡུག་ལྡན་ཞིང་ཉམས་ལྡན་པ་ཞིག་བྲིས་གནང་འདུག་ཀྱང་། དེ་དག་ཞིབ་འབྲི་མཛད་པས་དམིགས་ཡུལ་ཁ་གསལ་མེད་ལ། དེས་མི་སྣའི་སེམས་ཁམས་ཀྱི་བགྲོས་དང་བསྟུན་མེད་པས། རྩོམ་ནང་ནུས་པ་གང་ཡང་ཐོན་མེད། དེ་ལས་ལྡོག་སྟེ་མི་སྣའི་སེམས་ཁམས་གསལ་སྟོན་བྱ་རྒྱུར་ལྡོག་ཕྱོགས་ཀྱི་ནུས་པ་འབའ་ཞིག་ཏུ་གྱུར་ཡོད་པས། ཡུལ་ལྗོངས་བཀོད་འབྲི་དེ་བཀོད་འབྲི་ཡི་ཚུལ་ཡོད་པ་ཙམ་ལས་བཀོད་འབྲི་རྣལ་མ་ཞིག་ཞིབ་འབྲི་བྱ་ཐུབ་མེད། དེ་བཞིན་བརྩམས་སྒྲུང་དེ་ལ་གཏམ་རྒྱུད་ཀྱི་ཤས་ཆེ་ བ་དང་། མི་སྣ་དེ་སྐྱོ་གདུང་གིས་གཟིར་རྐྱེན་རང་སྲོག་ལྕེབས་པའི་བསམ་བློ་འཁོར་ཚུལ་བྲིས་པས། དེར་ཀློག་པ་པོར་བག་ཆགས་བཟང་པོ་ཞིག་འཇོག་མ་ནུས་པ་ཡིན་ལ་དགེ་མཚན་གྱིས་དབུལ་བ་ཞིག་རེད་སྙམ། དེ་བཞིན་རྩོམ་གྱི་ནང་རྒན་བསམ་འཕེལ་ལགས་ནི་ཅི་འདྲའི་བཟང་ཚུལ་དང་། ཨ་ཅག་ལྷ་མོ་ལགས་ནི་དེ་ཙམ་གྱི་མི་བློ་མེད་ཞིག་ཡིན་ཚུལ་སོགས་ཞིབ་འབྲི་རྒྱས་པར་བྱས་འདུག་པས་དེ་ནི་རྩོམ་དེ་ལ་ཆ་མཚོན་ནས་བཤད་ན་དགོས་པ་ཆེན་པོ་མེད་པར་འདོད་ཅིང་། རྩོམ་ནང་གི་མི་སྣ་ཕན་ཚུན་བར་གྱི་ཁ་བརྡའི་ཚིག་དག་ཡིག་སྐད་ཀྱི་ཤས་ཅུང་ཆེ་བར་སྣང་བས། གལ་ཏེ་མི་སྣའི་སྐད་ཆའི་ཁྲོད་དུ་དབུས་གཙང་ཁུལ་ གྱི་ཡུལ་སྐད་ཕྲན་བུ་བཀོལ་ན་ཅུང་ལེགས་སྙམ།

དཔྱད་གཞིའི་ཡིག་ཆ།《གངས་རྒྱན་མེ་ཏོག》2011ལོའི་འདོན་ཐེངས་གསུམ་པ། ཤོག་ངོས། 71--72
《རྩོམ་རིག་གཞུང་ལུགས་གནད་བསྡུས》རྡོ་རྗེ་རིན་ཆེན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། 1998ལོའི་ཟླ10པར་པར་གཞི་དང་པོ་བསྒྲིགས་པ་དང་། 2008ལོའི་ཟླ4པར་པར་ཐེངས་གསུམ་པ་བརྒྱབ། ཤོག་ངོས། 214
③⑦⑨⒀⒂⒃⒄བོད་ཀྱི་རྩོམ་རིག་དཔེ་ཚོགས་《དུས་རབས་ཀྱི་མེ་ལོང》--བོད་ཀྱི་བརྩམས་སྒྲུང་དང་དཔྱད་བརྗོད་བསམས་སྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་ཟླ6པར་པར་གཞི་དང་པོ་བསྒྲིགས་ཤིང་དཔར་ཐེངས་དང་པོ་བརྒྱབ། ཤོག་ངོས། 177、150、180、155--166、150、150、152ལ་གསལ།
鲁枢元等的《文学理论》华东师范大学出版社  2006年 P15--17
《བོད་ཀྱི་རྩོམ་རིག་སྒྱུ་རྩལ》2011ལོའི་འདོན་ཐེངས་བཞི་པ། ཤོག་ངོས། 110
⑥⑾⑿ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བདུད་ལྷ་རྒྱལ་ལགས་ཀྱི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ།《བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ》ཞེས་པའི་ནང་གསལ།
《美学自学考试大纲》全国高等教育自学考试指导委员会制定 P19
《རྩོམ་ལ་འཇུག་ཚུལ་རིག་བརྒྱའི་སྒོ་འབྱེད་ངོ་མཚར་འཕྲུལ་གྱི་ལྡེ་མིག》ཁྲི་བསམ་གཏན་དང་རྣམ་སྲས་གཉིས་ཀྱིས་བརྩམས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ6པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་བཏབ། ཤོག་ངོས། 244
 

 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།