རྣམ་གླིང་རིན་ཆེན་གྱི་ལྷུག་རྩོམ་ཐུང་གྲས་ཁག་དགུ།
༥ ཕྱེ་མ་ལེབ།
ཕྱེ་མ་ལེབ་ནི་སྲོག་ཆགས་རང་ག་བ་ཞིག་ཡིན། ཁོ་ལ་གནམ་རིམ་པ་བཅུ་གསུམ་གྱི་ནམ་འཕང་གཅོད་པའི་གཤོག་རྩལ་མེད་ལ། སྨག་རུམ་གྱི་ཀློང་དུ་རང་འོད་ཕྲ་མོར་བརྟེན་ནས་འཚོ་ཐུབ་མཁན་ཞིག་ཀྱང་མིན། ཁོ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་མཚན་མོ་གློག་སྒྲོན་གྱི་འོག་ཏུ་འཕུར་ལྡིང་བྱ་རྒྱུར་དགའ་བ་ཡིན།ང་རང་ཆུང་ངུའི་དུས་ནས་ཕྱེ་མ་ལེབ་ལ་ཤིན་ཏུ་ནས་དགའ། ཆུང་དུས། ང་དང་རྩེད་གྲོགས་ཚོས་ཕྱེ་མ་ལེབ་མང་པོ་ཞིག་འཛིན་བཟུང་བྱས་ཏེ་ཆུ་ཁར་གློད་པ་དང་། ཕྱེ་མ་ལེབ་ཀྱི་གཤོག་ཟུང་མེད་པར་བཏང་སྟེ་བྱིས་པའི་རྩེད་འཇོའི་འདོད་པ་སྐོང་བཞིན་ཡོད། གང་ལྟར་ང་རང་བྱིས་པའི་དུས་སུ་ཕྱེ་མ་ལེབ་མང་པོ་ཞིག་གི་སྲོག་བཅད་མྱོང་། ངའི་ཕ་མ་ཟུང་ནི་ཆོས་ལ་དད་པ་ཆེ་བས། ནམ་རྒྱུན་ངས་ཕྱེ་མ་ལེབ་གང་བྱུང་དུ་འཛིན་ནས་ཁོ་ཚོའི་རང་དབང་འཕྲོག་པ་དང་། སྲོག་ལ་ཀུ་རེ་བྱེད་པ་ཁོང་གཉིས་པོས་གཟིགས་དུས། ཁྱེད་ཀྱིས་གང་བྱུང་དུ་སྡིག་པ་བསགས་ན་རྗེས་སུ་དམྱལ་ཁམས་རིམ་པ་བཅོ་བརྒྱད་ཀྱི་སར་ལྷུངས་ནས་སྐྱེ་བ་ལེན་མི་སྲིད་ཅེས་ལབ་པར་བྱེད། འོན་ཀྱང་། སྐབས་དེ་དུས། ངས་སྡིག་པ་ཞེས་པ་ཅི་ཞིག་ཡིན་མིན་དང་། དམྱལ་བ་ཞེས་པ་ཅི་ཞིག་ཡིན་མིན་མི་ཤེས་པས། ཕ་མ་ཟུང་གི་བཀའ་སློབ་རྣ་བའི་རྒྱབ་ཀྱི་ལྷགས་པར་བསྐུར་ཏེ་མུ་མཐུད་ནས་ཕྱེ་མ་ལེབ་འཛིན་པ་དང་། ཁོ་ཚོའི་སྲོག་བཅད་ནས་རང་རང་གི་འདོད་པ་སྐོང་བཞིན་ཡོད།
སློབ་གྲྭར་ཞུགས་རྗེས། དགེ་རྒན་གྱིས་ང་ཚོར་འབུ་བླ་མ་མ་ཎི་ཞེས་པའི་སློབ་ཚན་སློབ་ཁྲིད་གནང་ཞིང་། ཁྱེད་ཚོས་གང་བྱུང་དུ་སེམས་ཅན་ལ་གནོད་པ་བྱ་མི་ཉན་པའི་ཁ་ཏ་བསླབ་བྱ་གནང་ལ། འཇིག་རྟེན་འདིའི་སྟེང་གི་སེམས་ཅན་མཐའ་དག་ལ་སྲོག་ཡོད་པ་འདྲ་མཉམ་ཡིན་པས། མཐོ་བ་མི་ནས་དམའ་བ་སེམས་ཅན་གྲོག་མ་ཙམ་ཡིན་ཡང་ཚེ་སྲོག་གི་རིན་ཐང་གཅིག་འདྲ་ཡིན་པར་གསུངས། རྒན་ལགས་ཀྱི་བཀའ་སློབ་དེ་ཉན་རྗེས། ངའི་སེམས་ལ་གནོང་འགྱོད་ཆེན་པོ་བྱུང་། སྔོན་ཆད། རང་ཉིད་ཀྱིས་ཚེ་སྲོག་མངའ་བའི་ཕྱེ་མ་ལེབ་མང་པོའི་སྲོག་འཕྲོག་པས། ང་ནི་བྱིས་པ་ཐ་ཤལ་ཞིག་རེད་སྙམ་བྱུང་། དུས་དེ་ནས་བཟུང་། ངས་ཕྱེ་མ་ལེབ་འཛིན་བཟུང་བྱ་རྒྱུ་ལྟ་ཅི། ནམ་རྒྱུན། ཕྱེ་མ་ལེབ་ཆུ་ཁར་ཟགས་ཡོད་པ་མཐོང་ཐེངས་རེར། ངས་ཉམ་ཆུང་གི་ཚེ་སྲོག་ཆུང་ངུ་དག་ཆུ་ཁ་ལས་ཡར་བཏོན་ཏེ་ཁོ་ཚོའི་སྲོག་སྐྱོབ་བཞིན་ཡོད། ཕ་མ་ཟུང་གིས་ངའི་བྱ་སྤྱོད་དེ་མཐོང་མ་ཐག་གདོང་ལ་འཛུམ་མདངས་ཤིག་འཕྱུར་བཞིན། ད་ཆ་ང་ཚོའི་བུ་འཚར་ལོངས་བྱུང་འདུག་ཅེས་བསྟོད་པ་གནངས་ཤིང་། ང་ལ་ཀ་ར་བུ་རམ་རེ་རྔན་པར་སྦྱིན་པར་བྱེད། དེ་དུས། ངའི་སེམས་ལའང་རང་ཤུགས་སུ་བདེ་ཚོར་ཞིག་སྐྱེས་འོང་།
སློབ་གྲྭ་ཐོན་རྗེས། ལས་ཁུངས་ནས་རང་ཉིད་གནས་སྡོད་བྱེད་སའི་ཁང་ཆུང་ཞིག་གནངས། ཁང་ཆུང་དེའི་ནང་ང་རང་གཅིག་པུ་ཕུད། ད་དུང་སེམས་ཅན་གཞན་ཞིག་ཡོད་པ་ནི་ཕྱེ་མ་ལེབ་རེད། མཚན་མོ་ཟིན་རྗེས། ངས་རང་ཁྱིམ་གྱི་གློག་སྒྲོན་སྤར་རྗེས། ཁོ་ཚོ་ནི་གནས་གཞན་ནས་ཕེབས་པའི་མ་བོས་མགྲོན་པོ་ཞིག་དང་འདྲ་བར། ངའི་གློག་སྒྲོན་གྱི་མཐའ་རུ་རང་དགར་འཕུར་ལྡིང་བྱེད་བཞིན་མཆིས། ངས་ཁོ་ཚོ་གློག་སྒྲོན་གྱི་མཐའ་ལ་འཕུར་ལྡིང་བྱ་རྒྱུར་ཞེན་པའི་རྒྱུ་མཚན་ཅི་ཡིན་སྙམ་སྟེ་མུམཐུད་ནས་ཁོ་ཚོར་ལྟ་ཞིབ་བྱས་ནས་བསྡད། གློག་སྒྲོན་གྱི་འོག་ཏུ། ཁོ་ཚོའི་འཕུར་ལྡིང་བྱེད་མཚམས་གཏན་ནས་མི་འཇོག་པས། ངས་གློག་སྒྲོན་ཁ་བཀག་སྟེ་ཁོ་ཚོ་མུ་མཐུད་འཕུར་ལྡིང་བྱེད་མིན་བརྟག་པ་ཡིན། གློག་སྒྲོན་ཁ་བཀག་རྗེས། ཁོ་ཚོ་གནས་དེར་མཐོང་རྒྱུ་མིན་འདུག་ལ། ཁོ་ཚོ་འཕུར་ལྡིང་བྱེད་པའི་གཤོག་སྒྲའང་ཐོས་རྒྱུ་མིན་འདུག ངས་ཡང་བསྐྱར་གློག་སྒྲོན་སྤར་བས། ཁོ་ཚོ་ནི་རང་ཁྱིམ་གྱི་སྒོ་སྒེའུ་ཁུང་གང་ནས་འཚང་ཡོང་མིན་མི་ཤེས་མོད། ཁོ་ཚོ་སྔར་བཞིན་གློག་སྒྲོན་འོག་འཕུར་ལྡིང་བྱེད་བཞིན་མཆིས། ངས་ད་གཟོད་སེམས་ཅན་དེ་དག་ནི་འོད་ལ་དགའ་བའི་སྲོག་ཆགས་ཤིག་དང་། འོད་ཟེར་གྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་མཁན་ཤ་སྟག་རེད་སྙམ་བྱུང་།
ཕྱེ་མ་ལེབ་ནི་སྲོག་ཆགས་རང་ག་བ་ཞིག་མ་ཡིན། ཁོ་ཚོ་ནི་འོད་ཟེར་གྱི་ལམ་བུ་འཚོལ་མཁན་གྱི་འགྲུལ་བཞུད་པ་སྟེ། མུན་པའི་ཀློང་དུ་འཚོ་བཞིན་ཡོད་ཀྱང་། སྔར་བཞིན་འོད་ཟེར་ལ་རེ་སྙེགས་དང་འོད་ཟེར་ལ་བརྩོན་ལེན་བྱེད་མཁན་འབའ་ཞིག་ཡིན་པས། འོད་ཟེར་གྱི་བགྲོད་ལམ་དེ་རྙེད་ཆེད་ཁོ་ཚོས་དཀའ་བ་བརྒྱ་ཕྲག་ཁྱད་དུ་སད་ནུས་ལ། འོད་ཟེར་གྱི་ལམ་བུའི་ཁྲོད་རང་སྲོག་ཕང་མེད་དོར་དགོས་བྱུང་ཡང་གནོང་འགྱོད་མེད་པའི་དཔུང་སྡེ་ཉག་གཅིག་ཡིན་པ་ཤེས་སོང་།
དོ་ནུབ། ཕྱེ་མ་ལེབ་ཁྱུ་གཅིག་སླར་ཡང་ངའི་གློག་སྒྲོན་གྱི་འོག་ཏུ་རང་དགར་འཕུར་ལྡིང་བྱེད་བཞིན་མཆིས། ཕྱེ་མ་ལེབ་དག་མིག་ལམ་དུ་རྒྱུ་ཐེངས་རེར། ངས་རང་དབང་མེད་པར་འོད་ཟེར་དང་བདེན་དོན་གྱི་སླད་དུ་བྱ་གཞག་སྒྲུབ་བཞིན་པའི་མི་བུ་དག་དྲན་པར་ཐལ་སོང་།
༦ མཚན་ངོགས་ཀྱི་དྲན་གདུང་།
མེ་རི་བཞིན་མཁའ་ལ་འཕྱུར་བའི་ནུབ་མཁའི་མཚམས་སྤྲིན་ཆུ་ལྷ་ཡི་ཞིང་ཁམས་ནས་རྒྱང་དུ་བཞུད་སོང་། ངའི་ཕུགས་འདུན་དང་རྨི་ལམ་གྱི་ཁ་དོག་ཇི་བཞིན་ཧ་ཅང་རྒྱང་རིང་རྒྱང་རིང་ཞིག་ལ་བུད་སོང་། དེ་ནི་ང་ལ་མཚོན་ན་མནར་གཅོད་ཅིག་དང་བློ་ཕམ་ཡིད་ཆད་ཀྱི་སེམས་བྱུང་འཁྲུངས་པའི་དུས་ཚོད་ཅིག་ཡིན་འདུགམཚན་ངོགས་དེའི་རླུང་བུ། གྲོང་ཁྱེར་འདིའི་ངོ་གདོང་ལ་དལ་གྱིས་ལྡང་དུས། སྦག་བཙོག་གིས་བསླད་པའི་ནད་འབུ་ཕྲ་རག་དུ་མ། ལེ་དབར་ཁྲག་ཁྲིག་གི་ཕ་མཐར་རྒྱང་དུ་སྤྱུགས་སོང་། མཚན་ངོགས་དེར། གྲོང་ཁྱེར་འདིའི་གློག་བཞུ་ཁྲ་ཆེམ་ཆེམ། མར་མེས་ཡོངས་སུ་བཀང་བའི་མཆོད་མེ་ཇི་བཞིན། འོད་མདངས་ཀྱིས་ཕྱུག་པའི་སྙིང་སྡུག་མའི་ཁྲ་ཆུང་གི་མིག་ཟུང་ལྟར། ང་ཁོ་ནའི་ཆེད་དུ་རང་ཤུགས་ཀྱིས་འབར་བཞིན་འདུག་ཨང་།
མཚན་ངོགས་དེར། ང་རང་ཁྱི་སྨྱོན་ཇི་བཞིན་གྲོང་ཁྱེར་དེའི་ཁུགས་སོ་གང་སར། ལྕགས་སྒྲོག་གི་བཀག་རྒྱ་མེད་པར་ཕྱོགས་བཞིར་འཕྱན། གྲོང་ཁྱེར་གྱི་མཚན་མོ་ཡོད་ཚད་ཁྲ་ཆིལ་ཆིལ་དུ་སྣང་ཞིང་། ཁྲ་ཆིལ་ཆིལ་དུ་སྣང་བའང་གྲོང་ཁྱེར་དང་གྲོང་ཁྱེར་བ་འབའ་ཞིག་རེད། གལ་ཏེ་ང་རང་མིང་དོན་མཚུངས་པའི་ཁྱི་སྨྱོན་ཞིག་ཡིན་ན་ཅི་མ་རུང་། ངས་ཀྱང་རང་དབང་གི་ཟུག་སྐད་ལ་བརྟེན་ནས། འདུ་འཛི་དང་ཟང་ཟིང་གི་ཀློང་དུ་བཟི་བའམ་སྨྱོ་བཞིན་པའི་གྲོང་ཁྱེར་བ་དག་གཉིད་ལས་དཀྲོག་དགོས་ཨང་།
མཚན་ངོགས་དེར། གྲོང་ཁྱེར་གྱི་ཡུལ་ལྗོངས་མཛེས་པོས་ང་རང་བཟི་བར་བྱས་ཀྱང་། གློག་འོད་འོག་གི་མུན་ནག་སྟུག་པོས་ང་རང་སྨྱོན་པར་བཏང་སོང་། དྲང་མོར་བརྗོད་ན། ཁོ་བོས་ཀྱང་གྲོང་ཁྱེར་བ་དག་དང་འདྲ་བར། ཆང་དང་བུད་མེད་ཁྲོད་མཚན་མོ་དེ་བདེ་བས་ལོངས་སུ་སྤྱད་ཆོག་མོད། ཁེར་རྐྱང་གི་བསླུ་བྲིད་དང་དཔེ་ཆ་ཞེས་པའི་རོགས་ཆུང་ལོའི་འདང་བརྩེ་དེ་དྲན་ན། སྒོ་མོ་བསྣན་ཏེ་ཁུ་སིམ་མེར་གྲོང་ཁྱེར་བ་དག་ལ་བསམ་གཞིག་བྱས་ནས་མི་འདུག་ཀ་མེད་བྱུང་།
གྲོང་ཁྱེར་དེར། ཤེས་ཡོན་ཅན་ཡོད་ལ་ཕྱུག་བདག་དང་དབང་གྲགས་ཅན་ཡང་ཡོད། མ་རེད། གྲོང་ཁྱེར་དེར་ཡོད་པ་ཆང་རྐྱལ་དང་སྨད་འཚོང་མ་འབའ་ཞིག་རེད། ད་དུང་། བོད་སྐད་འཆད་མི་ཤེས་པའི་བོད་ཀྱི་མཁས་དབང་ཚོའི་བསྟི་གནས་རེད། ཡི་གེ་མ་ཤེས་པར་སྨྱུ་གུ་ལག་ཏུ་ཐོགས་བཞིན་པའི་སྨྱུག་ཐོགས་པ་ཚོའི་གནས་མལ་རེད།
མཚན་ངོགས་དེར། གྲོང་ཁྱེར་གྱི་འདུ་འཛི་དང་ཟང་ཟིང་མིག་གིས་རིག་སྐབས། རྣ་ཡིས་ཐོས་སྐབས། སེམས་ཀྱིས་མྱངས་རྗེས། ངས་རང་བྱུང་ལྷིང་འཇགས་ཀྱི་ཕ་ཡུལ་དྲན་བྱུང་། ཕ་ཡུལ་གྱི་སྦྲ་གུར་དང་བ་བེའུ་སྒོ་ཟོག་ཚོ་དྲན་བྱུང་། མ་ཎི་ཡིག་དྲུག་ཁོ་ནས་མི་ཚེ་འགྲིམས་བཞིན་པའི་ཨ་ཕ་དྲན་བྱུང་། རྩེད་འཇོ་ཁོ་ནར་བཟི་བའི་བྱིས་པ་ཚོའི་ལྷད་མེད་ཀྱི་དགོད་སྒྲ་དྲན་བྱུང་། ད་དུང་། ང་ཁོ་ན་སྒོ་གསུམ་གྱིས་རེ་སྒུག་བྱེད་བཞིན་པའི་མཛའ་མོའི་བརྩེ་འདང་དྲན་བྱུང་།
གྲོང་ཁྱེར་དེའི་ཁུགས་སོ་འུར་སྒྲ་ཡིས་མྱོས་ཤིང་། འུར་སྒྲའི་ཁྲོད་མི་ཚེ་ཕུད་བཞིན་པའང་གྲོང་ཁྱེར་དང་གྲོང་ཁྱེར་བ་འབའ་ཞིག་རེད། ཡུན་རིང་ཞིག་ཞི་བདེ་ལ་མོས་ཤིང་ལྷིང་འཇགས་ལ་དགའ་བའི་ང་རང་། གྲོང་ཁྱེར་དེའི་མཚན་ཞག་གཅིག་ལའང་སྨྱོ་ལ་ཁད། འོན་ཀྱང་། ཁོ་བོས་འོ་དོད་དང་སྨྲེ་སྔགས་འདོན་ན་མི་འདོད། འཁང་ར་དང་ལེ་བདའ་བྱེད་མི་འདོད། ནད་གདུང་གིས་མནར་ཏེ་སྨན་ཁང་གི་མལ་ཁྲི་དཀྱུས་མ་ཞིག་གི་ཐོག་ཏུ་འགུལ་སྐྱོད་མི་ཐུབ་པའི་འཆི་ལ་ཉེ་བའི་ནད་པ་དག་རིག་ན། ཉེས་པ་འཆོར་ཏེ་མི་ཚེ་གང་བོ་ནག་རོག་རོག་གི་བཅོན་ཁང་དུ་འདུག་མཁན་དག་མཐོང་ཚེ། རྒྱུ་ནོར་གྱིས་དབུལ་ཞིང་སྤྱི་ཚོགས་ཀྱི་གནས་བབ་ཅི་ཡང་མེད་པའི་ཉམ་ཆུང་དག་སེམས་ཚེ། ངལ་ནུས་ཤོར་ཞིང་མུན་ནག་གི་ཀློང་དུ་འཚོ་བཞིན་པའི་དབང་བོ་སྐྱོན་ཅན་རྣམས་དྲན་ན། ཤྭ་འོད་དང་ས་ཡོམ་སོགས་ཀྱི་རང་བྱུང་གནོད་འཚེའི་འོག་རྨས་སྐྱོན་འཕོག་པའི་ཉམ་ཆུང་དག་ཡིད་ལ་འཁོར་ཚེ། ངས་སྨྲེ་སྔགས་དང་ཆོ་ངེ་འདོན་པ་གླེན་རྟགས་མིན་ན་ཅི་ཞིག་ཡིན།
མཚན་མོ་དེར་ང་རང་གྲོང་ཁྱེར་དུ་ཡོད། སྦག་བཙོག་དང་སྨུག་སྤྲིན་གྱིས་བཏུམས་པའི་གྲོང་ཁྱེར་དེའི་མཁའ་དབུགས་སྟུག་པོ་དག་མཐོང་དུས། ངས་སྔོ་ཞིང་སངས་ཤིང་སྤྲིན་དཀར་རང་གར་རྒྱུ་བའི་ཕ་ཡུལ་གངས་ལྗོངས་ཀྱི་གཡའ་དག་པའི་ནམ་མཁའ་དྲན་འོང་། ངས་ད་གཟོད་ཕ་ཡུལ་གྱི་འོ་ཇ་དཀར་ཡོལ་གང་གི་རོ་བཅུད་རྙེད་བྱུང་། གད་སྙིགས་དང་རྫོབ་དྲིས་མ་བསླད་པའི་ཡན་ལག་བརྒྱད་ལྡན་གྱི་ཕ་ཡུལ་གྱི་རྫ་ཆུ་བསིལ་མ་གང་གི་རིན་ཐང་རྟོགས་བྱུང་།
མཚན་ངོགས་དེར། ང་ཡི་ལུས་པོ་གྲོང་ཁྱེར་དུ་གནས་ཀྱང་། ང་ཡི་སེམས་པ་དམར་བོ་རྒྱང་རིང་གི་ཕ་ཡུལ་དུ་ཆས་ཟིན། ཕ་ཡུལ་ན་གཡང་དཀར་ལུག་གི་འབའ་སྐད་སྙན་ཞིང་། གྱི་ལིང་རྟ་ཕོའི་བང་རྩལ་མྱུར། ཕ་ཡུལ་གྱི་རི་བོ་ཆུ་ཡིས་བསྐོར་ཞིང་། ཕ་ཡུལ་གྱི་ཆུ་བོས་རི་བོ་བརླན་ཡོད། ཕ་ཡུལ་གྱི་མི་སེམས་མི་ཡིས་ཤེས་ཤིང་། ཕ་ཡུལ་དུ་ད་གཟོད་བདེ་སྐྱིད་ཅེས་པའི་ཐ་སྙད་ཅིག་གི་གོ་དོན་རྟོགས་ཐུབ།
མཚན་ངོགས་དེར། ངས་དེ་ལྟར་གྲོང་ཁྱེར་ནས་ཕ་ཡུལ་དྲན་འོང་། ཕ་ཡུལ་དང་ཕ་ཡུལ་གྱི་ཡོད་ཚད་དྲན་འོང་། རང་དབང་མེད་པར། ཕ་ཡུལ་སེམས་ལ་དྲན་འོང་། ཕ་ཡུལ་ཁོ་ན་མེ་ཏོག་བཞིན་སྙིང་ཁར་བཞད་འོང་། ནམ་ཡང་མཛེས་སྡུག་གིས་ངའི་སེམས་ཀྱི་གཞིས་ཀར་བཞད་འོང་།
༧ མྱང་ཆུའི་གཙང་ངོགས་དེར།
ད་ལྟ་དབྱར་མཇུག་ལ་ཐོན། ནམ་མཁའ་ནས་འབྲུག་གི་ངར་སྒྲ་བར་མེད་སྒྲོགས་ཤིང་། སྤྲིན་ནག་ལྡོམ་པོ་བར་མེད་རྒྱུ། ངས་དབྱར་མཇུག་དེའི་ཆར་སྒྲ་ལ་ཉན་བཞིན། བཞུད་ཟིན་པའི་ངའི་བརྩེ་དུང་གི་གཏམ་རྒྱུད་དེ་ཝ་ལེར་དྲན་འཛིན་གྱི་ཡོལ་བའི་ངོས་སུ་འཆར།ཆར་ཞོད་ཀྱི་ཀློང་དུ། ང་ལ་གྲང་ཅང་ཅང་གི་ཚོར་བ་གཏན་ནས་མིན་འདུག ཆར་བ་དེས་ངའི་ལུས་ཀྱི་ཡན་ལག་ཡོད་དོ་ཅོག་བརླན་པར་བྱས་ཀྱང་། ངའི་ནང་སྙིང་སྔར་བཞིན་དྲོད་ཁོལ་གྱིས་ཕྱུག་ཡོད།
བསྟུད་མར་ཉིན་གཉིས་གསུམ་ཙམ་ལ་ཆར་བ་བབས་པས། མྱང་ཆུའི་གཞུང་གི་གཙང་པོ་དེ་ཇེ་ཆེར་འཕེལ་ནས་མི་རྣམས་ལ་སྐྱི་གཡའ་བའི་འཇིགས་སྣང་ཞིག་ངང་གིས་བསྐྱལ་ཡང་། ང་ལ་འཁྱག་སིབ་སིབ་ཀྱི་ཚོར་སྣང་སྤུ་ཙམ་མེད་པར། དེ་ལས་ལྡོག་སྟེ་ངའི་ལུས་སེམས་ཧྲིལ་པོ་དྲོད་ཁོལ་གྱིས་བཀང་ཡོད།
ན་ནིང་གི་དབྱར་མཇུག་དེར། ང་དང་ངའི་སྙིང་གི་བུ་མོ་དེ་ལག་གདང་གཅིག་ཏུ་སྦྲེལ་ནས་མྱང་ཆུའི་གཞུང་དེར་དུས་ཆད་བཏབ་པ་བགྲང་གིས་མི་ལངས་ཤིང་། གནས་དེར་ངེད་གཉིས་པོས་འཆར་ཡན་ལས་འདས་པའི་བརྩེ་དུང་གི་ས་བོན་མང་དག་ཅིག་བཏབ། ན་ནིང་གི་དབྱར་མཇུག་དེར། ངེད་གཉིས་པོས་གནས་དེར་གོམ་ཁ་བསྒྱུར་ནས་དགའ་སྐྱིད་ཀྱི་འཛུམ་ཆུང་ལྷུག་ལྷུག་ཏུ་དགོད་བཞིན་པ་ཆུ་ནང་གི་ཉ་མོས་ཀྱང་བདེན་དཔང་བྱ་ངེས། འོན་ཀྱང་། ད་ཆ་གནས་དེ་ནི་ངེད་གཉིས་པོའི་དྲན་གསོ་བྱ་ཡུལ་ལས་གཞན་ཅི།
འདས་སོང་གི་མཚར་སྡུག་ལྡན་པའི་ལོ་ཟླ་དེ་དག སེ་གོལ་ཏོག་ཅིག་གི་ཡུན་ལ་མེ་ཏོག་བཞིན་ངའི་འཇིག་རྟེན་ན་བཞད་ཅིང་། འཇའ་ཚོན་བཞིན་ངའི་གཟུགས་འཛིན་དབང་པོའི་ལམ་ནས་ཡལ་དུས། སྔོན་ཆད་ཀྱི་དགོད་སྒྲ་འཆོར་ཡུལ་དེ་ད་ལྟ་མཆི་མ་འདོན་ཡུལ་གྱི་གཞི་རུ་གྱུར། སྔོན་ཆད་ལྗོན་ཤིང་གི་དགོད་ཁ་འཆོར་ཡུལ་དང་། མེ་ཏོག་གི་དྲི་བསུང་འཐུལ་ཡུལ་དེ། ད་ཆ་ལྗོན་ཤིང་གི་མགོ་བོ་དུད་ནས་མྱ་ངན་བྱེད་ཡུལ་དུ་གྱུར་ཞིང་། མེ་ཏོག་གི་དྲི་ངད་དག་ཀྱང་གྲང་རླུང་གི་བྱེད་གཏེ་སུ་ཞིག་གིས་རྨེག་མེད་དུ་བཅོམ་ནས་ལེ་དབར་སྟོང་གི་གནས་སུ་གྱར།
རྒྱུ་མཚན་ཅི་ཡིན་འཆད་དཀའ། ནམ་རྒྱུན་ང་རང་གོ་མེད་ཚོར་མེད་ངང་གནས་དེར་འགྲོ་རྒྱུར་དགའ། གལ་ཏེ་ང་རང་སེམས་པ་མི་སྐྱིད་པའི་དུས་སྐབས་ཤིག་ཡིན་ཚེ། ང་རང་མྱང་ཆུའི་གཙང་ངོགས་དེར་འགྲེངས་ཡོད་པ་ཁོ་ཐག་ཡིན།
གནས་དེར་ངས་ལྷ་ཡུལ་ལས་སྐྱིད་པའི་འཚོ་བ་ཞིག་བསྐྱལ་མྱོང་། སྔོན་ཆད། གནས་དེར་བུ་མོ་ཞིག་གི་འཛུམ་ཆུང་ལྷུག་ལྷུག་ཏུ་དགོད་ཞོར། ང་ཁོ་ན་སྒོ་གསུམ་གྱིས་རེ་སྒུག་བྱས་ནས་བསྡད་ཡོད། བུ་མོ་དེའི་སེམས་པ་མཐོ་སྒང་གི་སྔོ་བསང་ནམ་མཁའ་དང་ཆ་འདྲ་བར་ནག་ནོག་དང་གཡོ་ཟོལ་གྱི་བསླད་པ་མེད་པར། ཅི་འདྲའི་གཡའ་དག་པ་ཞིག་རེད་ཨང་། སྐབས་དེ་དུས། ངེད་གཉིས་པོས་སྤྱི་ཚོགས་ཀྱིས་སྦྱིན་པའི་གནོན་ཤུགས་ལ་སེམས་ཚེགས་བྱ་མི་དགོས་ལ། མང་པོ་མང་པོ་ཞིག་ལ་འདང་རྒྱག་བྱ་མི་དགོས་པར། ནང་སེམས་ཀྱི་བརྩེ་བ་དམར་བརྗེན་དུ་བཤམས་ཆོག དེ་དུས་ངེད་གཉིས་པོའི་བརྩེ་བ་ལ་ཐོབ་གོ་ས་དང་མཚན་སྙན་གྲགས་ཀྱི་ཤན་ཤུགས་མེད། དབུལ་ཕྱུག་གི་ཁྱད་པར་དང་རིགས་རུས་མཆོག་དམན་གྱི་འགག་སྒོ་མེད། ངེད་གཉིས་པོར་ཡོད་པ་ཁྱེད་ང་ལ་དབང་བ་དང་ང་ཁྱེད་ལ་དབང་བ་ཁོ་ན་ཡིན། གནས་དེ་ངེད་གཉིས་པོར་བརྩེ་བ་འཁྲུལ་མེད་ཅིག་ཡོད་པའི་དན་རྟགས་བྱ་ཡུལ་དང་། ངེད་གཉིས་པོའི་འབྱུང་འགྱུར་གྱི་མཛེས་སྡུག་འཚོ་བ་རྨི་ལམ་དུ་རྨིས་ཡུལ་ཡིན། ད་དུང་། ངེད་གཉིས་པོའི་མི་ཚེའི་ལོ་རྒྱུས་ཟིན་ཐོའི་ཁྲོད་ཁྲ་ལྷམ་མེར་བཞད་པའི་འདས་སོང་གི་གཏམ་རྒྱུད་ཆུན་པོ་ཞིག་ཀྱང་ཡིན།
ཁྱེད་ཀྱིས་དྲན་ནམ། ཆར་ཞོད་འབེལ་བའི་མཚན་མོ་དེར། ཁྱེད་རང་གྲང་རེག་གིས་གཙེས་ཏེ་ལུས་སེམས་ཧྲིལ་པོ་ཉེ་འགྲམ་གྱི་ལྗོན་པ་ཇི་བཞིན་འདར་ལྕུག་ལྕུག་བྱེད་བཞིན་པའི་སྐབས། ངས་དྲོད་ཁོལ་གྱིས་ཕྱུག་པའི་ལུས་སེམས་ཧྲིལ་པོ་ཁྱེད་ལ་འཁྲིལ་ཏེ་ཁྱེད་དམ་པོར་བྲང་ཁར་བསྡམས་པས། འཁྱག་གྲང་གིས་བསླུས་པའི་ཁྱེད་ཀྱི་སྙིང་ཁ་དྲོད་ཁོལ་གྱིས་ཕྱུག་ནས། ཁྱེད་ཀྱིས་ང་ལ་མཚན་མོ་དེ་ནི་ཤིན་ཏུ་ནས་དྲོད་ཁོལ་གྱིས་ཕྱུག་པའི་མཚན་མོ་ཞིག་ཡིན་པ་བརྗོད་ཅིང་། དྲོད་ཁོལ་གྱིས་གཏམས་པའི་མཚན་མོ་དེ་ཁྱེད་ཀྱིས་ནམ་ཡང་བརྗེད་མི་སྲིད་ཅེས་ཁོ་བོར་བརྗོད་མྱོང་བ་དྲན་ནམ།
མཐོ་འབྲིང་གི་སློབ་གྲྭའི་འཚོ་བ་ལ་རྫོགས་ཚིག་འགོད་པའི་ཉིན་དེར། ཁྱེད་ཀྱིས་ངའི་མིག་མཐའ་ནས་བཞུར་བའི་མཆི་མ་འབྱིར་ཞོར། ང་ལ་བཤད་པའི་སྙིང་གཏམ་དེ་ཨེ་དྲན་ནམ། སྙིང་གཏམ་དེ་ནི་ཅི་འདྲའི་ཡིད་སེམས་འགུལ་བ་ཞིག་ཡིན་པས་ངས་ད་རེག་བར་དུ་གཏན་ནས་བརྗེད་མ་མྱོང་སྟེ། "རོང་གྲོང་གི་འཚོ་བའི་གྲུ་ཟུར་ཞིག་ནས་ལག་ཆགས་ཤིང་། གཉོམ་དུང་དུང་གིས་སློབ་གཉེར་ལམ་བུ་འགྲིམས་པའི་ངའི་སྙིང་གི་ཉི་མ། མི་ཚེ་འདིར་བགྲང་དཀའ་བའི་གནད་དོན་མང་དག་ཅིག་གིས། ངེད་གཉིས་པོའི་ལས་དབང་ལ་ཁབ་གཙག་འབིག་གཙག་བྱས་ཀྱང་། སྐྱེ་བ་དེར། ང་ནམ་ཡང་ཁྱེད་ཀྱི་སྙིང་ཁར་བཞད་པའི་རྒྱ་སེ་མེ་ཏོག་དེ་ཡིན་པས། ངའི་གངས་དཀར་སེམས་ཀྱི་གཏད་སོ་དང་། ཁྲ་ཆུང་མིག་གི་གཏད་ཡུལ་ཁྱེད་ཁོ་ན་ལས་མེད། འཇིག་རྟེན་དེར། ང་ནམ་ཡང་ཁྱེད་ཁོ་ན་སེམས་ཀྱིས་འཚོལ་ངེས། དེ་ནི་ངས་ཁྱེད་ལ་བརྗོད་འདོད་པའི་སྙིང་ཁོང་གི་སྐད་ཆ་གཅིག་པུ་དེ་ཡིན་ལ། ངས་ནམ་ཡང་ཁྱེད་ལ་བརྗོད་ངེས་པའི་སྐད་ཆ་ཡོངས་རྫོགས་ཀྱང་ཡིན། "ཞེས་པ་དེ་ཁྱེད་ཀྱིས་ཨེ་དྲན་ནམ། དུས་ད་ལྟའི་བར། ཁྱེད་ཀྱི་སེམས་ཁོང་ལས་འཕྱུར་བའི་སྙིང་གཏམ་ལྗིད་པོ་དེ་ངས་རང་ཉིད་ཀྱི་མི་ཚེའི་མན་ངག་ཅིག་ཏུ་བསམས་ནས་ཁ་ནས་བར་མེད་འདོན་བཞིན་ཡོད།
སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ལོ་དེར། ཁྱེད་ཀྱི་ཨ་ཕས་ང་རང་བོས་ཏེ། ད་ནས་བཟུང་ཁྱེད་ཀྱིས་ངའི་བུ་མོར་འཁྲིལ་ནས་འདུག་མི་ཆོག གལ་ཏེ་དེ་ལྟར་མ་བྱས་ཚེ། ངའི་བུ་མོའི་སློབ་སྦྱོང་དང་འཚོ་བའི་ཐད་ལ་གནད་དོན་རེ་འབྱུང་ཚེ། ངས་ཁྱེད་ལས་སླ་པོར་འཇོག་མི་སྲིད་ཟེར། གློ་བུར་དུ་གྲགས་པའི་འབྲུག་སྐད་དེས། ངའི་སྙིང་ཁ་ཚར་བརྒྱར་བཏུབས་སོང་། ངའི་མིག་ཟུང་གི་རྫིང་རིང་བརྡོལ་ནས་མཆི་མའི་ཆར་རྒྱུན་འགྲམ་པའི་ལྗོན་རྩེ་ནས་བཞུར་སོང་། ངའི་སྐྱོ་གདུང་གི་སྤྲིན་ནག་ལ་བར་མཚམས་མེད། ཉིན་དེ་ནས་བཟུང་། ང་རང་ཁུ་སིམ་མེར་ཁྱེད་དང་རྒྱང་དུ་གྱེས་དགོས་བྱུང་སོང་། ཁྱེད་ཀྱིས་ང་འགན་འཁྲིའི་འདུ་ཤེས་ཅི་ཡང་མེད་པའི་མི་བུ་ཐ་ཤལ་བ་ཞིག་ཏུ་བརྩི་མི་ཉན། ངས་སྐད་ངག་ཆེན་པོས་ངུ་འབོད་བྱ་འདོད་ཀྱང་། ངའི་མིག་ཆུ་སྔ་མོ་ནས་ཐན་པས་གདུང་ཟིན། ངས་བློ་སྟོབས་ཆེན་པོས་ཁྱེད་ལ་རེ་ཞུ་བྱ་འདོད་ཀྱང་། ཁྱེད་ཀྱི་སེམས་པ་སྔ་མོ་ནས་འཆི་ཟིན། ཀྱེ། ངའི་སྙིང་ཉེ་བའི་མི། འདས་ཟིན་པའི་ལོ་ཟླ་དག་རྒྱང་དུ་མ་དོར། ཕ་མའི་བཀག་འགོག་དང་། མི་ཁ་ཡི་བར་ཆད། དུས་རབས་ཀྱི་ཐན་སྐད་སོགས་ཀྱིས་ཁྱེད་དང་ང་ལྟ་བུའི་ཉམ་ཆུང་གི་མི་བུ་དག་ལ་འཛེམས་བག་མེད་པའི་ཀུ་རེ་བྱེད་བཞིན་ཡོད་པས་ན། ཁྱེད་ཀྱིས་ཅིས་ཀྱང་འདས་སོང་དེ་ཆུ་མོའི་གཞུང་ལ་མ་བསྐུར། ཁྱེད་རང་ཅིས་ཀྱང་ཕྱིར་ལོག་གནོངས་དང་། ཁྱེད་རང་ཕྱིར་ལོག་གི་ཉི་མ་དེ་ནི་ངེད་མཉམ་འཛོམས་ཀྱི་ཉི་མ་ཡིན། ངས་ནམ་ཡང་ཁྱེད་རང་ཕྱིར་ལོག་པར་སྒུག་ཡོད། མྱང་ཆུ་གཙང་བོར་ཁྱེད་འདུག་རོགས་སུ་མཁོ་ལ། ངའི་མི་ཚེ་གང་པོར་ཁྱེད་ལྷག་ཏུ་མཁོ།
ཀྱེ། ངའི་སྙིང་ཉེ་བའི་མི། དབྱར་གཞུང་དེའི་མྱང་ཆུ་གཙང་བོ་སྔོན་མ་ལས་ལྡབ་འགྱུར་གྱིས་རྒྱས་པར་འཕེལ་འདུག་མོད། ངའི་སྙིང་ཁ་ནས་འཕྱུར་བའི་འགྱོད་གདུང་གི་མིག་ཆུ་གཙང་བོ་དེ་ལས་རིང་ཞིང་། ངའི་རེ་སྒུག་གི་འདུན་པ་གཙང་ངོགས་དེའི་རྦ་རླབས་བཞིན་བར་མཚམས་མེད་པར་ལང་ལོང་ངང་མཁའ་ལ་འཕྱུར་བཞིན་འདུག དོ་ནུབ་ང་སྔར་བཞིན་མྱང་ཆུ་གཙང་ངོགས་དེ་ན་ཡོད། དོ་ནུབ་ངས་མྱང་ཆུ་གཙང་བོ་ཁྱུར་མིད་བཏང་ཡང་ངའི་རེ་སྒུག་གི་སྐོམ་པ་སེལ་ཐབས་མིན་འདུག
༨ རྒྱང་རིང་གི་མཛའ་མོར་སྤྲིངས་པའི་འཕྲིན་ཡིག་ཁག་གསུམ།
འཕྲིན་ཡིག་ཁག་དང་པོ།
རྒྱང་རིང་རྒྱང་རིང་གི་འབྲོག་པའི་རྩྭ་ཐང་ཞིག་ན་ཁུ་སིམ་མེར་འཚོ་བའི་ངའི་སྙིང་གི་མཛའ་མོ། ལོ་ངོ་གསུམ་གྱི་སློབ་གྲྭའི་འཚོ་བ་ནི་བཞུད་ཟིན་པའི་ཁ་སང་གི་ཉི་མ་ཇི་བཞིན་ཅི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང་། བོར་ཟིན་པའི་ཁ་སང་གི་ཁྱེད་རང་། མེ་ཏོག་བཞིན་ངའི་འཇིག་རྟེན་ན་བཞད་ཅིང་སླར་ཡང་འཇའ་ཚོན་བཞིན་ངའི་འདྲེན་བྱེད་དབང་པོའི་ལམ་དུ་ཡལ་ཟིན་དུས། ཅི་ཡང་མེད་པའི་བུ་ཆུང་ང་ལ་སེམས་པ་རྨས་མ་ཞིག་གི་བརྩེ་བ་ཧྲལ་ཧྲུལ་ཞིག་ལས་ཅི་ཞིག་ལྷག་ཡོད་དམ། ཁྱེད་མེད་པའི་འཇིག་རྟེན་འདིའི་ལོ་ཟླ་རེ་རེར། ངས་ཁྱེད་དྲན་པའི་གདུང་བ་རེ་རེས་ང་ལ་ཉིན་མོ་ཟས་ཀྱི་བྲོ་བ་མྱོང་བའི་བསྐལ་བས་དབེན་ལ། བགྲོད་དཀའ་བའི་མཚན་མོ་རེ་རེར། མཚར་སྡུག་ལྡན་པའི་རྨི་ལམ་སྐྱིད་པོ་ཞིག་རྨི་བའི་གཉིད་ཀྱི་དང་ཁ་དང་ཡོངས་སུ་བྲལ་བ་ཁྱེད་ཀྱིས་ཨེ་ཤེས་ལགས།ཁྱེད་མེད་དུས། ངའི་ལུས་སེམས་ཧྲིལ་པོ་ཨ་ཐང་ཆད་དྲགས་པས། ང་རང་རྣམ་ཤེས་བོར་བའི་མི་བུ་མདོ་མེད་ཅན་ཞིག་ཏུ་གྱུར་བཞིན་ཡོད་པ་ཁྱེད་ཀྱིས་ཤེས་སམ། གལ་ཏེ། ཁྱེད་ཀྱིས་ཤེས་ཀྱིན་ཡོད་ན། ང་ལ་ཨ་ལན་མི་བྱིན་པ་ཅི་རེད། ཁྱེད་ཀྱིས་ངའི་མིག་ཟུང་ལས་བཞུར་བའི་མཆི་མའི་ཁྲག་རྒྱུན་དག་ལ་བསམ་བློ་གཏོང་ཨེ་མྱོང་། གཅིག་བྱས་ན། ཁྱེད་ཀྱིས་མཛེས་སྡུག་ལྡན་པའི་ང་གཉིས་ཀྱི་བརྩེ་བ་དྲོན་མོ་སྔ་མོ་ནས་ཆུ་མོའི་གཞུང་ལ་བསྐུར་ཟིན་ནས་ཁྱིམ་ཚང་གསར་བ་ཞིག་གི་འཚོ་བ་ལོངས་སུ་སྤྱོད་ཐུབ་རྒྱུར་སྟ་གོན་བྱེད་བཞིན་ཡོད་ངེས་ལ། གཅིག་བྱས་ན། ངས་ཁྱེད་དྲན་པ་ཇི་བཞིན་ཁྱེད་ཀྱིས་ཀྱང་ང་དྲན་བཞིན་ཡོད་ངེས། འོན་ཀྱང་། དེ་ལྟར་ཡིན་ན། ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་བ་ཅི་འདྲ་ཡིན་པ་ངས་མི་ཚོར་བ་ཅི་རེད།
ཁྱེད་ཀྱིས་ཤེས་སམ། ལོ་ངོ་གསུམ་གྱི་ཡར་སྔོན་དུ། ཁྱེད་ཀྱིས་ཧི་མ་ལ་ཡ་དཔང་དུ་བཙུགས་ནས། མ་ཕམ་གཡུ་མཚོར་སྨོན་ལམ་བཏབ་ནས་ང་དང་མི་ཚེ་མཐའ་སྐྱེལ་ཡོང་བའི་དམ་བཅའ་བཞག་པ་མིན་ནམ། ད་དུང་། ཁྱེད་ཆེན་པོ་ཆགས་རྗེས། ང་དང་ལྷན་དུ་དྭ་ཕྲུག་ཁང་ཞིག་བཙུགས་ཏེ་ཕ་མ་མེད་པའི་བུ་ཕྲུག་རྣམས་ལ་བྱམས་དང་བརྩེ་བས་གསོ་སྐྱོང་བྱ་རྒྱུ་ཡིན་པའི་ཕུགས་བསམ་རླབས་ཆེན་དག་ད་ཆ་སྟོང་བསམ་མཐའ་དག་ཏུ་གྱུར་བ་ཨེ་རེད། ཁྱེད་ཀྱིས་མ་འོངས་པའི་ང་གཉིས་ཀྱི་མཛེས་སྡུག་གི་རྨི་ལམ་ཡོད་དོ་ཅོག་གཏན་བརྗེད་དུ་སོང་བ་ཨེ་རེད། འོན་ཀྱང་། ངས་ཁྱེད་ཀྱི་བཞིན་རས་ལས་གྲོལ་བའི་འཛུམ་མདངས་དང་། ང་ལ་སྦྱིན་པའི་བདེ་སྐྱིད་ཀྱི་དགོད་སྒྲ། ཐ་ན། ཁྱེད་བཟའ་རྒྱུར་ཞེན་པའི་ཁྲོག་ལེ་དཀར་པོ་དང་། ཞོག་ཁོག་བག་ལེབ། ད་དུང་ཁྱེད་ཀྱི་ཡོད་ཚད་ཀྱི་ཡོད་ཚད་ད་བར་དུ་ངས་གཏན་ནས་བརྗེད་མྱོང་མེད་ཅེས་བཤད་ན་ཁྱེད་ཀྱིས་ཡིད་ཆེས་ཨེ་བྱེད།
ཁ་ཅིག་ན་རེ། ཁྱེད་ངོ་མ་གཏམ་འདོད་ཆེ་བའི་བུ་མོ་ཨ་གསར་ཅན་ཞིག་རེད་ཟེར། ཁྱེད་ཁ་བཤད་ལག་ལེན་དུ་མི་འཁྱོལ་བའི་བུ་མོ་སྟོང་བསམ་ཅན་ཞིག་རེད་ཟེར། འོན་ཀྱང་། ངའི་སྣང་ངོར། ཁྱེད་ནི་གཞུང་དྲང་གཤིས་རྒྱུད་བཟང་བའི་གངས་རིའི་བུ་མོ་རྣལ་མ་ཞིག་རེད་ཅེས་ཁྱེད་ལ་གྲངས་མེད་ལབ་མྱོང་། རྒྱུ་མཚན་ནི་ངས་ཁྱེད་ལ་བཅངས་པའི་བརྩེ་བ་རྒྱ་མཚོ་བཞིན་ཟབ་པས། ངས་ཁྱེད་ལ་རྒྱུས་མངའ་ཆེ་བས། ཐ་ན། ཁྱེད་ཀྱིས་མི་དགེ་བའི་བྱ་སྤྱོད་དག་ཀྱང་ངའི་སྣང་ངོར་དགེ་མཚན་དུ་མཐོང་བཞིན་ཡོད་པ་ཁྱེད་ཀྱིས་ཨེ་ཤེས། ཁྱེད་ཁོང་ཁྲོ་ལངས་སྐྱེན་ཡང་། ཁྱེད་ལ་འོ་མ་ལས་དཀར་བའི་ལྷག་བསམ་དང་བརྩེ་འདང་ཡོད་པས། ཡང་གཅིག་བཤད་ན། ཁྱེད་མ་མཐར་ཡང་ཁ་འཇམ་ཁོག་རྩུབ་ཅན་གྱི་བུ་མོ་ཞིག་མིན་པས། ངས་ཁྱེད་ལ་དགའ་མྱོང་བར་འགྱོད་པ་གཏན་ནས་སྐྱེས་མྱོང་མེད་ལ། ཁྱེད་དང་ལྷན་འདུག་གི་ཉིན་མོ་རེ་རེ་དང་ཆུ་ཚོད་རེ་རེ། ཐ་ན། ཁྱེད་དང་གཤིབ་ཅིང་འགྲོགས་པའི་སྐར་མ་རེ་རེ་དང་སྐར་ཆ་རེ་རེའང་ངས་རང་ཉིད་ནི་འཇིག་རྟེན་འདིའི་ཐོག་ཆེས་བདེ་སྐྱིད་ལྡན་པའི་མི་ཞིག་རེད་ཨང་སྙམ་པའི་དགའ་བ་དང་སྤྲོ་བ་བར་མེད་སྐྱེས་མྱོང་བ་ཁྱེད་ཀྱིས་ཨེ་ཤེས་ལགས། རྒྱུ་མཚན་ནི། ཁྱེད་ཀྱིས་ང་ལ་འཚོ་བ་ཞེས་པའི་སྣང་བརྙན་ཞིག་གི་མཛེས་སྡུག་སྦྱིན་པས་ཡིན་ལ། བདེ་སྐྱིད་ཅེས་པའི་ཐ་སྙད་གཅིག་གི་གོ་དོན་ཤེས་སུ་བཅུག་པ་ཡིན་པས། ངས་ཁྱེད་ལ་བཀའ་དྲིན་ཆེ་ཞུ་བ་ཡིན།
འཕྲིན་ཡིག་ཁག་གཉིས་པ།
ཉིན་མཚན་ཀུན་ཏུ་བརྗེད་དཀའ་ཞིང་དྲན་སྐྱེན་པའི་ངའི་སེམས་དབུས་ཀྱི་བུ་མོ་ལགས། མི་ཚེ་ནི་ནམ་ཡང་བྲིས་ནས་མི་ཚར་བའི་ལྷ་སྒྲུང་རིང་མོ་ཞིག་དང་འདྲ་བར་ཅི་འདྲའི་གསང་བ་ལྐོག་འགྱུར་ཞིག་རེད་ཨང་། དབྱར་དགུན་སྟོན་དཔྱིད་ཡང་དུ་ཡང་དུ་འདས་ཤིང་ངའི་སེམས་དབུས་ཀྱི་སྡུག་གི་སྡོང་ལོ་དེའང་དུས་ཀྱི་རྒྱུན་དང་འགྲོགས་ནས་རྩ་བ་ཚུགས་ཤིང་ལོ་འདབ་རྒྱས་བཞིན་མཆིས། རྒྱུ་ཡིས་དབུལ་ཞིང་རིག་གནས་ཀྱིས་སྟོང་བའི་ང་ལ་ཞེ་སྡང་དང་གཏི་མུག་གི་མ་རིག་པའི་ཡོན་ཏན་འགའ་ལས་གཞན་ཅི་ཡོད། འཁོར་བ་ནི་སྡུག་བསྔལ་ཡིན་པ་ཀུན་གྱིས་ཤེས་ཀྱང་། འདོད་ཆགས་ནི་སྡུག་བསྔལ་གྱི་འབྱུང་ཡུལ་ཡིན་པ་གསལ་བོར་རྟོགས་ཀྱང་། འཇིག་རྟེན་འདིའི་ཐོག་འཚོ་བའི་མི་རྣམས་ནི་སྔར་བཞིན་སྡུག་བསྔལ་གྱི་ལམ་བུར་བགྲོད་རྒྱུར་བྲེལ་བ་ནི་ཅི་འདྲའི་དགོད་བྲོ་ཨང་།སྙིང་ཉེ་བའི་བུ་མོ། དོ་ནུབ་ང་གཞིས་རྩེ་ན་ཡོད། ང་ཡང་ཁྱེད་འཕུར་ལྡིང་བྱེད་ཡུལ་གྱི་ནམ་མཁའ་འདིའི་འོག་ན་ཡོད་ཡཱ། འོན་ཀྱང་ཁྱེད་ཀྱིས་ང་གནས་འདིར་ཡོད་པ་ག་ལ་ཚོར། རྒྱུ་མཚན་ནི་དུས་ད་ཆ་ངའི་ཁ་པར་གྱི་ནང་དུ་ཁྱེད་ཀྱི་འབྲེལ་གཏུག་ཨང་གྲངས་མེད་ལ། སྔོན་ཆད་ཁྱེད་ཀྱི་ཁ་པར་ནང་དུ་ཡོད་པའི་ངའི་ཨང་གྲངས་ཀྱི་རྣམ་ཤེས་དེའང་སྔ་མོ་ནས་གཤིན་རྗེ་དཀར་ནག་ཟུང་དང་ལྷན་དུ་བར་མདོའི་ཁུགས་སོ་ཞིག་ན་རླུང་གིས་འཁུར་བའི་བྱ་སྒྲོ་བཞིན་ཁ་ཕྱོགས་མེད་པར་གང་སར་འཁྱམས་བཞིན་ཡོད་པས་ཡིན། གཉིད་མི་ཁུགས་པའི་མཚན་མོ་དེར། ང་ལ་གཉིད་ལ་ཡུར་བའི་སེམས་པ་དེ་ག་ལ་ཡོད། ངས་རང་ཉིད་ཀྱི་གོམ་ཁ་དེ་དཀར་གསལ་གྱི་མཚན་མོའི་གློག་སྒྲོན་འོག་དལ་གྱིས་བསྒྱུར་ཞིང་། ཁྱེད་དང་འུ་གཉིས་ཆེས་ཐོག་མའི་འདུ་འཛོམས་བྱེད་སའི་གཞིས་རྩེ་ཧྲང་ཧའེ་ལུས་རྩལ་ཕྱོགས་སུ་བུད་པ་ཡིན། གནས་དེ་ནས་ངས་རྫོགས་མཐའ་མེད་པའི་སྔར་སོང་གི་བརྩེ་དུང་གི་གཏམ་རྒྱུད་དུ་མ་གློག་བརྙན་བཞིན་རེས་མོས་ཀྱིས་འཆར་ཞིང་། ཡོད་ཚད་ཀྱི་ཡོད་ཚད་ནི་ཁ་སང་ངས་བལྟས་ཟིན་པའི་ལྷ་ཡི་སྒྲུང་རིང་བཞིན་ཅི་འདྲའི་མཚར་སྡུག་ཅན་ཞིག་རེད་ཨང་། མཚན་མོ་དེར། ངས་ཁྱེད་དང་ལྷན་འཛོམས་ཀྱི་ལོ་རྒྱུས་འཚོལ་སླད། ངས་ང་གཉིས་ཀྱི་བགྲོད་མྱོང་བའི་མྱང་ཆུ་གཙང་ངོགས་དང་། ཀུན་ཁྱབ་གླིང་ག ང་གཉིས་གཉིས་པོའི་མ་ཡུམ་སློབ་གྲྭ་གཞིས་རྩེ་མཐོ་འབྲིང་དང་པོ་སོགས་གནས་མང་པོ་ཞིག་སེམས་ཀྱིས་བསྐོར་བཞིན་ཡོད་པ་ཁྱེད་ཀྱིས་ཨེ་ཤེས།
ད་ལྟ་མཚན་མོའི་ཆུ་ཚོད་གཉིས་པར་ཐོན་འདུག ཁྱེད་རང་ཡུལ་གྲུ་དེའི་སྐྱེ་བོ་གཞན་པ་དང་འདྲ་བར་དྲིན་ཆེན་ཕ་མའི་བྱམས་བརྩེའི་དྲོད་ཁོལ་འོག་མཚར་སྡུག་ལྡན་པའི་རྨི་ལམ་གྱི་རྟ་ཕོ་ལ་བཅིབས་ནས་འཇིག་རྟེན་འཛུམ་མདངས་ཀྱིས་བསུ་བཞིན་ཡོད་ངེས། རེད་ཨང་། ཁྱེད་དང་ང་ནི་ལྷ་ཡི་རྫིང་རིང་ཡངས་མོའི་ངོས་རྒྱུ་བའི་ཉི་ཟླ་ཟུང་དང་འདྲ་བར་མཉམ་འཛོམས་ཀྱི་བསྐལ་བ་ཞེས་པ་གང་ན་ཡོད། ཁྱེད་འཕུར་ཤུལ་ན་ངའི་རྐང་རྗེས་མེད་ལ། ངའི་བགྲོད་ལམ་གྱི་ཐོག་ཏུ་ཁྱེད་ཀྱི་གྲིབ་གཟུགས་ཀྱིས་དབེན། ཁྱེད་ལ་རང་ཉིད་ལ་དབང་བའི་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཡོད་པས། ང་དང་ལྷན་དུ་འདམ་རྫབ་ཀྱིས་གང་བའི་རྐང་ལམ་ཕྲ་མོར་ག་ལ་བགྲོད་ཉན། ཁྱེད་ལ་རང་ཉིད་ལ་དབང་བའི་ཕ་གཞིས་དྲོན་མོ་ཞིག་ཡོད་པས། ང་དང་ལྷན་དུ་འཁྱམས་པོའི་འཚོ་བ་ལ་ག་ལ་རོལ་སྲིད། ཁྱེད་ང་དང་ཞལ་གྱེས་པ་ནི་ཁྱེད་ཀྱིས་ཡང་དག་པའི་གདམ་ཁ་ཞིག་ཡིན་ངེས། ངས་ནམ་ཡང་ཁྱེད་ལ་སྨོན་ལམ་འདེབས་ངེས། ངས་ཁྱེད་ལ་བཀའ་དྲིན་ཞུ་ངེས། རྒྱུ་མཚན་ནི་ཁྱེད་ཀྱིས་ང་ལ་ཡར་རྒྱས་ཀྱི་འཕར་རྩ་རྒྱས་སུ་བཅུག་ཅིང་། ང་ལ་དཀའ་བ་མཐའ་དག་འཛུམ་གྱིས་བསུ་བའི་སྙིང་རུས་དང་བློ་སྟོབས་སྦྱིན་པས་ཡིན།
འཕྲིན་ཡིག་ཁག་གསུམ་པ།
སྙིང་གི་བུ་མོ། ང་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེ་ནི་བཞུད་ཟིན་པའི་ལོ་ཟླ་བཞིན་ཁུ་སིམ་ངང་འོང་ཞིང་ཁུ་སིམ་ངང་དེ་ལྟར་བུད་ཟིན། སྔར་སོང་གི་ལོ་ཟླའི་ནང་ང་ལ་ཐོབ་འོས་པ་མཐའ་དག་ཐོབ་བྱུང་ལ། བོར་ངེས་པའང་དེ་ལྟར་བོར་སོང་། འོན་ཀྱང་། ཐོབ་འོས་པ་ཐོབ་བྱུང་བར་ངར་དགའ་ཚོར་སྐྱེ་དགོས་དོན་མིན་འདུག་ལ། བོར་འོས་པ་བོར་ཟིན་ཀྱང་ངར་སྐྱོ་བ་ཅི་ཡང་མིན་འདུག ང་ལ་མཁོ་བ་ནི་སང་ཉིན་ཡིན་པས། ངས་དེ་རིང་གི་དུས་ཚོད་སྐར་ཆ་ཙམ་ལའང་བརྩོན་ལེན་བྱས་ཏེ་མཛེས་སྡུག་ལྡན་པའི་སང་ཉིན་གྱི་ཉིན་མ་དེར་བསུ་བ་ཞུ་དགོས། རེད་ཡཱ། ང་དེ་ལྟར་རྒས་མི་རུང་། ངས་ལང་ཚོ་དེ་ལྟར་འཕྲོ་བརླག་ཏུ་གཏོང་མི་ཉན། ངས་བྱས་པའི་ལས་ལ་རྗེས་ཅུང་ཟད་རེ་འཇོག་པར་མི་ནུས་ཀྱང་སྐྱེས་པའི་མི་ལ་མིང་ཞིག་ངེས་པར་མཁོ་ངེས། གྲོགས་པོ་ལགས། ཁྱེད་ཀྱིས་ང་ལ་མཐོང་ཆུང་དང་འཕྱ་སྨོད་མི་བྱ་བར་འཚལ། ང་ལ་མི་ཁ་དང་བར་ཆད་མི་བྱེད་པར་འཚལ། ང་ཡང་ཁྱེད་དང་འདྲ་བའི་མི་ཞིག་ཡིན་པའི་ཆ་ནས། ཁྱེད་ལ་མཁོ་བའི་ལ་རྒྱ་དང་། བརྩི་བཀུར། རེ་སྨོན་མཐའ་དག་ང་ལའང་མཁོ་ངེས། ཁྱེད་ཀྱིས་ང་ལ་འཛུམ་མདངས་སྦྱིན་དང་། ང་ཡིས་ཁྱེད་ལ་ཡིད་ཆེས་དང་བརྩི་བཀུར་བྱ་ངེས། ཁྱེད་ཀྱིས་ང་གང་ཟག་མི་རུ་བརྩིས་དང་། ང་ཡིས་ཁྱེད་ཐར་པ་དང་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་སྒོམ་ཆོག ཁྱེད་ཀྱིས་ང་ལ་རེ་བ་དང་གསོན་ཤུགས་སྦྱིན་དང་། ངས་ཁྱེད་ལ་བདེ་སྐྱིད་དང་དྲོད་ཁོལ་སྦྱིན་ངེས། བུ་མོ་ལགས། ཁྱེད་རང་སོང་ཞིག ཁྱེད་རང་ཇོ་མོ་གླང་མའི་ཡང་རྩེ་ནས་རང་དབང་གིས་བཞུད་ཅིག ངས་ཁྱེད་ལ་སྡང་སེམས་མི་སྐྱེས། ངས་ཁྱེད་ལ་དམོད་མོ་དང་མཆི་ཞགས་འཕེན་མི་སྲིད། ཁྱེད་རང་བདེ་བར་ལམ་ལ་ཞུད་ཅིག དུས་ད་ཆ་ངས་འཁོར་བ་ནི་མི་རྟག་པ་ཡིན་པའི་ཆོས་ཉིད་ལ་གོ་བ་ལེན་ཤེས། སྐྱིད་མི་རྟག་རྩྭ་ཁའི་ཟིལ་བ་འདྲ་ཞེས་པའི་སྐད་ཆ་དེའི་གནས་ལུགས་ཤེས། དུས་ནམ་ཞིག ཁྱེད་ཀྱིས་རང་ཉིད་ཀྱི་དགའ་སའི་སྐྱེས་པ་ཞིག་དང་ལྷན་དུ་ལག་རྡང་དཔུང་སྦྲེལ་ངང་ངའི་འདྲེན་བྱེད་དབང་པོའི་ལམ་དུ་རྒྱུ་ཚེ་ན། ངས་སྔར་རྒྱུན་བཞིན་འཛུམ་གྱིས། བུ་མོ་ལགས། ཁྱེད་གང་ལ་འགྲོའམ་ཞེས་ཁ་བརྡ་བྱེད་ངེས་ཡིན་པས། ཁྱེད་རང་བདེ་བར་བཞུད་ཅིག༩ དྲན་པའི་གདུང་དབྱངས།
ནམ་རྒྱུན། སྐྱོ་གདུང་གིས་མནར་བའི་སེམས་པ་ལྕི་མོ་ཞིག་རུམ་ལ་བཅུག་ནས་རང་ཁྱིམ་གྱི་སྒོ་ཆུང་དེར་གོམ་ཁ་བསྒྱུར་ཐེངས་རེར། ཁྱེད་ཀྱི་བྱམས་བརྩེ་ལས་འཁྲུངས་པའི་འཛུམ་མདངས་ཁོ་ན། ངའི་སྙིང་ཁ་ཕྲ་མོར་དྲོད་ཁོལ་སྦྱིན་པར་བྱེད་མཁན་གྱི་དགུན་གསུམ་གྱི་མེ་སྟག་ཉག་གཅིག་ཡིན། ད་དུང་། ཁྱེད་ཀྱི་འོ་ཇ་དང་སྣུམ་གཟན་སོགས་ཀྱང་་་་་་་་་་་ནམ་རྒྱུན། འདུ་འཛི་དང་དྲི་ངད་ཀྱིས་ཕྱུག་པའི་གྲོང་ཁྱེར་གྱི་མི་ཚོགས་སྟུག་པོའི་ཁྲོད། ཁེ་ཕན་དང་དབང་ཐང་རྩོད་ནས་སེམས་པ་ཕྲ་མོ་སྡུག་གི་དམྱལ་བར་བརྫངས་ཐེངས་རེར། རྒྱང་རིང་གི་རི་གྲོང་ནས་མཆེད་པའི་ཨ་མའི་གསུང་ངག་གི་དབྱངས་རྟ་སྙན་མོ་ཁོ་ན། ངའི་ལུས་སེམས་གསོ་བའི་བདུད་རྩི་སྨན་མཆོག་འབའ་ཞིག་ཡིན།
ནམ་རྒྱུན། ངའི་རྣམ་ཤེས་ཀྱི་དབང་རྩར་གོད་ཆག་ཐེབས་ནས། བག་མེད་རྒྱས་སྤྲོད་ཀྱི་འཚོ་བའི་ཁྲོད། རྣམ་གཡེང་དང་ལེ་ལོའི་ཁྲོད་མི་ཚེ་གཏོང་ཐེངས་རེར། ཨ་མའི་སྙིང་ཁ་ནས་འཕྱུར་བའི་ཤ་ཚའི་གདམས་ངག་ཁོ་ན། ངའི་མི་ཚེ་ལ་འོད་སྣང་སྦྱིན་པར་བྱེད་མཁན་གྱི་ལམ་སྟོན་སྒྲོན་མེ་ཉག་གཅིག་ཡིན།
ཨ་མས། བྱམས་བརྩེ་དང་མིག་རྒྱང་རུམ་གང་བཟུང་ནས། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་རེ་རེའི་ངོ་གདོང་ནས་འགྲེང་སྟེ། རྒྱང་རིང་གི་བུ་ཆུང་ང་ལ་སྨོན་ལམ་འདེབས་བཞིན་པ་བགྲང་གིས་མི་ལང་། ཨ་མ། ཁྱེད་ཀྱི་ཡོད་ཚད་བུ་ཕྲུག་གི་ཆེད་དུ་འཚོ་ཞིང་། ཁྱེད་ཀྱི་ལང་ཚོ་བུ་ཕྲུག་གི་ཆེད་དུ་སྟོང་། ཐ་ན། ཁྱེད་ལྔ་པའི་ལམ་དུ་བཞུད་པའི་མཇུག་མཐའི་དུས་སྐབས་སུའང་ཁྱེད་ཀྱི་ཞལ་ནས་མ་ཎི་བཞིན་འདོན་གྱིན་པ་ནི་སྔར་བཞིན་བུ་ཕྲུག་གི་མིང་བྱང་ཁོ་ན་རེད། ཨ་མ། ཁྱེད་ནི་བླ་མ་དཀོན་མཆོག་སུ་ཞིག་གིས་མི་ཡུལ་དུ་བཏང་བའི་སྐྱབས་མགོན་ཡིན།
ཨ་མ། ཁྱེད་བུད་སོང་། ཁྱེད་རང་ནུབ་ཁའི་མཚམས་སྤྲིན་གྱི་ཀློང་དུ་དལ་བུར་བཞུད་སོང་། ཁྱེད་ཕེབས་ཤུལ་དུ། ངས་ཁྱེད་ལ་ཅི་ཞིག་སྒྲུབ་ནུས། ང་ལ་རྫོགས་མཐའ་མེད་པའི་མིག་ཆུའི་ཕྲེང་རྡོག་འགའ་ལས་ཅི་ཡང་མེད་པས། ཨ་མ། ང་ཇི་ལྟར་བྱ། ཁྱེད་བུད་པས། ངའི་དྲན་གདུང་རི་རབ་ལས་ལྕི་ཞིང་། ངའི་མིག་ཆུ་གཙང་བོ་ལས་རིང་། ཁྱེད་བུད་པས། ངའི་འཇིག་རྟེན་ལ་ཁ་བ་རྟག་ཏུ་བབས་པས། ངའི་ཕྱི་ནང་གསང་གསུམ་གྱི་སྙིང་གཏམ་ཡོད་དོ་ཅོག་སུ་ཞིག་ལ་སྨྲས་ན་ཆོག་གམ། རེད་ཨང་། ཨ་མ་ལགས། ངས་ཁྱེད་ལ་ཆད་པ་བགྲང་གིས་མི་ལང་། ང་ནི་འཇིག་རྟེན་འདིའི་སྟེང་འཚོ་བའི་ལག་དམར་བ་ཞིག་རེད། ངའི་དོན་དུ་ཁྱེད་རང་རྒས་སོང་། ངའི་དོན་དུ་ཁྱེད་རང་སྟོང་སོང་། འོན་ཀྱང་། ཨ་མ་ལགས། ཁྱེད་རང་བདེ་བར་ཕེབས་ཤིག ཁྱེད་ཀྱི་བསམ་མེད་བུ་ཕྲུག་ངས་དབྱར་ཁའི་དུས་སུ་ཁྱེད་ལ་མེ་ཏོག་སྟོང་གིས་མཆོད་པ་འབུལ་ངེས་ལ། དགུན་ཁའི་དུས་སུ་མཆོད་མེ་སྟོང་གིས་ཁྱེད་ལ་རྗེས་དྲན་བྱེད། སྐབས་དེ་དུས། ཁྱེད་ཀྱིས་བུ་ཆུང་ང་ལ་སྤྱན་གྱིས་གཟིགས་རོགས། སེམས་ཀྱིས་བསྒོམ་རོགས། འབྱམས་ཀླས་པའི་མུན་ནག་གི་ཕ་མཐའ་ནས་ངས་ཁྱེད་ཀྱི་ལང་ཚོ་དང་འཇོ་སྒེག་རྨིས་བཞིན་ཡོད་ལ། ལུག་ཁྱུ་དང་ནོར་གནག་གི་རྨིག་སྒྲའི་ཀློང་ནས་ངས་ཁྱེད་ཀྱི་ཞབས་རྗེས་འཚོལ་བཞིན་ཡོད་ཡཱ།
ཨ་མ་ལགས། གལ་ཏེ་འཇིག་རྟེན་འདིར་སྐྱེ་བ་སྔ་ཕྱི་ཞེས་པ་ཞིག་ཡོད་པ་ཚད་མར་འཁུམས་ན། ང་གཉིས་སླར་ཡང་མ་བུར་གྱུར་བར་སྨོན། ཁྱེད་རང་ཅིས་ཀྱང་ངའི་བུ་ཕྲུག་ཏུ་གྱུར་བར་སྨོན། སྐབས་དེ་དུས། ངས་ཀྱང་ཚེ་གཅིག་ལུས་གཅིག་གི་ལང་ཚོ་ཁྱེད་ཀྱི་ཆེད་དུ་ཕུལ་ནས། ཁྱེད་ལའང་ཨ་མ་ཞིག་གི་དྲོད་ཁོལ་དང་བརྩེ་བ་སྦྱིན་འདོད། ཨ་མ་ལགས། ངའི་སྙིང་གི་ཕྱེད་ཀ་འདྲ་བའི་ཡིད་འོང་གི་ལྷ་མོ་ཁྱེད། ངའི་འཇིག་རྟེན་གྱི་མིག་ཟུང་ལྟ་བུའི་རྒྱང་རིང་གི་ན་ཟུག་ཁྱེད། ཨ་མ་ལགས། ངའི་མི་ཚེ་འདིར་བྱོན་པའི་བསླུ་མེད་ཀྱི་དཀོན་མཆོག་གསུམ་པོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com