རྣམ་གླིང་རིན་ཆེན་གྱི་ལྷུག་རྩོམ་ཐུང་གྲས་ཁག་དགུ།
༡ ང་ཚོ་སུ་ཡིན།
རང་གི་རྩོམ་གྲོགས་ཚོར་སྤྲིངས་པ།
རྣམ་གླིང་རིན་ཆེན།
→སྔོན་འགྲོའི་ཚུལ་དུ།
རླུང་བུ་ལྡང་བྱུང་། ཁ་བའང་བབས་བྱུང་། མེ་ཏོག་རྙིད་སོང་། མགོ་སྐྲའང་དཀར་བོར་གྱུར་སོང་། ཨཱ་ཨཱ། མི་ཚེ་གཅིག་གི་ལོ་ཟླ་དེ་ལྟར་ཕར་ལ་བཞུད་སོང་། འདུ་འཛི་དང་ཟང་ཟིང་རྒྱབ་ཏུ་བསྐྱུར་ནས། ཁེར་རྐྱང་ཁོ་ན་གྲོགས་སུ་བཀུག་སྟེ་མི་ཚེ་ཡི་དབུ་ཁྱུད་འབྲི་བར་རྩོམ་ཡང་། ང་ཚོར་ཐོབ་པ་ཅི་ཞིག་རེད། ང་དང་ངའི་རྩོམ་གྲོགས་ཚོ། ཚོང་གཉེར་ཙག་ཙིག་གི་ཁེ་སྤོགས་རྒྱང་དུ་སྤྱུགས་ནས། ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་ངར་མའི་འཁྲུག་ཆའི་ཀློང་དུ། ཆེས་མི་བྲིན་པའི་དཔེ་ཆ་རྙིང་བ་འགའ་ཞིག་མཛའ་མོར་བསྒོམ་སྟེ། དཀའ་ཚེགས་དང་ཁེར་རྐྱང་གི་ལོ་ཟླ་དུ་མ་ཕར་ལ་བསྐྱལ་ཡང་། ང་ཚོ་ནི་དུས་རབས་འདིའི་དབུལ་ཕོངས་ཀྱི་བདག་པོ་དང་། མི་ཁ་ཡི་འཕྱ་ཡུལ་ཙམ་ལས་གཞན་ཅི།རྒྱུ་ཡིས་དབུལ་ཞིང་དབང་ཐང་གིས་དབེན་པའི་ང་ཚོ། ཆེས་ཐོག་མའི་མཛེས་སྡུག་གི་རྨི་ལམ་སྙིང་ཁར་གླན་ནས། མཚན་མོ་མང་པོ་གཉིད་ཀྱི་རོ་བཅུད་ལ་གཏན་ནས་རོལ་མ་མྱོང་ཨང་། མིག་ཆུ་དང་ཁེར་རྐྱང་གི་སྡུག་བསྔལ་མཐའ་དག་ཁྱུར་མིད་དུ་གཏོང་བ་ལས། སྐྱབས་ཞུ་དང་རེ་འབོད་བྱ་ཡུལ་ཞིག་གང་ན་ཡོད། ང་ཚོས་དཀར་གཙང་གི་འཇམ་མཉེན་གཤོག་པ་ལུས་ལ་ཐོགས་ཏེ། སྒྱུ་རྩལ་གྱི་ནམ་མཁའ་སྔོན་པོ་ཕ་མཐར་གཅོད་ཆེད་ལུས་ངག་ཡིད་ཀྱི་རྩལ་དགུ་ངོམས་པར་བྲེལ་ཡང་། ང་ཚོ་ནི་ཡུལ་མི་ཚོའི་མིག་ནང་གི་སྨྱོན་པ་དང་ཆང་རྐྱལ་ལས་གཞན་པའི་རང་ཚུགས་ཀྱི་ཐོབ་ཐང་ཞིག་གང་ན་ཡོད།
ཐ་སྙད་སྐམ་པོ་འགའི་དཔེ་ཀློག་ཐན་ཐུན་ཙམ་ལ་མགོ་བོ་རྨོངས་ནས། དབྱར་དགུན་སྟོན་དཔྱིད་ཀྱི་ལང་ཚོའི་དུས་ཚིགས་འདི་ལྟར་རྒས་སོང་། རྨི་ལམ་དང་ཕུགས་འདུན་ཡོད་དོ་ཅོག་རྒྱང་རིང་ལ་བཅོལ་ཡང་། རྒྱང་རིང་དེ་ཤིན་ཏུ་ནས་རྒྱང་ཐག་རིང་བས། དུས་ཚིགས་ཀྱི་འཛུམ་བག་ཀློང་དུ་ཕུགས་བསམ་སྟོང་ཞིང་ལང་ཚོ་ཟད།
ང་དང་ངའི་རྩོམ་གྲོགས་ཚོ། དམིགས་འདུན་གཅིག་གི་ཕུགས་བསམ་དེའི་སླད་དུ། དགོད་བཞིན་དགོད་བཞིན་ངུ་བ་བགྲང་གིས་མི་ལང་ལ། ངུ་བཞིན་ངུ་བཞིན་དགོད་པའང་ཐེངས་གཅིག་གཉིས་ག་ལ་ཡིན། འགན་ཁྲི་ཇི་ཙམ་ལྕི་ན་ཕམ་ཁའང་དེ་ཙམ་གྱིས་ལྕི་བས། དུས་རབས་ཉེར་གཅིག་གི་ང་ཚོ། འགྲན་རྩོད་དང་བག་ཡངས་ཀྱི་སྨུག་སྤྲིན་སྟུག་པོའི་ཀློང་དུ། རང་ཉིད་བོར་ཞིང་གཤོག་ཟུང་རུལ། སྨྱོན་པ་དང་ཆང་རྐྱལ་ཞེས་པའི་མིང་བྱང་སྟོང་བ་ཁོ་ན། ད་གཟོད། ང་ཚོའི་མི་ཚེ་ལ་རྫོགས་ཚིག་འགོད་པའི་མཇུག་བྱང་ཨེ་ཡིན། ཁེར་རྐྱང་ཁོ་ན་ད་གཟོད་ང་ཚོ་ལ་དབང་བའི་གནས་མལ་ཨེ་ཡིན།
ལོ་ཟླ་འདི་ལྟར་སྟོང་སང་སང་དུ་བུད་སོང་། སེམས་པ་འདི་ལྟར་གྲང་ཅང་ཅང་དུ་ལུས་སོང་། རང་ཉིད་རང་གི་མགོན་སྐྱབས་སུ་བརྩིས་ཤིང་། རྩོམ་རིག་གི་སྒྱུ་རྩལ་ཁོ་ན་མི་ཚེ་ཡི་དར་ཆར་བསྒོམ་ནས། དབྱར་དགུན་སྟོན་དཔྱིད་ཀྱི་ལོ་ཟླ་བགྲང་ལས་འདས་པ་ཞིག་མིག་ཆུས་ཕར་ལ་བསྐྱལ་ཡང་། ཀ་མད་སུམ་ཅུའི་མཛེས་རྒྱན་སྤུད་པའི་གཞོན་ནུ་མའི་ལང་ཚོའི་བསླུ་བྲིད་ཀྱི་དབང་གིས། ཅི་ཞིག་ཐོབ་འདོད་ཀྱི་ཧམ་སེམས་རུམ་ལ་བཟུང་ནས་མདུན་དུ་སྐྱོད་ཀྱང་། རྒྱང་རིང་གི་བཤུལ་ལམ་དེ་ཤིན་ཏུ་ནས་རྒྱང་ཐག་རིང་བས། ང་ཚོའི་ལུས་སེམས་ཧྲིལ་པོ་ཨ་ཐང་ཆད་ཡོང་།
རྩོམ་གྲོགས་ཚོ། བློ་མ་ཕམ། ཡིད་ཐང་མ་ཆད་ཅིག ང་ཚོ་ནི་དུས་རབས་ཀྱི་བདག་པོ་དང་འབྱུང་འགྱུར་གྱི་རེ་བལྟོས་ཉག་གཅིག་ཡིན་པས། ང་ཚོས་སྔར་བཞིན་རང་ཚུགས་དང་སྤོབས་པ་ཆེན་པོས་འཚོ་དགོས། ང་ཚོས་སྔར་རྒྱུན་བཞིན་རྒྱུ་འབྲས་མིག་ལྟར་བརྩིས་ཤིང་། དྲང་བདེན་གཙུག་ཏུ་བསྒོམ་ནས་མདུན་སྐྱོད་ཀྱི་ལམ་བུ་སྙིང་རུས་ཀྱིས་བཤགས་དགོས། ང་ཚོར་རྒྱུ་དང་ནོམ་པ་ལྷག་ཏུ་མེད་ཀྱང་། ང་ཚོ་ནི་མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་གྱི་བཟོ་སྐྲུན་པོ་ཡིན། ང་ཚོས་སྔར་བཞིན་དཀར་གཙང་གི་གཤོག་པ་མཁའ་ལ་ངོམས་ནས། འབྲི་བྱེད་ཀྱི་སྨྱུ་གུ་ངར་མས་ལས་འབྲས་དང་དྲང་བདེན་གྱི་རི་མོ་མཛེས་སྡུག་གིས་འབྲི་དགོས། སྨག་རུམ་གྱི་ཀློང་དུ་འོད་ཟེར་ཀྱི་སྤྱན་ཟུང་ཧྲིག་ཧྲིག་ཏུ་བལྟས་ནས། མུན་ནག་གི་མཁའ་དབུགས་སྟུག་པོར་འོད་ཟེར་གྱིས་དབང་སྒྱུར་ཐུབ་རྒྱུར་འབད་འབུངས་བྱ་དགོས།
མཆན། ① ལྷོ་ཁའི་སྙན་ངག་པ་ཨོ་རྒྱན་རྡོ་རྗེའི《ངས་ང་རང་ངོ་མི་ཤེས》ཞེས་པའི་སྙན་ངག་ལས་དྲངས།
༢ ཕ་སེམས་འཁོར་སའི་བུ་ཆུང་།
གནམ་འོག་གི་བུ་ཕྲུག་ཚོ་ལ་ཕུལ་བ།
ལྷ་བླ་མ་དཀོན་མཆོག་གི་ཐུགས་རྗེའི་འོད་ཟེར་དང་། བྱམས་བརྩེའི་བཀའ་དྲིན་ལ་བརྟེན་ནས། ཁྱོད་རང་ཕ་མ་ཟུང་གི་བརྩེ་ཞེན་གཉོར་སྐྱོང་འོག་མེ་ཏོག་དང་བསྡེབས་ནས་དལ་གྱིས་འཚར་བྱུང་།
བུ་ཆུང་ཁྱོད་ཀྱིས་ཕ་རྒན་ང་ལ་འཇིག་རྟེན་འདིར་ཆེས་དྲོད་ཁོལ་གྱིས་ཕྱུག་པའི་ཁྱིམ་ཚང་ཆུང་ངུ་ཞིག་གནང་ཞིང་། ཕ་རྒན་ང་དུ་བ་དང་ཆང་རག་རྒྱན་འཛུགས་ལས་རྒྱང་དུ་གྱེས་སུ་བཅུག བུ་ཆུང་ཁྱོད་ཀྱིས། ཕ་རྒན་ང་ལ་རང་ཉིད་ཀྱི་ཕ་མ་ཟུང་གི་བཀའ་དྲིན་ཤེས་སུ་བཅུག་ཅིང་། ཕ་མ་ཞིག་གི་རླབས་ཆེའི་ལོ་རྒྱུས་རྟོགས་སུ་བཅུག ཁྱོད་ཁོ་ན། ཕ་རྒན་ངའི་སེམས་ཀྱི་གཞིས་ཁྱིམ་དང་། ཞེན་ཆགས་བྱ་ཡུལ་ཉག་གཅིག་ཡིན། ཁྱོད་ཁོ་ན། ཕ་རྒན་ངའི་མི་ཚེ་འདིའི་བདེ་སྐྱིད་ཀྱི་འབྱུང་རྩ་དང་། རེ་བ་བཅོལ་ཡུལ་ཁེར་བུ་ཡིན།
བུ་ཆུང་ཁྱོད་ཀྱི་སླད་དུ། ཕ་རྒན་ངས་དཀའ་བ་མཐའ་དག་འཛུམ་གྱིས་བསུས་ཤིང་། མིག་ཆུ་དང་སྐྱོ་བ་མཐའ་དག་ཕ་མཐར་སྤྱུགས། ཁྱོད་ཁོ་ན། ཕ་རྒན་ངའི་མིག་ཟུང་གི་གཏད་ཡུལ་དང་། ཡིད་སེམས་ཀྱི་གླན་ཡུལ་ཡིན། ཁྱོད་ཀྱི་སླད་དུ། ཁྱོད་ཀྱི་ཨ་ཕ་དང་ཨ་མ་གཉིས་པོས་བརྩེ་དུང་རྣལ་མའི་རྨུ་ཐག་གཅིག་ལ་སྦྲེལ་ཞིང་། བརྩེ་ཞེན་ཟབ་མོའི་ཨ་ལོང་གཅིག་ཏུ་བརྒྱུས་ཏེ། ཁྱོད་ལ་དྲོ་སོབ་སོབ་ཀྱི་ཁྱིམ་ཚང་ཞིག་བཞེངས་སྐྲུན་བྱས།
གཉེར་མའི་དྲ་བས་བཅིངས་པའི་ཁྱེད་ཀྱི་ཕ་རྒན་ངས། ཁྱོད་ལ་མང་པོ་མང་པོ་ཞིག་ལག་རྟགས་སུ་དབུལ་དགོས་བསམས་ཀྱང་། ཁྱོད་རང་འཇིག་རྟེན་འདིའི་ཆེས་སྙིང་དུ་སྡུག་པའི་བུ་ཕྲུག་ཞིག་ཏུ་གྱུར་བར་བརྩོན་ཡང་། ཕ་རྒན་ངའི་འཇོན་ནུས་ལ་ཚད་བཀག་ཡོད་པས། ཁྱོད་ལ་ཅི་ཡང་སྦྱིན་མ་ནུས། འོན་ཀྱང་། ཕ་རྒན་ངས་ཁྱོད་ལ་ཀ་མད་སུམ་ཅུའི་དབྱངས་རྟ་འགྱུར་ཁུག་ཏུ་དྲངས་སུ་བཅུག་ཅིང་། ཁྱོད་ལ་བོད་མི་ཞེས་པའི་འོད་གསལ་ལྷ་ཡི་གདུང་རྒྱུད་ཞིག་གི་བརྟུལ་ཞུགས་འཛིན་དུ་བཅུག ཁྱོད་ནི་ཨ་ཕ་ང་གཤོག་ཟུང་ངོམས་ནས་དགུང་ལ་འཕུར་ཡུལ་གྱི་ནམ་མཁའ་དང་། དྲན་སེམས་འཁོར་ཡུལ་གྱི་དྲན་ཤིང་འབའ་ཞིག་ཡིན། ཁྱོད་ཁོ་ན། ཨ་ཕ་ང་འཇིག་རྟེན་འདི་རུ་འཚོ་བའི་སྒུལ་ཤུགས་གཅིག་པུ་དང་། ཨ་ཕ་ང་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་འབད་པར་གཞོལ་བའི་རྒྱུ་རྐྱེན་གཅིག་པུའང་ཡིན།
སྙིང་གི་ལོ་ལོ། ཁྱོད་ཡོད་པས། ཨ་ཕའི་འཇིག་རྟེན་ལ་མེ་ཏོག་གི་འཛུམ་ཆུང་ལྷུག་ལྷུག་ཏུ་དགོད་ཅིང་། ཨ་ཕའི་མི་ཚེ་ལ་མེ་ཏོག་སྣ་ལྔའི་འཇའ་འོད་ཀྱི་གུར་ཁང་ཕུབ། ཁྱོད་ཀྱི་སླད་དུ། ཨ་ཕ་ངས་དགུན་གསུམ་གྲང་རེག་མཁའ་མཐར་ཕུད་ཅིང་། དབྱར་གསུམ་མེ་སྟག་རྒྱང་དུ་བྱེར། ད་རེག་བར་དུ། ཁྱོད་རང་ཨ་ཕ་ངའི་མིག་འོག་ཏུ་དལ་གྱིས་འཚར་ཞིང་། ངའི་སྒྲ་དབྱངས་ཁྲོད་ལང་ཚོ་ཡི་མེ་ཏོག་བཞད། ཁྱོད་ཁོ་ན། ཨ་ཕ་ངས་མ་ཎི་ཡིག་དྲུག་བཞིན་ཁ་ནས་བར་མེད་འདོན་ཡུལ་དང་། སྒོ་གསུམ་གྱིས་རེ་འབོད་དང་སྨོན་ཚིག་བསྒྲོན་ཡུལ་ཡིན། ཁྱོད་ཁོ་ན། ཨ་ཕ་ངའི་ཕྱིར་མིག་འཁོར་ཡུལ་དང་དྲན་སེམས་ཀྱི་གླུ་སྐད་འཕེན་ཡུལ་ཡིན།
དུས་ནམ་ཞིག ཨ་ཕ་ང་འཇིག་རྟེན་འདི་ལས་ཞལ་གྱེས་ཞུ་དུས། ཨ་ཕས་ཆེས་བློས་མི་ཐོངས་ས་སྙིང་ཉེ་བའི་བུ་ཆུང་ཁྱོད་ཡིན་ལ། ཨ་ཕའི་མཐའ་མཇུག་གི་སེམས་ཚེགས་བྱ་ཡུལ་ཡང་བུ་ཆུང་ཁྱོད་ཁོ་ན་ཡིན། ཨ་ཕ་ཡི་མི་ཚེ་ཧྲིལ་པོར། ཁྱོད་ལ་རིན་བྲལ་ཟད་མེད་ཀྱི་རྒྱུ་ནོར་དང་། སྐྱེ་བོ་གཞན་ལ་གཞན་དྲིང་མི་འཇོག་པའི་དབང་ཐང་དང་མིང་གྲགས་སོགས་ཁྱོད་ལ་སྐྱེས་སུ་དབུལ་མ་ནུས་ཀྱང་། ཨ་ཕས་ཁྱོད་ལ་བདེ་མ་ཐང་ཐང་གི་ལུས་ཕུང་ཞིག་དང་། གྲུང་ཤ་དོད་པའི་སྤྱན་མིག་ཞིག རྒོད་ཅིང་སྐྱེན་པའི་བློ་རིག་ཞིག་ཁྱོད་ལ་ལེགས་སྐྱེས་སུ་སྦྱིན་ཡོད་པས། ཨ་ཕའི་ལོ་ལོ་ཁྱོད་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས། ཡངས་པའི་འཇིག་རྟེན་འདིར་རང་ཉིད་ལ་དབང་བའི་ཁྱིམ་ཚང་ཆུང་ཆུང་ཞིག་གི་འཚོ་བར་བདེ་སྐྱིད་ཀྱི་རོལ་ཐུབ་རྒྱུ་ཨ་ཕ་ངའི་མཐའ་མཇུག་གི་རེ་བ་ཡིན།
༣ ཨ་ཕས་བཙེམས་པའི་སློག་པ།
གྲང་ལྷགས་རྒོད་པའི་དགུན་གཞུང་འདིར། ཨ་ཕས་རྒྱང་རིང་གི་རི་གྲོང་ནས་གཞན་ཡུལ་གྱི་བུ་ཆུང་ང་ལ་དྲོད་ཁོལ་གྱིས་ཕྱུག་པའི་སློག་པ་ཞིག་བསྐུར་འདུག སློག་པ་དེ་ནི་ཨ་ཕས་ཁབ་དང་སྐུད་པ་རེ་རེས། བརྩེ་བ་དང་མིག་ཆུ་རེ་རེས་ང་ཁོ་ནའི་སླད་དུ་བཙེམས་གནང་བ་ཞིག་རེད། སློག་པ་དེའི་ནང་རོལ་ན། ཨ་ཕས་བུ་ཆུང་ང་ལ་བཅངས་པའི་བྱམས་པ་དང་བརྩེ་ཞེན་གྱིས་ཕྱུག་ཡོད། སློག་པ་དེ་མ་གྱོན་གོང་ནས། ངས་སློག་པ་དེའི་དྲོད་ཁོལ་ཚོར་ཐུབ། སློག་པ་དེ་མ་གྱོན་གོང་ནས། ངའི་སེམས་པ་མེ་སྟག་བཞིན་མཁའ་ལ་འཕྱུར་འོང་།ཨ་ཕས་བཙེམས་གནང་བའི་སློག་པ་དེ་ནི། ཨ་ཕས་ཕ་ཡུལ་ནས་བསྐུར་འོངས་པའི་ཁམས་བདེའི་འཚམས་འདྲི་ཐེངས་གཅིག་ཡིན་ལ། ངེད་གཉིས་པོའི་བརྩེ་ཞེན་གྱི་ས་བོན་གཏོར་སའི་འབྲེལ་ཐག་ཀྱང་རེད། སློག་པ་དེ་ནི་ཨ་ཕ་དྲིན་ཆེན་པོས་ཉིན་ཞག་མང་པོའི་དུས་ཚོད་ནང་ལག་ཟུང་གཉིས་པོའི་ཕུར་མཉེས་ལ་བརྟེན་ནས་བཟོས་གནང་བ་ཞིག་རེད། སློག་པ་དེ་ཨ་ཕ་དྲིན་ཆེན་པོས་རང་ཁྱིམ་གྱི་ལུག་བལ་བྲེག་ནས་བཟོས་པ་ཞིག་ཡིན་པས། སློག་པ་དེར་གཡང་དཀར་ལུག་གི་བལ་ལྟར་འཇམ་པའི་ཨ་ཕའི་གཤིས་རྒྱུད་མངའ་ཡོད།
སློག་པ་དེ་ནི་སྤྱིར་བཏང་གི་སློག་པ་ཞིག་ག་ལ་ཡིན། སློག་པ་དེའི་སྦུབས་སུ། དྲིན་ཆེན་ཨ་ཕ་ཞིག་གིས་བུ་ཆུང་ང་ལ་བཅངས་པའི་ལྷད་མེད་བརྩེ་དུང་གིས་ཕྱུག་ཡོད་ལ། རྒྱང་རིང་གི་ཕ་རྒན་ཞིག་གིས་གཞན་ཡུལ་གྱི་གཅེས་ཕྲུག་ང་ལ་གཟུགས་པོར་གཅེས་སྤྲས་བྱ་དགོས་པའི་བཀའ་མངགས་དང་དྲན་སྐུལ་ཐེངས་གཅིག་ཀྱང་ཡིན།
སློག་པ་དེ་ལུས་ལ་གྱོན་ཐེངས་རེར། ངས་རང་ཉིད་ཀྱི་བྱིས་དུས་ཀྱི་འཚོ་བ་དྲན་ཡོང་། བྱིས་དུས་སུ་ཨ་ཕས་ང་རང་པང་དུ་དམ་དུ་གཉོར་སྐྱོང་བྱེད་པའི་འཚོ་བ་དྲན་འོང་། སློག་པ་དེ་ལུས་ལ་གྱོན་ཐེངས་རེར། རང་ཉིད་ད་སོ་མ་ཨ་ཕ་ཉིད་ཀྱི་པང་ཉར་ཡོད་པའི་ཚོར་སྣང་ཞིག་སྦྱིན་ཡོང་། ངའི་ཨ་མ་ཆུང་ངུའི་དུས་ནས་ང་ཚོ་ཕུ་ནུ་མིང་སྲིང་ཚོ་དང་ཞལ་གྱེས་ཞུས་པས། ཨ་ཕ་དྲིན་ཆེན་པོས་ཕ་མ་གཅིག་ལྕོགས་ཀྱི་ཚུལ་དུ་ང་དང་ངའི་ཕུ་ནུ་མིང་སྲིང་ཚོ་བྱམས་ཀྱིས་བསྐྱངས་པས། ང་ཚོའི་ངོས་ནས་བརྗོད་ན། ཁོང་ནི་ངེད་ཚོའི་ཕ་ཡིན་ལ་མ་ཡང་ཡིན། ཨ་མ་གཤེགས་ནས་ད་བར་ལོ་ངོ་བཅུ་ལྷག་བུད་ཀྱང་། ཨ་ཕས་ད་རེག་བར་དུ་བུད་མེད་གཅིག་ཀྱང་ཆུང་མར་བསུ་མ་མྱོང་། དེ་ནི་ངས་ནམ་རྒྱུན་ཨ་ཕ་ཁོང་མིང་དོན་མཚུངས་པའི་ཨ་ཕ་ཞིག་རེད་ཅེས་བརྗོད་པའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ཡིན།
ངེད་ཕུ་ནུ་མིང་སྲིང་ཚོ་རང་རང་གི་ལས་དོན་དང་མདུན་ལམ་གྱི་སླད་དུ་གཞན་ཡུལ་འགྲིམས་ནས་འདུག་དགོས་པས། རང་ཁྱིམ་གྱི་འགན་འཁྲི་མཐའ་དག་ལོ་ན་བགྲེས་པའི་ཨ་ཕ་གཅིག་པུའི་ཕྲག་སྟེང་དུ་བབས། ནམ་རྒྱུན་ང་རང་ཕ་ཡུལ་ལ་ལོག་ཐེངས་རེར། ཨ་ཕ་དྲིན་ཆེན་པོས་ཡང་ན་སྦྱག་མ་ལག་ཏུ་བཟུང་ནས་ཞིང་ཁར་ཆུ་འདྲེན་པར་འགྲོ་བཞིན་ཡོད་ཅིང་། སྐབས་རེ་ཐལ་རླུང་གི་ཀློང་དུ་བྱེ་ཐང་ལ་བསྒྱུར་བཀོད་བྱས་ནས་ཞིང་ཁ་རྒྱ་བསྐྱེད་པ་དང་། ནགས་ཚལ་འདེབས་བཞིན་པའི་ངང་ཚུལ་དེ་ཡིན། ཡང་ན་ཨ་ཕས་འུར་རྡོ་སྐེད་པར་གཟེད་ནས་ལུག་ཁྱུ་ཡི་རྗེས་སུ་འབྲངས་ཤིང་། ཡང་ན་ས་རྡོ་སྒལ་པར་ཁུར་བཞིན་ཁང་པ་གསར་རྒྱག་གི་ལས་ལ་འཇུག་བཞིན་པའི་རྣམ་པ་དེ་རེད། དུས་ད་ལྟའི་བར་ངས་བརྗེད་དཀའ་བ་ཨ་ཕའི་ཁེར་རྐྱང་གི་རྒྱབ་གཟུགས་སྐྱ་བོ་དེ་ཡིན་ལ། དྲན་སྐྱེན་པའང་ཁེར་རྐྱང་གི་རྒྱབ་གཟུགས་སྐྱ་བོ་ཁོ་ན་ཡིན།
ཀྱེ། ངའི་སྙིང་ཉེ་བའི་དྲིན་ཆེན་གྱི་ཕ་ལོ། ཆར་རླུང་དང་ཚ་གདུག ཁ་འཚུབ་དང་གྲང་ལྷགས་ཀྱིས་གཙེས་པའི་ནམ་ཟླར་ཡང་ཁྱེད་ཀྱིས་སྔར་རྒྱུན་བཞིན་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ཏེ་ཁྱིམ་ཚང་དང་བུ་ཕྲུག་གི་སླད་དུ་རང་ལུས་ལ་ཁབ་གཙག་འབིག་གཙག་བྱེད་བཞིན་ཡོད་པ་མ་ཡིན་ནམ། ཁྱེད་ནི་ངེད་ཕུ་ནུ་མིང་སྲིང་ཚོའི་མིག་འབྲས་སུ་འོད་དུ་འཚེར་བའི་སྐར་མ་འོད་ཆེན་དང་། སྨག་རུམ་ཁྲོད་ཀྱི་སྒྲོན་མེ་ཉག་གཅིག་ཡིན་པས། ཁྱེད་ཀྱི་བྱམས་བརྩེ་ལས་འཁྲུངས་པའི་འོད་ཟེར་དཀར་བོ་དུས་ནམ་ཡང་མི་ནུབ་པར་གྱུར་ཅིག བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་འཁོད།
༤ བུ་མོ་ཕན་ཐོགས།
བུ་མོ་ཕན་ཐོགས། གཡོ་ཟོལ་གྱི་འཛུམ་བག་རྒྱང་དུ་སྤྱུགས་ཤིང་། ལྷག་བསམ་དང་བརྩེ་བ་དྲོན་མོ་རུམ་གང་འཁྱེར་ནས། ང་དང་ངའི་སྙན་ངག་གི་ཞིང་ས་གཤིན་པོར་མཛེས་སྡུག་གིས་བཞད་བྱུང་།བུ་མོ་ཕན་ཐོགས། ཁྲ་ཆིལ་ཆིལ་གྱི་མིག་ཟུང་ཀློང་ནས། རེ་བ་དང་ཕུགས་འདུན་གྱི་རེ་ཁཱ་དགོད་ཅིང་། འབྱུང་འགྱུར་ལ་སྤྲོ་བ་དང་ཡིད་ཆེས་ཀྱི་འཇའ་འོད་འཛུམ།
བུ་མོ་ཕན་ཐོགས། དྲིན་ཕ་མའི་གདམས་ངག་སྙིང་ཁར་གླན་ནས། ཤེས་བྱ་ཡི་འཇུག་ངོགས་ཡངས་མོར་རང་དབང་གི་རྐྱལ་རྩལ་ངོམས།
བུ་མོ་ཕན་ཐོགས། ང་དང་ངའི་མཁའ་དབྱིངས་ན་རང་དབང་གིས་ལྡིང་བའི་བྱེའུ་ཅོ་ཀ ང་དང་ངའི་སྙན་ངག་ལ་རོ་བཅུད་སྦྱིན་པའི་དུས་ཐོགས་སྦྲང་ཆར། ངའི་སྐྱིད་སྡུག་སོག་ལེ་ཡི་མི་ཚེའི་དོ་རར་རྩེན་པ། དབྱར་ཟླ་དྲུག་པའི་མེ་ཏོག་ལྟ་བུའི་ཁྱེད་ཀྱི་བཞིན་དཔལ་ཏེ། འོད་ཞགས་འཁྱུག་པའི་ཁྱེད་ཀྱི་ཟུར་མིག་རེ་རེ་དང་། དབྱངས་རྟ་སྙན་མོའི་འགྱུར་ཁུག་བཞིན་འཇེབས་པའི་ཁྱེད་ཀྱི་ངག་ལས་འཁྲོལ་བའི་མཛའ་གཞས་རེ་རེ། ང་དང་ངའི་རྣ་ཡི་རྫིང་རིང་ཡངས་མོར་ནམ་ཡང་བྲག་ཅ་བཞིན་མཆེད་པའི་དབྱངས་ཅན་མགྲིན་གླུ།
དུས་ཚིགས་ལ་འཛུམ་བག་ལྡན་ཡང་། ལང་ཚོ་ལ་འཇིགས་པས་མནར་ཡང་། ཁྱེད་ཀྱི་དབྱངས་རྟ་སྙན་མོར་བར་ཆད་མེད་པ་མཆོག་གསུམ་གྱིས་གཟིགས་ངེས། བུ་མོ་ཕན་ཐོགས། ཁྱེད་ནམ་ཡང་ངའི་ཡིད་ངོར་བཞད་པའི་རྒྱང་རིང་གི་གངས་ལྷ་མེ་ཏོག་དེ་ཡིན་སོང་ཨང་།
བུ་མོ་ཕན་ཐོགས། སྤྱིར་བཏང་གི་བུ་མོ་ཕལ་བ་ཞིག ངུ་སྒྲ་དང་འགྲོགས་ནས་མི་ཡུལ་དེར་སླེབས་ཤིང་། བ་བེའུ་དང་ལྷན་དུ་འཚར་བའི་རོང་ཁུལ་གྱི་བྱིས་པ་རྣམ་དག་ཅིག
བུ་མོ་ཕན་ཐོགས། ཀ་མད་སུམ་ཅུ་དབྱངས་རྟར་འགུགས་པའི་སློབ་མ་གྲུང་པོ་ཞིག ཕ་མ་བཟང་པོའི་བཀའ་སློབ་སྙིང་ཁར་གླན་ཞིང་། དགེ་རྒན་བཟང་པོའི་རྒྱུད་པ་ལས་མཆེད་པའི་བཤེས་གཉེན་བཟང་པོ་ཞིག
བུ་མོ་ཕན་ཐོགས། སྔ་མོ་ནས་མལ་ལས་ལངས་ཏེ་སློབ་ཁྲིད་ཀྱི་བྱ་བར་གཞོལ་མཁན་ཅིག ཕུགས་འདུན་གྱི་གཤོག་སྒྲོ་རང་ལུས་ལ་ཐོགས་ཤིང་། རང་སྐད་རང་ཡིག་ལ་དུང་བའི་བུ་མོ་སྙིང་ལ་རུས་པ་ཡོད་མཁན་ཅིག
བུ་མོ་ཕན་ཐོགས། བརྩེ་བ་མཁའ་དང་དུང་བ་མཚོ་ལ་འགྲན་པའི་བུ་མོ་དུང་སེམས་ཅན་ཅིག ལྷད་མེད་ཀྱི་གཤིས་ཀས་མི་སེམས་ལ་དྲོད་ཁོལ་སྦྱིན་ཞིང་། བསླུ་མེད་ཀྱི་འཛུམ་མདངས་རྣལ་མས་གཞན་ཡིད་འགུགས་མཁན་ཅིག
བུ་མོ་ཕན་ཐོགས། བདག་གི་སྙིང་ཁར་མཛེས་སྡུག་གིས་བཞད་པའི་མེ་ཏོག་ཆུན་པོ། ངའི་ཕྱི་ནང་གསང་གསུམ་གྱི་གསང་གཏམ་འཆད་ཡུལ་ཁྱེད་ཡིན་ཞིང་། ངའི་དོན་ལྔ་སྣོད་དྲུག་གི་མིག་ཟུང་གཏད་ཡུལ་ཁྱེད་ཡིན།
བུ་མོ་ཕན་ཐོགས། ཁོ་བོའི་མི་ཚེའི་བཤུལ་ལམ་ཁྲོད་ཀྱི་ལམ་གྲོགས་ཡག་ཤོས་ཤིག དགའ་སྐྱོ་འདྲེས་མའི་སྙིང་གཏམ་མ་ལུས་ཁྱེད་ལ་བརྗོད་ན་ཆོག་ཅིང་། གཞོན་པའི་སེམས་ཀྱི་མིག་ཆུ་ཁྱེད་ཁོ་ནའི་གམ་དུ་བཞུར་ན་འགྲིག
བུ་མོ་ཕན་ཐོགས། ངའི་ཁྲ་ཆུང་མིག་ཟུང་ཡངས་མོར་དལ་གྱིས་རྒྱུ་བའི་སྐར་མ་འོད་ཆེན། ངའི་སྙན་ངག་གི་བརྗོད་བྱ་མ་ལུས་བཀང་བར་བྱེད་མཁན་གྱི་ཡིག་འབྲུ་གསོན་པོ། ཁོ་བོ་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་འབད་འབུངས་ལ་གཞོལ་བའི་རེ་བ་ཉག་གཅིག
བུ་མོ་ཕན་ཐོགས། ཁྱེད་ཀྱི་ཐུགས་སེམས་ཕ་ཡུལ་གྱི་ནམ་མཁའ་བཞིན་དྭངས་ཤིང་སྤྲིན་དཀར་བཞིན་གཡོ། ཁྱེད་ཀྱི་བརྩེ་བ་ཁྲི་ཤོར་རྒྱལ་མོའི་རྦ་རླབས་བཞིན་ངའི་སྙིང་ཁ་ལ་འཕྱོ། ཁྱེད་ནི་བུ་ཆུང་ངའི་ཁྱིམ་གཞིས་དེའི་རྒྱུན་ཐག་བསྲིངས་མཁན་དང་ཚུལ་ལྡན་གྱི་བདག་མོ་ཡིན་སོང་ཨང་།
བུ་མོ་ཕན་ཐོགས། དུས་རབས་ཀྱི་འགྱུར་བག་ཇི་ཙམ་རྒོད་ཀྱང་། མིག་མདུན་གྱི་ལམ་ཁ་ཇི་ཙམ་འཚུབ་ཀྱང་། ངས་ཁྱེད་ལ་བཅངས་པའི་བརྩེ་བ་དྲོན་མོ། རླུང་གིས་འཁུར་མི་ཐུབ་ལ། ཆར་གྱིས་སྦངས་མི་སྲིད། ངས་མི་ཚེ་འདིའི་ལང་ཚོ་ཧྲིལ་བོ་ཁྱེད་ལ་འཕུལ་ནས། ལྷིང་འཇགས་ཀྱི་འཚོ་བའི་གོམ་ཁ་དལ་གྱིས་མདུན་དུ་སྤོ་ངེས་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com