《ཨ་མ་ལགས། ང་ཞེད་ཀྱིན་འདུག》གི་ཕྲན་དཔྱད།

རྩོམ་པ་པོ།:རེ་རྐང་གླིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-21 10:41:00 ཀློག་གྲངས།:
སྙན་ངག་པ་གང་དེས་སྟོན་འདོད་པའི་སེམས་ངོ་སྐོར་ཅིག་མག་མོག་གིས་ཡིད་ལ་འཇགས་དཀའ་བ་རེད།དེ་བས་ང་ཚོས་ཅུང་གཟབ་ཉན་གྱི་ལས་ཀར་འཇུས་ཏེ་སྙན་ངག་ཧྲིལ་བོ་དཀྱུས་གཅིག་ཏུ་བལྟས་ནས་དུམ་ཚན་དགར་སྟངས་ལ་དང་དོད་མ་བྱས་པར་བརྩམས་ཆོས་ཀྱིས་རང་ཉིད་ལ་བཞག་པའི་ནུས་སྟོབས་དེ་དང་སྙན་ངག་པ་ཁོང་ཉིད་རང་ཉིད་ཡིན་པའི་གཟུགས་སུ་བཀོད་པ་ཡིན་དུས་ད་གཟོད་སྙན་ངག་གི་ཁྲོད་དུ་བསྐུངས་པའི་ཡིད་གཟུགས་དང་བསྟན་དོན་ཁ་ཤས་ཤིག་ལྷང་ལ་འབུད་སླ་བ་ནི“སྒོ་ར་ཪྙིང་བ”དང་“ལོ་རྒྱུས་ཀྱི་ཡུགས་ས་མ”“སྒྲོལ་མ་མེ་ཏོག”“དགེ་འདུན་ཆོས་འཕེལ”སོགས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བསྟན་དུ་ཡོད་པའི་ཐ་སྙད་སྐོར་ཅིག་ཡིན་ལ།བསྟན་དོན་དེའི་འདེགས་ཤུགས་ཀྱི་ཁྲོད་དུ་རང་གི་སེམས་ངོར་སླར་ཡང་སྙན་ངག་བརྩམས་ཆོས་ཁྲོད་ཀྱི་ཐ་སྙད་དང་འབྲེལ་བ་མེད་པའི་ཡིད་གཟུགས་སྐོར་ཅིག་དྲན་ངེས་པ་ནི།ལྷ་ས་དང་རིག་གནས།ཕ་ཡུལ་དང་བཙོན་ཁང་སོགས་རེད་ལ།སྣང་སྟོབས་དེས་སྐྱེད་པའི་དྲན་འཆར་གྱི་བསམ་ཤེས་དེའི་ད་གཟོད་སྐྱེས་པོ་སོ་སོའི་རང་རང་གི་ཨ་མ་དྲན་ཚུལ་ལ་རིགས་མི་འདྲ་བ་དང་ཚད་མི་འདྲ་བའི་མཚོན་སྟོབས་རེ་ཡོད་པ་གསལ་རྟོགས་ཐུབ་ཅིང་།གོང་གི་ལྗང་བུ་ལགས་ཀྱི་སྙན་ངག་འདིའི་རིགས་ཡུམ་ཆེན་མ་སྒེར་ལ་སེམས་ངོ་སྟོན་པའི་སྡུག་སྐད་ཅིག་ནི་མ་ཡིན་པར་རེ་སྟོང་དང་གྱེས་བྲལ།ཤུབ་བཤད་དང་ཁེར་འདུག་ལྟ་བུ་ཞིག་གི་ངོས་ནས་རང་ཅག་ལ་བསྟན་པ་ནི་སྲིད་པའི་འཇིག་རྟེན་གྱི་དར་རྒུད་དང་སྣང་བའི་འཇིག་རྟེན་གྱི་བོར་བརླག་གི་སྟོང་ཆ་དེ་བསྟན་ནས་ཡོད་པ་ཧ་གོ་ཡོང་།  དེ་ལས་ཡང་བསྐྱར་སྙན་ངག་པ་གང་དེའི་བསམ་ཤེས་ཀྱི་ཁྲོད་དུ་འཚོལ་སྙེགས་ལ་བྲེལ་བའི་འདུན་པ་དེ་སྤྱི་མཚོན་གྱི་རང་བཞིན་ཐུབ་པའི་མཚོན་དོན་ཞིག་ལ་སྙིང་སྟོབས་ཆེན་པོས་བཅར་བ་ཡིན་ན་ང་ཚོས་སླར་ཡང་སྙན་ངག་བརྩམས་ཆོས་དེའི་ཡང་ཏིག་སྙིང་བོ་ལ་བསམ་བློ་འཁོར་དགོས་ཏེ།སྒྱུ་མའི་ཐ་སྙད་ཀྱི་གཞུང་དུ་སིམ་པའི་སྙན་ངག་གི“བརྡ་རྟགས”ལ་མནོ་བསམ་གཏོང་དགོས་པ་ནི།སྙན་ངག་བརྩམས་ཆོས་ཀྱི་མགོ་མཇུག་གང་རུང་དུ་གནས་པའི་“བརླན་གཤེར”གྱི་མཚོན་དོན་དེ་རེད་ལ།མཚོན་དོན་དེའི་ལྷུན་ཆགས་ཀྱི་ངོ་བོ་ལྟར་འགྱུར་བའི་མཚམས་ཚིགས་སུ་ཁ་དོག“དམར་པོ”ཞིག་གིས་གསལ་འགྲེལ་བྱས་པ་དེས་སྙན་ངག་བརྩམས་ཆོས་དེ་ཡི་ཚོར་བས་ཟིན་ས་དང་དབང་ཤེས་ཀྱི་ཚད་རིམ་དེ་རྟོག་པ་ཐོལ་བརྒལ་གྱི་ལམ་དུ་བསྙེགས་སུ་བཅུག་ཡོད་པས་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་འཚུབ་པོ་དེ་གནས་འདི་ག་ནས་ཪྙེད་ཐུབ་ལ།སྙན་ངག་ཀློག་པའི་མྱོས་སྣང་གི་ཚོར་བ་ཟ་ཟི་དེ་ཡང་ད་གཟོད་ཕྱི་དང་ནང་གི་བར་དང་བྲང་ཁ་དང་སེམས་པའི་བར་དུ་འཇོག་ཤེས་ཡོད་པ་རེད།  
         སྤྱིར་ན་སྙན་ངག་བརྩམས་ཆོས་གང་ཞིག་ཡིན་པས་ཀྱང་རང་གི་འཇུ་སྟོབས་ལྟར་གོ་བ་བརྒྱག་རྒྱུ་དེ་ཧ་ཅང་གིས་གལ་ཆེ་ལ་དེ་ལས་འབྲེལ་མེད་འཆར་ཅན་གྱི་ཐ་སྙད་ཁ་ཤས་ཤིག་སྤངས་དགོས་པ་ནི་དཔེར་ན་《ཨ་མ་ལགས།  ང་ཞེད་ཀྱིན་འདུག》ཁྲོད་ཀྱི“བརྟག་པ་མཐའ་བཟུང་གི་སྙན་ངག་པ”ལྟ་བུ་ཆ་མཚོན་ནས་བཤད་ན་དེ་ཉིད་སྙན་ངག་པ་གང་དེའི་རང་འགར་ལོབས་ཕྱོགས་ཤིག་གམ་སེམས་ལ་འཆར་ཚུལ་ཞིག་གིས་རྒྱུན་ལྡན་གྱི་ཐ་སྙད་ཅིག་གི་ཚབ་བྱེད་རེད་མོད་ཀྱང་ཀླད་པ་ཡོད་མདོག་གི་ཀློག་མཁན་སྐོར་ཞིག་གིས་ནི“རྟག་པ་མཐའ་བཟུང”ཞེས་པའི་ཐ་སྙད་ཀྱི་ལྗིད་ཤུགས་ལྟར་སྙན་ངག་རང་སྟེང་གི་ཁྱད་ཆོས་སོགས་ལ་ཅི་མི་སྙམ་པར་ཆེད་དུ་ཐ་སྙད་འདིའི་རིགས་ཁོ་ནར་བསམ་བློ་གཏོང་ཞིང་།དེ་ལས་རྒྱ་ཆེན་པོ་ཞིག་ལ་རེ་བ་བྱེད་པ་ནི་རྩད་པ་བཏང་ནས་ཡལ་གར་འཇུ་བ་དེ་ཙམ་ཞིག་རེད་འདོད་ལ།སྐྱོན་འདི་གོང་དུ་ཤོད་ཟིན་པའི་སྙན་ངག་པ་འཇུ་སྐལ་བཟང་སོགས་ལའང་ལྡན་ནས་ཡོད་པས་གཟབ་པར་རིག་གོ །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།