ཆར་ཁྲོད་ཆུ་རྫིང་ཞིག་ཏུ་རྐྱལ་ལ་རྩེན།
རྩོམ་པ་པོ།:ལྡོང་བུ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2025-08-06 14:24:01
ཀློག་གྲངས།:
ཆར་བ། ཆུ་རྫིང་། རྐྱལ་རྩེད་བྱེད་པ། ཐ་སྙད་འདི་དག་གིས་གྲུབ་ཅིང་རང་རེའི་ཡི་གེར་བསྒྱུར་ན་སྙན་ཆ་དེ་ཙམ་མེད་པའི་ཚིག་ཕྲེང་འདིའམ་ཁ་བྱང་འདིས་དང་པོ་ང(ཚོ)ཡི་སེམས་ལ་བག་ཆགས་གཏིང་ཟབ་པ་ཞིག་འཇོག་དཀའ་སོང་། སྙན་ཆ་ཞེས་པ་ཡིག་ཐོག་དང་སེམས་ཁམས་གཉིས་ཐད་ནས་ཤོད་ཀྱི་ཡོད། ཡིད་བརྙན་འདི་དག་གིས་དངོས་ཡོད་ཀྱི་གནས་སྟངས་ཤིག་ཤོད་ཀྱི་ཡོད་དམ། ཡང་ན་དེ་ལས་ལྐོག་ཏུ་གྱུར་པའི་གནས་ལུགས་ཤིག་སྟོན་གྱི་ཡོད། ཇོར་ཇི·སང་ཏེར་སི་ཡི་ཁྲིད་ཡིག་དཔེ་དེབ་འདིའི་ཀློག་པ་པོ་དག་གིས་ཐོག་མར་དྲི་བ་འདི་འདྲ་ཞིག་འདྲི་སྲིད། ཡང་ན་འདྲི་འོས།

ཇོར་ཇི·སང་ཏེར་སི།
2021ལོར་པར་དུ་བཏབ་པའི་ཁྲིད་ཡིག་དཔེ་དེབ་འདི་ནི་རྩོམ་པ་པོ་ཁོང་གི་དེང་རབས་ཕྱི་མའི་ལུགས་ཀྱི་སྒྲུང་རིང་གྲགས་ཅན་བར་དོ་ཡི་ལིན་ཁོན་ལ་པུ་ཁེར་བྱ་དགའ་ཐོབ་རྗེས་དཔེ་སྐྲུན་མཛད་པའི་དཔེ་དེབ་གསར་ཤོས་རེད། ཁ་མཚར་ནག་པོ་ལ་དགའ་ཞིང་བརྩམས་སྒྲུང་ལས་མི་སེམས་ལ་ཤེས་རབ་དང་བདེ་སྐྱིད་རྙེད་ཐུབ་པར་ཡིད་ཆེས་བྱེད་མཁན་ཁོང་ནི་ཤཱཀྱ་ཐུབ་པའི་བསྟན་པའི་རྗེས་འཇུག་པ་ཞིག་ཀྱང་ཡིན་པར་གྲགས། བར་དོ་ཡི་ལིན་ཁོན་ནང་དུ་བོད་དར་ནང་བསྟན་གྱི་ཤུགས་རྐྱེན་མངོན་ཡོད་ལ། ཁ་མཚར་དང་ཡིད་ཆེས་དེ་དག་ཁྲིད་ཡིག་དཔེ་དེབ་འདིའི་ག་ས་གང་དུ་རྙེད་ཐུབ། ཁོང་གི་ཆོས་དཔེ་ལྟ་བུའམ་སྦས་དོན་ཅན་གྱི་སྒྲུང་ཐུང་དག་གི་ནང་དུ་རང་སྲོག་གཅོད་མཁན་སོགས་ཆག་གྲུམ་ཤོར་བའི་མི་སྣས་ཁེངས་ཡོད་པས། རེ་ཐག་ཆད་ལ་སྐྱོབ་ཐབས་བྲལ་བའི་མི་ཚེ་ནི་ཁོའི་བརྩམས་ཆོས་ཀུན་ལ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་རེད། སྐྱོབ་པ། འཇིགས་པ་སྣ་ཚོགས་ལས་སྐྱོབ་པ། ཁོས་ཐ་ན་བརྩམས་སྒྲུང་ཞེས་པའི་རྩོམ་ལུས་འདི་ནི་འཇིགས་པ་སྣ་ཚོགས་ལས་སྐྱོབ་བྱེད་ལྟ་བུ་ཞིག་ཏུ་ངོས་བཟུང་ཡོད། ཁྲིད་ཡིག་དཔེ་དེབ་འདིར་བདམས་པའི་དུས་རབས་བཅུ་དགུ་པའི་ནང་གི་ཨུ་རུ་སུའི་སྒྲུང་ཐུང་བདུན་པོ་ཡིས་ཀྱང་སྐྱོབ་པ་རིགས་ཤིག་གམ། སྐྱོབ་པ་ལས་ཕམ་ཁ་ཉོས་པ་བྲིས་ཡོད།སྔ་མ་སྔ་མའི་རྩོམ་རིག་བསྟན་བཅོས་དང་གསུང་རབ་དག་ལ་མཐོང་སྣེ་མི་འདྲ་བའི་འགྲེལ་བཤད་དང་གསར་ཀློག་རྒྱག་པ་ནི་ནུབ་ཕྱོགས་རྩོམ་པ་པོ་གལ་ཆེན་ཁག་ཅིག་གི་སྲོལ་རྒྱུན་ལྟ་བུ་ཞིག་ཏུ་ཆགས་ཡོད། དེང་རབས་རིང་ལུགས་ནས་བརྩི་བར་བྱས་ནའང་མིང་ཐོ་རིང་མོ་ཞིག་ང་ཚོའི་མིག་ལམ་དུ་བསྟར་ཡོད། ——ཨེ་ལིའོ་ཐི། ཝོལ་ཧྥུ། སར་ཐྲེ། ཁལ་ཝི་ནོ། ཧེ་ནི། ན་བྷོ་ཁོབ། ཁུ་ཆེ། བྷུ་རོད་སི་ཀེ། སང་ཏེར་སི། ——ཁོ་ཚོ་ནི་ཆེད་ལས་སྐྱོན་བརྗོད་པ་མིན་ལ་གཞུང་ལུགས་སྨྲ་བའང་མ་ཡིན་པར་སྙན་ངག་པ་དང་བརྩམས་སྒྲུང་བ་འབའ་ཞིག་སྟེ། ཁོ་ཚོས་ནུབ་ཕྱོགས་རྩོམ་རབ་དག་ལ་རང་ཉིད་ཀྱི་དུས་རབས་དང་གནས་སྟངས་གཞིར་བྱས་ནས་དཔྱད་པ་གསར་པ་བརྒྱབ་ཅིང་ཚེ་སྲོག་གསར་པ་བསྩལ་ཡོད། དེ་ནི་རྩོམ་པ་པོ་དེ་དག་གི་ཀློག་པའི་སྟོབས་ཤུགས་ལས་བྱུང་བ་ཞིག་རེད། རྩོམ་པ་པོ་དག་ལ་མཚོན་ན་རྩོམ་རབ་དེ་དག་ནི་ཁ་མིག་ཡར་ལྟ་བྱེད་ཡུལ་ཡིན་པ་སྨོས་མ་དགོས་ནའང་དེ་ལས་བརྒལ་འདོད་ཀྱི་སེམས་ཁྲལ་ལྟ་བུ་ཞིག་ཀྱང་ལོགས་སུ་གནས་ཡོད་པ་རེད། གཞུང་ལུགས་ཁྲོད་དེ་ལ་ཤུགས་རྐྱེན་གྱི་སེམས་ཁྲལ་ཟེར། ཡིན་ནའང་སང་ཏེར་སི་ཡིས་ནི་སེམས་ཁྲལ་གྱི་དབང་གིས་མ་ཡིན་པར། སྔར་བས་ཞིབ་ཕྲ་ལྡན་པའི་སློབ་སྦྱོང་ཐེངས་ཤིག་དང་དཔེ་ལྟ་ཐེངས་ཤིག་གི་ཆེད་དུ་སྒྲུང་ཐུང་དེ་དག་ལ་ཞིབ་ཀློག་བྱས་པ་རེད། དེ་བས་ཀྱང་ཡང་དག་པར་བཤད་ན་སྒྲུང་ཐུང་དེ་དག་གི་དབྱིན་འགྱུར་གཙོ་བོ་གཅིག་དང་གཞན་ཁ་ཤས་བསྡུར་བ་མཛད་པ་ལ་བརྟེན་ནས་ཞིབ་ཀློག་བྱས་པ་རེད།
ཆེ་ཧྭོབ། ཐོལ་སི་ཐོ་ཡེ། གོ་གོལ། ཐུ་གེ་ཉེབ་བཅས་ནི་རང་རེའི་དེང་རབས་སྤྱི་ཚོགས་ལ་ངོ་སྤྲོད་བྱེད་སྔ་ཞིང་འགྱུར་ཀྱང་དུ་མ་ཡོད་པའི་ཨུ་རུ་སུའི་རྩོམ་པ་པོ་གཙོ་བོ་བཞི་རེད། ཡིན་ནའང་ངོ་སྤྲོད་དེ་དག་གིས་སྤྱི་ཚོགས་དང་གྲལ་རིམ་གྱི་མཐོང་སྣེ་ལ་སྤྲོས་བཤད་རྒྱ་ཆེར་བྱས་པ་ལས་ཆོས་ལུགས་དང་རྩོམ་རིག་གི་ཆ་ཤས་ལ་མཐོང་ཆེན་དེ་འདྲ་སྤྲད་མེད། ཐོལ་སི་ཐོ་ཡེ་ཡི་ཀུན་སྤྱོད་དང་ཆོས་ལུགས་ལས་བྱུང་བའི་སྐྱོབ་པའི་བསམ་བློ། ཆེ་ཧྭོབ་ཀྱིས་སྒྱུ་རྩལ་དང་རྩོམ་རིག ཐ་ན་མི་ཐམས་ཅད་ལ་བཅངས་པའི་འདྲ་མཉམ་ཀྱི་སེམས་ཤུགས་དང་སྙིང་རྗེའི་སེམས་བྱུང་། གོ་གོལ་གྱི་དངོས་ཡོད་ལས་བརྒལ་བའི་རྟོག་བཏགས་ཀྱི་རྩོམ་ཉམས་དང་དེ་ཡིས་བསྟན་པའི་ཆོ་མེད་པའི་དངོས་ཡོད། ཐུ་གེ་ཉེབ་ཀྱི་བབ་ཆགས་ལྷུག་པའི་རྩོམ་ཐབས་དང་དེའི་རྒྱབ་རོལ་ལ་གནས་པའི་བསྟན་དོན་གྱི་སྒྲིག་གཞི། ད་དུང་སྒྲུང་ཐུང་གསར་རྩོམ་རང་ངོས་ཀྱི་སྲོག་ཤིང་དང་དཔེ་འགྲོས་ཅན་སོགས། སང་ཏེར་སི་ཡིས་ཆུང་བ་ཡིག་འབྲུ་རེ་རེའི་སྤྱོད་སྟངས་དང་ཚིག་གྲུབ་རེ་རེའི་གྲུབ་ཚུལ་ནས། ཆེ་བ་བརྗོད་པ་ཧྲིལ་པོའི་སྒྲིག་གཞི་དང་སྒྲིག་གཞི་སོ་སོའི་བསྟན་དོན་སོགས་ལ་དབྱེ་ཞིབ་ཕྲ་ཞིང་ཞིབ་པ་བྱས་ཡོད། ཁྲིད་ཡིག་འདི་ནི་འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་ལ་སང་ཏེར་སི་ཡིས་ཁང་གྲོང་སློབ་ཆེན་དུ་དུས་རབས་བཅུ་དགུ་པའི་ཨུ་རུ་སུའི་སྒྲུང་ཐུང་སློབ་ཁྲིད་མཛད་པའི་འབྲས་བུ་ཡིན་ནའང་། ཁོས་རང་ཉིད་སྐྱོན་བརྗོད་པ་དང་རྩོམ་རིག་ལོ་རྒྱུས་སྨྲ་བ་མིན་ལ་ཨུ་རུ་སུའི་རྩོམ་རིག་ཆེད་མཁས་པ་དེ་བས་ཀྱང་མིན་ཞེས་སྨྲས་ཡོད། ཁོའི་སྒྱུ་རྩལ་འཚོ་བའི་ལྟེ་བ་ནི་འགུག་ཤུགས་ཆེ་བའི་གཏམ་རྒྱུད་དང་མགོ་བརྩམས་པ་ནས་མ་བཀླག་ཐབས་མེད་དུ་འགྱུར་བའི་གཏམ་རྒྱུད་ཇི་ལྟར་འབྲི་རྒྱུ་དེ་རེད། “དཔེ་དེབ་འདིའི་དམིགས་ཡུལ་གཙོ་བོ་ནི་འདི་ལྟ་སྟེ། གལ་སྲིད་འགུག་ཤུགས་ཆེ་ལ་མ་བཀླགས་ཐབས་མེད་དུ་འགྱུར་ཞིང་ང་ཚོ་ཀློག་པ་པོ་དག་ལ་བརྩི་མཐོང་བྱེད་པའི་གཏམ་རྒྱུད་ཅིག་དང་འཕྲད་ཚེ། སྒྲུང་ཐུང་དེས་ནུས་པ་དེ་ཇི་ལྟར་ཐོན་པའི་སྐོར་ལ་བརྟག་དཔྱད་བྱ་རྒྱུ་དེ་ཡིན།” ཀློག་པ་པོ་ལ་བརྩི་མཐོང་བྱེད་པ་དེ་གལ་ཆེན་པོ་རེད། སྒྲུང་འབྲི་བ་ནི་རྩོམ་པ་པོ་རང་ངོས་ཀྱི་རྩེད་མོ་ཙམ་མ་ཡིན་པར་ཀློག་པ་པོ་དང་ལྷན་ཅིག་རོལ་བའི་ཁ་བརྡ་ཐེངས་ཤིག་དང་། ཁ་བརྡ་ཐེངས་དེའང་འདྲ་མཉམ་གྱི་ཁ་བརྡ་ཐེངས་ཤིག་རེད། གལ་སྲིད་གཏམ་རྒྱུད་ཅིག་གིས་ཀློག་པ་པོའི་ཉམས་མྱོང་དང་ཤེས་པ་རྩིས་མེད་ངང་དོར་ཡོད་ཚེ། དེ་ནི་འདྲ་མཉམ་གྱི་ཁ་བརྡ་ཞིག་མིན་པས་ཀློག་པ་པོས་དེ་མ་ཐག་ཏུ་གཏམ་རྒྱུད་དེ་ཀློག་མཚམས་བཞག་ཆོག།

ཆར་ཁྲོད་ཆུ་རྫིང་ཞིག་ཏུ་རྐྱལ་ལ་རྩེན།
སང་ཏེར་སི་ཡིས་སྒྲུང་ཐུང་དེ་དག་ལ་དབྱེ་ཞིབ་བྱེད་སྟངས་ཅུང་ཟད་མི་འདྲ། སྒྲུང་ཐུང་དང་པོ་ཆེ་ཧྭོབ་ཀྱི«ཤིང་རྟ་འཁོར་ལོའི་སྟེང་དུ»ཞེས་པ་ལ། ཐེངས་རེར་ཤོག་ལྷེ་གཅིག་རེ་བྱས་ནས་དབྱེ་ཞིབ་བྱས་ཡོད། དེ་ནི་སློབ་ཁྲིད་སྟེང་གི་བཀོད་སྒྲིག་ཡག་པོ་རེད། སྒྲུང་ཐུང་གི་ཤོག་ལྷེ་གཅིག་བཀླགས་རྗེས་གཏམ་རྒྱུད་ཀྱིས་ང་ཚོ་ལ་སེམས་ཁམས་ག་འདྲ་ཞིག་བསྩལ་ཡོད་པ་དང་། ནང་དོན་ག་འདྲ་ཞིག་ང་ཚོས་ཤེས་རྟོགས་བྱུང་བ། ཤོག་ལྷེ་རྗེས་མ་ལ་རེ་བ་ག་འདྲ་འཆང་ཡོད་པ།ང་ཚོས་གཏམ་རྒྱུད་ལ་འཛིན་པའི་འདུ་ཤེས་ལ་འགྱུར་བ་བྱུང་ཡོད་མེད་སོགས་ཏེ། མདོར་ན་ང་ཚོས་གཏམ་རྒྱུད་འདི་མུ་མཐུད་ནས་ཀློག་འདོད་པའི་རྒྱུ་མཚན་ཅི་ཡིན་པ་དེ་རེད། ཐེངས་རེར་ཤོག་ལྷེ་གཅིག་རེ་ནི་སྒྲུང་ཐུང་ཀློག་སྟངས་ཡག་པོ་ཞིག་རེད། དེས་སྒྲུང་ཐུང་ལ་འགུག་ཤུགས་ཡོད་མེད་ཤོད་ཐུབ། ཤོག་ལྷེ་དང་པོས་ཤོག་ལྷེ་རྗེས་མ་ལ་བཀླག་རིན་ཡོད་མེད་ཤོད་ཐུབ། སང་ཏེར་སི་ལ་མཚོན་ན།སྒྲུང་ཐུང་ཞིག་གི་རིན་ཐང་དང་དོན་སྙིང་ངོ་མ་ནི་གཏམ་རྒྱུད་ཧྲིལ་པོས་གྲུབ་པའི་མཇུག་འབྲས་དང་སྡོམ་ཚིག་ལྟ་བུ་དེ་མ་ཡིན་པར། སྒྲུང་ཐུང་ཀློག་པའི་གོ་རིམ་ཁྲོད་དུ་བྱུང་བའི་ཀློག་པ་པོའི་སེམས་ཁམས་ཀྱི་འགྱུར་བ་རེད། འགྱུར་བ་དེ་ནི་ཤོག་ལྷེ་རེ་རེ་བཞིན་འགྱུར་ལྡོག་འགྲོ་ཞིང་རིམ་པ་འཕར་བཞིན་པའི་གཏམ་རྒྱུད་ཀྱི་མ་ལག་གིས་བྱས་པར་མངོན། གཏམ་རྒྱུད། མཚམས་མེད་པར་རིམ་པ་འཕར་གྱིན་པའི་མ་ལག་ཅིག གཏམ་རྒྱུད་ཀྱི་ལག་རྩལ་རང་བཞིན་ཞེས་ཤོད་དུས། སྒྲུང་ཀློག་པའི་ཚོར་བ་བརླག་པར་བྱེད་དོ་ཞེས་པའི་ལྟ་ཚུལ་ཡང་ཡོང་ངེས། དེ་ནི་སྲིད་པ་ཞིག་རེད། ཡིན་ནའང་སང་ཏེར་སི་ཡི་ཕྲ་མཐོང་ཆེ་ཤེལ་ལྟ་བུའི་མིག་ཟུང་གིས་གཏམ་རྒྱུད་ནང་གི་ཐ་སྙད་དང་། ཚིག་གྲུབ། རྗོད་པ། མི་སྣའི་ཆུང་ཞིང་ཕྲ་ནའང་གལ་འགངས་ཆེ་བའི་ཐག་གཅོད་རེ་རེ་རྩོམ་པ་པོའི་སེམས་ཁམས་སུ་ཇི་ལྟར་གྲུབ་ཚུལ་སྐོར་ལ་དབྱེ་ཞིབ་ཕྲ་ཞིང་ཞིབ་ལ་མཛེས་སྡུག་ལྡན་པ་ཞིག་མཛད་འདུག་པ་ནི་ཅིས་ཀྱང་བཀླག་རིན་ཆེ་ལ་གླེང་རིན་ལྡན་པ་ཞིག་རེད། ཁྲིད་ཡིག་ཅིག་ཡིན་པའི་ཕྱིར་སང་ཏེར་སི་ཡི་དཔེ་དེབ་འདི་ནི་གཞུང་ལུགས་ཀྱི་བརྡ་ཆད་ཁ་ཤས་ཀྱིས་བརྒྱན་པར་བྱས་ཡོད་ནའང་། གཙོ་བོ་སློབ་ཁྲིད་སྐབས་ཀྱི་སྐད་ཆ་དཀྱུས་མ་དང་ཁ་བརྡའི་རང་བཞིན་གྱིས་སྤེལ་ཡོད་པས། གཞུང་ཚིག་གོ་དཀའ་བ་དང་ཐ་སྙད་མཁྲེགས་པོ་དེ་འདྲའི་རིགས་ཅི་ཡང་མེད་པར། ཞི་ཞིང་ལྷོད་ལ་ཞིབ་ཚགས་ཀྱིས་ཕྱུག་པའི་ཁ་བརྡ་ལྷུག་པོ་ཐེངས་ཤིག་ལ་རོལ་བ་དང་གཉིས་སུ་མེད། ཁ་བརྡ་ལྷུག་པོ་འདིས་ངང་རྒྱུད་ཐུང་བའི་ཀློག་པ་པོ་རེ་འགའ་སྐབས་རེར་གཉིད་ཀྱི་ཞིང་དུ་འདྲེན་པའི་ཉེན་ཁ་ཆེ་ནའང་། སང་ཏེར་སི་ཡིས་ཁ་མཚར་དང་རྩེད་ཉམས་ལྡན་པའི་ཚིག་གྲུབ་ཀྱི་དགོད་སྒྲ་ཁྱོད་ཀྱི་རྣ་རྩ་རུ་ལམ་སང་སྒྲོག་སྲིད་པས། ཁྱོད་རང་མུ་མཐུད་ནས་འགུག་ཤུགས་ཆེ་བའི་གཏམ་སྦྱོར་འདིའི་ནང་དུ་དྲངས་འགྲོ་ངེས།
དཔེ་དེབ་ཀྱི་མཇུག་ཏུ་སང་ཏེར་སི་ཡིས་གཏམ་རྒྱུད་ཀྱི་མི་སེམས་ལ་ཐེབས་སྲིད་པའི་ཤུགས་རྐྱེན་སྐོར་ལ་དྲི་བ་འདི་འདྲ་ཞིག་ཀྱང་མཛད་ཡོད། ཨུ་རུ་སུའི་གསེར་མདོག་དུས་རབས་ཀྱི་རྩོམ་པ་པོ་དག་གིས་བསྐྲུན་པའི་མི་ཆོས་རིང་ལུགས་དང་རྩོམ་རིག་གི་ཤེས་རབ་དེའི་རྗེས་སུ། འགྲོ་བ་མིའི་རིགས་ལོ་རྒྱུས་སྟེང་གི་སྐྱི་གཡའ་བའི་དམར་གསོད་ཆེན་མོ་སྟེ། མི་བགྲང་ལས་འདས་པས་ལྟོགས་སྐོམ་དང་བཙོན་བཅུག་གི་མནར་གཅོད་མྱངས་ཤིང་། མི་སྲོག་བྱེ་བ་གཉིས་རྩ་མེད་དུ་བཅོམས་པའི་སི་ཏ་ལེན་གྱི་དུས་རབས་དེ་འདྲ་ཞིག་ག་འདྲ་བྱས་ནས་བྱུང་བ་ཡིན་ནམ། སང་ཏེར་སི་ཡིས་དྲི་བ་དེ་ལ་ལན་རྒྱག་ཐབས་མེད་པ་མངོན་གསལ་རེད། ཡིན་ནའང་ཁོས་དྲི་བ་དེ་འདྲ་ཞིག་དྲིས་པའི་དོན་སྙིང་གཙོ་བོ་ནི་འདི་འདྲ་ཞིག་སྟེ། ང་ཚོས་རྩོམ་རིག་སྒྱུ་རྩལ་ལ་སྤྱི་ཚོགས་དོན་སྙིང་དང་ཕན་ནུས་དམིགས་བསལ་ཞིག་ཡོད་ཅེས་ཁ་ཚོན་བཅད་ནས་བཤད་པའམ། ཡང་ན་རྩོམ་རིག་བརྩམས་ཆོས་ལ་རེ་བ་དེ་འདྲ་ཞིག་རྒྱག་པ་ལ་དོགས་ཟོན་དང་ཞིབ་འདང་རྒྱག་དགོས་པ་དེ་རེད། དེའི་རྒྱབ་རྟེན་གྱི་ལུང་ལྟ་བུར་སང་ཏེར་སི་ཡིས་ཨ་རིའི་སྒྱུ་རྩལ་སྐྱོན་བརྗོད་པ་ཏེ་ཝུ·ཧི་ཁི(Dave Hickey)ཡི་ལྟ་བ་ཞིག་དྲངས་ཡོད། སྒྱུ་རྩལ་གྱིས་བྱེད་ནུས་དམིགས་བསལ་ཞིག་འདོན་དགོས་ཞེས་ཇི་སྲིད་སྨྲ་བ་དེ་སྲིད་དུ་དབང་སྒྱུར་མཁན་གྱིས་སྒྱུ་རྩལ་གྱིས་ངེས་པར་དུ་བྱེད་ནུས་དེ་འདྲ་ཞིག་འདོན་དགོས་ཞེས་ཐག་གཅོད་སྲིད་ལ་བྱེད་ནུས་དེ་འདྲ་འདོན་མི་ཐུབ་མཁན་གྱི་བརྩམས་ཆོས་དག་ལ་བཀག་སྡོམ་ཡང་བྱེད་སྲིད། སང་ཏེར་སི་ཡིས་དེའི་ཕྱིར་དེབ་འདིའི་ནང་དུ་ཁོ་རང་ཉིད་ཀྱིས་སྒྲུང་ཐུང་ལ་བསྟོད་གླུ་ཕུལ་བར་ཕྱིར་རྟོག་ལྟ་བུ་བྱས་ཤིང་། རང་ཉིད་ཀྱི་ཁྲིད་ཡིག་འདིས་སྒྲུང་ཐུང་གསར་རྩོམ་གྱི་རང་དབང་ལ་ཚད་བཀག་ཐེབས་སྲིད་པའི་སེམས་ཁྲལ་གྱིས། སྒྲུང་ཞེས་པ་དེ“ག་འདྲ་ཞིག་ཏུ་འགྱུར་ཐུབ་པ་དེ་འདྲ་ཞིག་ཏུ་འགྱུར་ཆོག་གི་ཡོད། ནམ་རྒྱུན་གྱི་འགྲོ་ལུགས་ལས་འགོངས་པ། ཆོ་མེད་པ། སྙིང་པོ་ཡང་དག་ཅིག་སྟོན་རྒྱུ་མེད་པ། ཧ་ལས་པར་བྱེད་པ། བྱེད་ནུས་གང་ཡང་མེད་པ། མི་ཉུང་ཤས་ཤིག་གིས་མ་གཏོགས་གོ་དཀའ་བ་སོགས་གང་རུང་ཞིག་ཏུ་འགྱུར་ཆོག་གི་ཡོད”ཅེས་སྨྲས་ཡོད།
ང་ཚོ་བསྐྱར་དུ་ཆར་བ། ཆུ་རྫིང་། རྐྱལ་རྩེད་བྱེད་པའི་ཚིག་གྲུབ་དེའི་སྟེང་དུ་སླེབས། དེའི་ཡོང་ཁུངས་ཆེ་ཧྭོབ་ཀྱི་སྒྲུང་ཐུང་དེའི་ནང་དུ་མི་སྣ་གཙོ་བོ་གསུམ་གྱི་དཀྱིལ་སྙིང་བྲལ་བ་ལྟ་བུའི་ཁ་བརྡ་དང་གཏམ་རྒྱུད་དེའི་བར་དུ། མི་སྣ་ཞིག་ཆར་བ་འབབ་བཞིན་པའི་ཀློང་ནས་ཆུ་རྫིང་ནང་དུ་མཆོངས་ཏེ་རྐྱལ་རྩེད་ལ་རོལ། མི་དེ་ཆུ་ནང་དུ་འཛུལ་ཞིང་སྐར་མ་གཅིག་གི་རྗེས་སུ་གནས་གཞན་ཞིག་ནས་སླར་ཡང་ཆུ་ཁར་གཡེང་བར་བྱེད། ཁོ་ཆུའི་གཏིང་དུ་འཛུལ་ནས་ཆུ་མཐིལ་ལ་ཐུག་ཨེ་ཐུབ་བལྟས། ཁོའི་དགའ་བའི་ངག་ནས་དཀོན་མཆོག་དཀོན་མཆོག་ཅེས་ཡང་ཡང་ཟློ། ཁོ་ཆུ་ཁར་གཡེང་ནས་གན་རྐྱལ་དུ་བསྡད་ཅིང་ཆར་ཆུ་རང་ཉིད་ཀྱི་གདོང་ལ་ལྷུང་དུ་བཅུག ཁོའི་འགྲོ་རོགས་གཉིས་ཀྱིས་གོན་པ་གྱོན་ཚར་ནས་འགྲོ་གྲབས་བྱེད་ནའང་། ཁོ་ད་དུང་རྐྱལ་རྩེད་བྱེད་ཀྱིན་ངག་ནས་མཚམས་མེད་པར་དཀོན་མཆོག་ལགས། ང་ལ་སྙིང་རྗེའི་ཐུགས་ཀྱིས་གཟིགས་ཤིག་ཅེས་ཡང་ཡང་ཟློ། སྒྲུང་འདིས་བསྟན་པར་བྱས་པའི་བརྗོད་གཞི་གཙོ་བོ་ཞིག་ནི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རྩོལ་སྒྲུབ་བྱེད་པ་དེ་དོན་གྱིས་ཡང་དག་པ་ཞིག་ཡིན་མིན་དེ་རེད། ད་དུང་གླེང་རིན་ཡོད་པ་ཞིག་ལ། སང་ཏེར་སི་ཡིས་ཆེ་ཧྭོབ་ཀྱི་སྒྲུང་ཐུང་འདིའི“རྒྱབ་ལྗོངས་ལྟ་བུ”ཞིག་ཀྱང་ངོ་སྤྲད་ཡོད། དེ་ནི1895ལོའི་ཟླ8པའི་ཚེས8ཉིན་གྱི་ཆེ་ཧྭོབ་དང་ཐོལ་སི་ཐོ་ཡེ་ཡི་ཐུག་འཕྲད་ཐེངས་དེ་རེད། ཆེ་ཧྭོབ་ཐོལ་སི་ཐོ་ཡེ་ཡི་གཞིས་ཀར་སླེབས་དུས། ཐོལ་སི་ཐོ་ཡེས་ལག་ཕྱིས་ཤིག་ཐོགས་ཏེ་ཆུ་ནང་དུ་གཟུགས་པོ་བཀྲུ་གྲབས་བྱེད་ཀྱིན་ཡོད། ཁོའི་གདན་དྲངས་པ་ལྟར་ཁོ་གཉིས་གཅེར་བུར་ཆུ་ནང་དུ་ཞུགས་ནས་ཁ་བརྡ་ཐེངས་དང་པོ་བྱས། ལོ་གསུམ་གྱི་རྗེས་སུ་ཆེ་ཧྭོབ་ཀྱིས་སྒྲུང་ཐུང་དེ་བྲིས། རྒྱབ་ལྗོངས་འདིས་སྒྲུང་དེ་ལ་ཤུགས་རྐྱེན་ངོ་མ་ཞིག་ཐེབས་ཡོད་མེད་ཤོད་དཀའ་ནའང་། འདིའི་ནང་དུ་ཐོལ་སི་ཐོ་ཡེ་དང་ཆེ་ཧྭོབ་གཉིས་ཀས་དོ་སྣང་བྱེད་པའི་མི་ཡི་བདེ་སྐྱིད་དང་བདེ་སྐྱིད་ཀྱི་ལམ་བུ་དེ་ཡང་དག་ཡིན་མིན་ཐད་ཀྱི་བརྗོད་གཞི་འདུས་ཡོད་པ་སྨོས་མ་དགོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།