《ཨ་མ་ལགས། ང་ཞེད་ཀྱིན་འདུག》གི་ཕྲན་དཔྱད།

རྩོམ་པ་པོ།:རེ་རྐང་གླིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-21 10:41:00 ཀློག་གྲངས།:

 ཨ་མ་ལགས།  ང་ཞེད་ཀྱིན་འདུག

                                   ལྗང་བུ།

ཨ་མ་ལགས   བར་སྐོར་གྱི་སྲང་ལག་ཅིག་གི
སྒོ་ར་ཪྙིང་པ་ཞིག་གི་ཁང་མིག་ཆུང་ཆུང་ཞིག་ཏུ
དོ་དགོང་ཡང་ང་རང་ཞག་སྡོད་བྱས   ཇི་ལྟར་སླེབས་པ
མུན་ནག་གི་ཁང་མིག་འདི་རུ་ཇི་ལྟར་སླེབས་པ
ང་ལ་སྨྲ་ཐབས་བྲལ    སྤྲང་མོ་ཞིག་གི་ཕྱིར་དུའམ
ལོ་རྒྱུས་ཀྱི་ཡུགས་ས་མ་ཞིག་གི་ཕྱིར་དུ   ཡང་ན
ཕྱིར་ཁྱིམ་ལ་ལོག་པའི་ལམ་གླ་ཙམ་གྲོན་པའི་ཕྱིར་དུ
ང་རང་བྲོས་བྱོལ་བྱེད་ཀྱིན་པའི་ཉེས་ཅན་ཞིག་དང་འདྲ་བར
སྐྱོ་ངལ་དང་དངངས་འཚབ་ཉིས་འདྲེས་ཀྱིས་དེད་དེ
བརླན་གཤེར་ལྡན་པའི་ཉལ་ཆས་ཧྲལ་ཧྲུལ་ཞིག་ཏུ་འཛུལ་དགོས་བྱུང
ཨ་མ་ལགས   མཁུར་ཚོས་ལ་དམར་མདངས་ཅུང་ཟད་རྒྱས་པའི་ཨ་མ
ཞག་གང་པོར     ང་རང་གཉིད་ཀྱི་བདེ་བ་དང་བྲལ་སོང
ལམ་བར་གྱི    ཆར་ཐིགས་ཀྱིས་བྲན་པའི
རྡོ་གཅལ་གྱི་ལམ་ཕྲན་དང  མུན་ནག་ཁྲོད
ཟ་ཟིའི་ངང་ངུ་ཞིང་འཁུན་པའི་སྒྲོལ་མ་མེ་ཏོག་ཁ་ཤས་ལས
བདག་གིས་ངང་ཚུལ་གཞན་ཅི་ཡང་དྲན་གྱི་མི་འདུག
ངས་ཁང་མིག་འདི་དང་ནང་གི་བཀོད་པ་འདི་རྟོག་བཟོ་བྱས
ལམ་ཕྲན་དང་མེ་ཏོག་རྣམས་རྟོག་བཟོ་བྱས   དགེ་འདུན་ཆོས་འཕེལ་བྱ་བའི
བརྟག་པ་མཐའ་བཟུང་གི་སྙན་ངག་པ་འཁྱམ་པོ་ཞིག་རྟོག་བཟོ་བྱས
ངས་ཁོ་རང་ཁང་མིག་འདིའི་ཉལ་ཆས་གང་རུང་ཞིག་ཏུ་བཅུག
ཨ་མ་ལགས   གློ་བུར་ངང་རྒས་ཉམས་ཅུང་ཟད་དོད་པའི་ཨ་མ
ཆར་བ་འབབ་མཚམས་ད་དུང་ཆད་མི་འདུག    ངའི་སྣང་ངོར
དེ་ནི་དམར་པོ་ཞིག་ཡིན་འོས་ཏེ    གནམ་རྒན་མའི་རྨ་ཁ་ནས
ཤག་ཤག་འཛར་བའི་ཁྲག་ཐིགས་ཀྱི་ཆར་ཞོད་ཆེན་པོ་ཞིག་ཡིན་འོས་སྙམ
ལམ་ཕྲན་དེ་དང་སྒྲོལ་མ་མེ་ཏོག་དེ་ཚོ     གཞན་ཡང
ཅི་ཞིག་དམར་མདོག་གིས་བརླན་ཡོད་ཚོད་ཡིན་ལགས
ངའི་སེམས་པ་བརླན་གཤེར་གྱིས་འཛིན་གྱིན་འདུག
ལག་པ་ཆུང་ཆུང་ཕར་བསྲིང་ན
མཛུབ་བར་ནས་གཤེར་ཁུ་དམར་པོ་ཞིག་འཛར་འོང་ངམ
ཉལ་ཆས་ཧྲལ་ཧྲུལ་དེ་བརླན་གྱིས་བཟུང་བའི་རྒྱུ་མཚན་ཡང
བདག་གིས་གཞི་ནས་ཧ་གོ་བཞིན་ཡོད་པ་འདྲ
ཁང་མིག་འདི་གཤིན་པོའི་རྣམ་ཤེས་སྐུང་ས་ཞིག་དང
ང་རང་གཅིག་པུ་ལ་ཞེད་སྣང་སྐྱེ་ས་ཞིག་ཡིན་ཚོད་རེད
ཨ་མ་ལགས    སང་ཉིན་ང་ཡིས་ཅི་ཞིག་བྱ་དགོས་ཨང
                                      ༢༠༠༠.༩.༢༢ཉིན་ལྷ་སའི་མགར་ཁང་དུ།

        [ཕྲན་དཔྱད།  རེ་རྐང་གླིང་།]      ལྗང་བུའི་སྙན་ངག་དག་ཀློག་དུས་སུ་སྲོལ་རྒྱུན་གྱི་མིག་དབང་དེས་སྙེག་སྙེག་ན་མཐར་ཐུགས་འབབ་ས་ཞིག་ལ་ཐོན་ངེས་ནའང་།དེས་ནི་སྙན་ངག་བརྩམས་ཆོས་གང་དེའི་བླ་སྲོག་ཧྲིལ་བོ་རྨང་ནས་བཅོམ་ཚར་ཡོད་པས།ཀློག་པ་པོ་རྣལ་མ་ཞིག་གི་ངེས་ནས་བཤད་ན་ཆེས་མ་རུང་བའི་ཉེན་ཁ་དེ་ཡང་སྣང་ཚུལ་དེ་ཡིས་བཟོ་བཞིན་ཡོད།སྤྱིར་དེང་རབས་སྙན་ངག་དེའི་སྒྲིག་གཞི་དང་སྣང་ཚོར་གྱི་མཛེས་འཛིན་སོགས་གང་ལའང་སྲོལ་རྒྱུན་སྙན་ངག་གི་སྒྲིག་ལམ་ཞིག་བཟོས་ནས་ཡོད་པས།རྩ་བ་ཉིད་དུ་མིག་དབང་གསར་བ་ཞིག་གིས་སྙན་ངག་ལ་གོ་བ་བརྒྱག་རྒྱུ་དེ་ཧ་ཅང་གིས་དཀའ་ནའང་།སྐབས་ཕྱེ་ཡིས་བླང་དོར་ཡོད་པའི་སྒོ་ནས་གོ་བ་བརྒྱབ་པ་ཡིན་ན་སྣང་ཚུལ་དེའི་རིགས་ལ་ཅུང་གསལ་ཁ་འབྱེད་ཐུབ་པར་སྣང་སྟེ།  དེ་ཡང་ལྗང་བུ་དང་འཇུ་སྐལ་བཟང་།གཅན་མེ་སྟག་སོགས་ཀྱིས་མཚོན་པའི་སྙན་ངག་པ་རྒན་གྲས་སྐོར་ཅིག་ལ་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་སྟུག་པའི་ཁར།རྒྱ་ཡིག་གི་ལམ་ནས་ཀློག་འགྲེལ་བྱེད་པའི་མིག་དབང་གིས་ལོངས་ནས་ཡོད་པས།ཁོ་ཚོས་བརྩམས་ཆོས་དེའི་རིགས་ཀློག་སྐབས་སུ་ཆེས་ཐོག་མའི་འདུ་ཤེས་འཛིན་སྟངས་དེ་གཙོ་བོ་ཡིད་ཆེས་ཀྱི་དད་སྟོབས་ཤིག་གིས་བཀླག་ན་མ་གཏོགས།དོགས་པ་དང་འགྲན་སེམས་ཀྱིས་ནི་ཡོང་བར་མི་རིགས།
       དེ་ལ་དཔེར་མཚོན་གྱི་ཚུལ་དུ་ལྗང་བུས་《ཨ་མ་ལགས།  ང་ཞེད་ཀྱིན་འདུག》ཅེས་པའི་སྙན་ངག་བརྩམས་ཆོས་འདི་ལྟ་བུར་ཆ་མཚོན་ནས་བཤད་ནའང་།རྒྱུན་ལྡན་གྱི་ཀློག་པ་པོ་ཞིག་གི་མིག་དབང་ལྟར་བཀྲལ་ན།ཨ་མ་ལགས/བར་སྐོར་གྱི་སྲང་ལག་ཅིག་གི/ཞེས་པ་དེ་དུམ་ཚན་དང་པོ་དང་།ཨ་མ་ལགས/མཁུར་ཚོས་ལ་དམར་མདངས་ཅུང་ཟད་རྒྱས་པའི་ཨ་མ/ཞེས་པ་ནས་དུམ་ཚན་གཉིས་པ། ངས་ཁང་མིག་འདི་དང་ནང་གི་བཀོད་པ་འདི་རྟོག་བཟོ་བྱས/ཞེས་པ་ནས་དུམ་ཚན་གསུམ་པ།  ཨ་མ་ལགས/གློ་བུར་ངང་རྒས་ཉམས་ཅུང་ཟད་དོད་པའི་ཨ་མ/ཞེས་པ་ནས་དུམ་ཚན་བཞི་བ་ཡིན་པ་བྱས་ཏེ་གོ་བ་བརྒྱབ་པ་ཡིན་ན་སྲོལ་འགྲོས་ལྟར་ཤིན་ཏུ་གོ་ཐུབ་པ་ཞིག་ནི་བུ་ཆུང་ཞིག་གིས་རང་གི་ཨ་མ་དེ་དྲན་གྱིན་པའི་སེམས་ཚོར་དྲགས་པོ་དེ་བསྟན་ནས་ཡོད་པ་རེད་མ་གཏོགས། 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།